ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༠/༠༨

ང་ཚོས་ཤེས་རྟོགས་དཀའ་བའི་ཆབ་སྲིད་བཙོན་ཟུར་གྱི་དཀའ་ངལ།


བོད་མི་ཚོས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོ་ནི་རང་རིགས་ཀྱི་དཔའ་བོ་དཔའ་མོར་བརྩིས་མྱོང་བའི་གནས་སྟངས་དེར་ད་ལྟ་འགྱུར་བ་ཐེབས་པ་དང་། རྒྱ་ནག་གཞུང་གི་སྲིད་ཇུས་ཤིག་གིས་ད་ལྟ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོ་བོད་ཀྱི་སྤྱི་ཚོགས་ནས་ཁེར་རྐྱང་ལ་ཕུད་པ་དང་མཐའ་ལ་དེད་ནས་འཚོ་བ་སྐྱེལ་ཁག་པོ་ཆགས་བཞིན་པར་དོ་སྣང་བྱེད་དགོས་པ་ཉམས་ཞིབ་པ་དབང་ལྡན་སྐྱབས་ལགས་ཀྱིས་་འབོད་སྐུལ་ཞུ་བཞིན་འདུག

དབང་ལྡན་སྐྱབས། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་འགན་འཛིན།
དབང་ལྡན་སྐྱབས། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་འགན་འཛིན།

ཚེས་༡༩་ནས་༢༡་བར་ཏེ་ཉིན་གསུམ་གྱི་རིང་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ལ་མགོ་ལོག་དར་ལག་རྫོང་ནས་རུབ་རྡུང་བྱུང་བ་དང་སྨན་བཅོས་མ་རག་པ། དགོན་པར་མཆོད་མཇལ་མ་བཏང་བ། གནས་སྐོར་ལ་འགྲོ་རུ་མ་བཅུག་པ། མཐར་ས་གནས་དེ་ནས་རུབ་འཛིན་གྱིས་བཙན་སྐུལ་ངང་ས་གནས་གཞན་དུ་བཏང་བ་སོགས་ཀྱི་མྱོང་ཟིན་ཞིག་ཕྱི་ལ་བསྒྲགས་ཡོད། དེའི་ནང་དུ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཆུ་ཚོད་༣༦ རིང་ལ་ཟས་བཅད་པ་དང་གཉིད་བཅག་པའི་དཀའ་ངལ་བཟོས་པ་སོགས་ཞིབ་འབྲི་བྱས་ཡོད་པ་རེད། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་འགན་འཛིན་དབང་ལྡན་སྐྱབས་ལགས་ཀྱིས་གསུང་དོན་ལྟར་ན། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རང་གིས་གང་མྱངས་པ་རྣམས་མ་གསང་མ་སྐྲག་པར་ཕྱི་བསྒྲགས་བྱེད་པ་དེའི་རྒྱུ་མཚན་ནི་ཁོས་གང་གནང་བ་རྣམས་རྒྱ་ནག་དམར་ཤོག་གཞུང་གི་རྩ་ཁྲིམས་ལ་འགལ་གི་མེད་པས་ཡིན་ཞིང་། ཡང་ཁོང་རང་བོད་སྐད་ཡིག་སྲུང་སྐྱོབ་པ་ཞིག་གི་ངོས་ནས་ཁོས་མྱོང་བ་རྣམས་རྒྱ་ཡིག་ནང་འབྲི་དོན་ནི་བོད་ནང་གི་སྲིད་ཇུས་དེ་དག་ལ་རྒྱ་ནག་དབུས་གཞུང་གི་མགོ་ཁྲིད་ཚོས་བསྐྱར་ཞིབ་དང་དོ་སྣང་ཞིག་ཡོང་རྒྱུའི་དམིགས་ཡུལ་འཛིན་བཞིན་པར་ངོས་འཛིན་ཞུ་བཞིན་འདུག

བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཟིན་ཐོ་དེའི་ནང་དུ་ཁ་གསལ་བོ་ཡོད་པ་ཞིག་ནི་ཁོ་རང་མགྲོན་ཁང་དུ་སོང་ཚེ་མགྲོན་ཁང་དེར་གནོད་སྐྱེལ་གི་འདུག་ཅེས་དང་ཡང་དགོན་པར་མཆོད་མཇལ་དུ་སོང་ན་དོ་དམ་པས་དགོན་པར་གནོད་སྐྱེལ་གི་འདུག་ཅེས་སྒོའི་ཕྱི་ལ་ཕུད་པ་དེའི་སྐོར་ནས་རེད། དབང་ལྡན་སྐྱབས་ལགས་ཀྱིས་བརྗོད་ན་སྣང་ཚུལ་འདི་གསར་བ་གང་ཡང་མ་ཡིན་ཞིང་། ཡང་བཀྲ་ཤིས་དབང་ཕྱུག་ལགས་ཁོ་ནར་འཕྲད་ཀྱིན་པའི་དཀའ་ངལ་ཞིག་མ་ཡིན་པ་མ་ཟད། བོད་ནང་གི་ཆབ་སྲིད་བཙོན་ཟུར་ཡོངས་དང་ཐ་ན་ཉིན་གཅིག་གཉིས་ལ་སྤྱི་བདེ་ལས་ཁུངས་སུ་འབོད་འགུག་གིས་འདྲི་རྩད་བྱེད་མྱོང་མཁན་ཞིག་ཡིན་ཡང་། དབྱེ་འབྱེད་དང་སུན་བཙེར། མཐའ་འདེད་ཀྱི་སྲིད་ཇུས་ནག་པོ་འདིའི་རྙི་རྒྱའི་ནང་ནས་ཐར་ཐུབ་ཀི་མེད་པ་རེད།

signature-campaign for Tashi Wangchuk
signature-campaign for Tashi Wangchuk

དབང་ལྡན་སྐྱབས་ལགས་ཀྱིས་བརྗོད་རྒྱུར། ཆབ་སྲིད་བཙོན་ཟུར་ཚོར་ཉི་མ་རེ་རེ་ལ་འཕྲད་བཞིན་པའི་དཀའ་ངལ་འདི་རིགས་དཀའ་ངལ་ཆུང་ཆུང་ཞིག་མ་རེད། འདི་ལ་གཞུང་གི་སྲིད་ཇུས་རིམ་པའི་དཀའ་ངལ་དང་། བཙན་ཤེད་དང་གནོན་ཤུགས་རིམ་པའི་དཀའ་ངལ། སེམས་ཁམས་ཀྱི་གནོན་ཤུགས་རིམ་པའི་དཀའ་ངལ། ཐ་ན་སྤྱི་ཚོགས་རང་བཞིན་ཀྱི་གནོན་ཤུགས་རིམ་པ་ཞིག་ཡོད། དཔེར་བརྗོད་ཅིག་བཞག་ན། འགྲུལ་བཞུད་སོགས་ས་གནས་གང་དུ་མགྲོན་ཁང་ཞིག་ཏུ་ཐོ་འགོད་བྱེད་རྒྱུ་སོགས་གང་ཡིན་ཡང་རྒྱ་སྐད་དུ་(身份证)་འམ་ཐོབ་ཐང་དཔང་ཡིག་ལ་བརྟེན་དགོས་པ་ཆགས་ཡོད་པས། རྒྱ་ནག་གིས་ཐོ་གཞུང་ནག་པོར་བཅུག་པ་དང་ལྟ་རྟོག་འོག་ཡོད་པ་བོད་པའི་ཆབ་སྲིད་བཙོན་ཟུར་སུ་ཡིན་ཡང་དབྱེ་འབྱེད་དང་སུན་བཙེར་དེ་ལས་ཐར་ས་མེད་པ་རེད། ཐ་ན་ཚོང་ལས་ཆུང་ཆུང་ཞིག་གཉེར་བར་ཡིག་ཆ་ཞིག་བཟོ་དགོས་རུང་ཐོ་གཞུང་དེར་ཚུད་ཚར་ཚེ་ཆོག་མཆན་རག་གི་མེད་པ། ཐ་ན་ཉེས་ཅན་ཐོ་གཞུང་དེའི་ནང་ཚུད་པའི་བོད་པ་ཚོ་སོ་སོའི་ཁྱིམ་ཐོ་ནས་འབུད་དགོས་བྱུང་གི་ཡོད་པ་སྟེ། ཁྱིམ་ཐོ་དེ་ནས་ཕྱི་ལ་མ་ཐོན་ཚེ་ཕ་མ་དང་སྤུན་མཆེད། བཟའ་ཟླ་དང་ཕྲུ་གུ། ཚ་བོ་ཚ་མོ་སོགས་ཁྱིམ་ཐོ་དེར་ཡོད་པ་ཡོངས་ལ་ལས་དོན་ཅི་ཞིག་སྒྲུབ་ཀྱང་དཀའ་ངལ་འཕྲད་གི་ཡོད་པས། བོད་མི་མང་པོ་ཁྱིམ་ཐོ་ནས་ཐོན་དགོས་བྱུང་བ་དང་། ལྷག་པར་བོད་པའི་ཕྱོགས་ནས་བལྟས་ན་དཔའ་བོ་དང་དཔའ་མོར་བརྩི་འོས་པའི་ཆབ་སྲིད་བཙོན་ཟུར་ཚོ་ནི་ཟུར་དུ་ཕུད་དེ། ད་ལྟ་སྤྱི་ཚོགས་ཀྱི་ཁོར་ཡུག་ཏུ་རུ་སྡེ་ཚོ་བའི་ནང་ནས་མི་དེའི་རིགས་ལ་གཡོལ་དགོས་པ་དང་རྒྱང་ཐག་བཅད་དགོས་པའི་སྲིད་ཇུས་ཤིག་ཁྱབ་བཞིན་འདུག་ཅེས་འགྲེལ་བརྗོད་གནང་སོང་ལ། ཡང་དབང་ལྡན་སྐྱབས་ལགས་ཀྱིས་མུ་མཐུད་དུ། དཔེར་བརྗོད་གཞན་ཞིག་ལ། བོད་ནང་ནས་ཐེངས་གཉིས་ལ་བཙོན་འཇུག་བྱེད་མྱོང་མཁན་ཆབ་སྲིད་བཙོན་པ་ཞིག་གིས་རང་གི་བཟའ་ཟླ་དང་བྱིས་པ་བཞག་ནས་འགྲོ་དགོས་བྱུང་འདུག དེའི་རྒྱུ་མཚན་གཙོ་བོ་ནི་ཁོ་རང་ཁྱིམ་ཚང་དུ་བསྡད་ན་ཁྱིམ་ཚང་ལ་གནོད་སྐྱེལ་གི་ཡོད་པར་བཤད་ཅིང་། དེའི་རྗེས་ཁོ་རང་གཟུགས་པོ་བདེ་ཐང་མེད་པར་སྨན་བཅོས་བྱེད་པའི་དངུལ་མེད་པར་ལྷག་འདུག ཡང་དཔེར་བརྗོད་གཞན་ཞིག་ལ། དབུས་ཕྱོགས་ཀྱི་བཙོན་པ་ཞིག་བཙོན་གྲོལ་རྗེས་སུ་ནང་མི་ལས་ལོགས་སུ་ཐོན་དགོས་བྱུང་བས། མཐར་འཚོ་བ་སྐྱེལ་མ་ཐུབ་པར་བཙོན་གྲོགས་ཁ་ཤས་ཀྱིས་དངུལ་བསྡུས་ནས་འཚོ་རྟེན་སྤྲོད་དགོས་བྱུང་ཡོད། མི་ཞིག་ཡིན་ན་འགྲོ་བསྐྱོད་རང་དབང་དང་བསམ་བློའི་རང་དབང་། འཚོ་གནས་རང་དབང་ཞིག་དགོས་པ་རེད་དེ་མི་ཞིག་ལ་འདི་ཚང་མ་མེད་པ་ཆགས་དུས། ཐ་ན་སོ་སོའི་འཚོ་གནས་ཀྱང་དཀའ་ངལ་ཞིག་ཆགས་བཞིན་པ་འདི་བོད་མི་གཅིག་དང་ས་ཁུལ་གཅིག་གི་དཀའ་ངལ་མ་རེད། འདི་བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གིས་ཉེས་འཛུགས་སྣ་ཚོགས་བྱེད་བཞིན་པའི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་ཡོངས་ཀྱིས་ཉི་མ་རེ་རེ་ལ་གདོང་ལེན་བྱེད་དགོས་བྱུང་བའི་དཀའ་ངལ་རེད། ཅེས་ཀྱང་ངོ་སྤྲོད་གནང་སོང་།

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག

བོད་ནང་གི་ཆབ་སྲིད་བཙོན་ཟུར་ཚོ་མི་ཚེ་ཧྲིལ་བོར་རྒྱ་ནག་གི་ལྟ་རྟོག་དང་དོ་དམ་འོག་ནས་ངོ་བོ་མི་འདྲ་བའི་བཙོན་པ་ཞིག་གམ་སྤྱི་ཚོགས་ཀྱི་བཙོན་པར་འགྱུར་བཞིན་པ་འདིའི་སྐོར་ལ་བཙན་བྱོལ་བོད་མི་དང་ཉམས་ཞིབ་སྡེ་ཚན་ཁག་གིས་དོ་སྣང་བྱེད་པ་འདང་གི་མེད་པ་མངོན་གསལ་ཡིན་པས། འདིའི་ཐོག་ལ་བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཁང་། གཞུང་འབྲེལ་མིན་པའི་སྡེ་ཁག་ནས་ཐབས་ཤེས་བེད་སྤྱོད་དང་གཙིགས་ཆེར་བཟུང་ནས་དོ་སྣང་བྱེད་དགོས་ཞེས་དབང་ལྡན་སྐྱབས་ལགས་ཀྱིས་འབོད་སྐུལ་ཞུས་སོང་།

འབྲེལ་ཡོད།

XS
SM
MD
LG