ངོ་འཕྲད་བདེ་བའི་དྲ་འབྲེལ།

༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིས་རང་དབང་སྒེར་ལངས་བྱས་པ་དང་དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྟོན་འཁོར་ལྷན་རྒྱས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། ལོ་རྒྱུས་ཀྱི་གནས་ཚུལ་དེ་དག་བོད་པ་མི་རབས་གསར་པ་ཚོས་ཤེས་རྟོགས་ཐུབ་ཆེད་འབྲེལ་ཡོད་མི་སྣར་བཅར་འདྲི་དང་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ། ལེ་ཚན་དྲུག་ཅན་གྱི་དམིགས་བསལ་ལས་རིམ་ཞིག་ཆེད་བསྒྲིགས་ཞུས་ཡོད། དེ་ཡང་གསུམ་བཅུའི་སྒེར་ལངས་ཀྱི་སྔ་ནུབ་ལ་སྐུ་སྲུད་མདའ་དཔོན་སྟག་ལྷན་ཕུན་ཚོགས་བཀྲིས་ལགས་རྒྱ་མིའི་དམག་སྒར་དུ་གྲ་སྒྲིག་ཞུ་སྒོར་ཞིབ་འཇུག་ཆེད་ཕེབས་དགོས་ཞེས་བཤད་པ་བཞིན་ཕེབས་སྐབས། རྒྱ་མིའི་དཔོན་རིགས་ཚོས་དངོས་གཞིའི་ཆིབས་སྒྱུར་ཉིན་རྒྱུན་ལྡན་གྱི་སྐུ་སྲུང་སོགས་ཁྲིད་མི་ཆོག་པ་སོགས་སྔར་དང་མི་འདྲ་བའི་ཕེབས་སྒྲིག་ཞུ་སྒོ་བཙན་འགེལ་བྱས་ཡོད་པ་དང་། གནས་ཚུལ་དེ་ལྷ་སའི་མི་མང་ཚོས་ཐོས་འཕྲལ་བོད་མི་ཚོར་བློ་དྭོགས་ཆེན་པོ་བྱུང་ནས་ཕྱི་ཟླ་གསུམ་པའི་ཚེས་བཅུའི་སྔ་དྲོ་བོད་མི་སྟོང་ཚོ་མང་པོ་ནོར་གླིང་ཕོ་བྲང་མཐའ་བསྐོར་དུ་འདུ་འཛོམས་བྱས་ནས་༸གོང་ས་མཆོག་རྒྱ་མིའི་དམག་སྒར་ལ་ཕེབས་གནང་ཕྱིར་བཤོལ་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་སོགས་ཀྱི་སྐོར་ལ་རྣམ་རྒྱལ་ཤཱསྟྲིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
XS
SM
MD
LG