ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༡

ཐེ་ཝན་པ་ཞིག་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་ནས་བསད། 


Tseng Sheng-kuang (jayjonathan.tseng/Facebook)
Tseng Sheng-kuang (jayjonathan.tseng/Facebook)

༄༅།། ཡུཀ་རེན་གྱི་དམག་འཁྲུག་ནང་དུ་ལོ་ན་༢༥་ལ་སོན་པའི་ཐེ་ཝན་གྱི་དང་བླངས་རྒྱབ་སྐྱོར་དམག་མི་ཙེང་ཧྲེང་ཀྭང་ཞེས་པ་ཞིག་གི་ཚེ་སྲོག་ཤོར། ཡུཀ་རེན་གྱི་དམག་འཁྲུག་དེར་རྒྱལ་སྤྱིའི་དང་བླངས་དམག་མི་༡༧༠༠༠་ཡས་མས་ཤིག ཞུགས་ཡོད་ཅིང་། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་རྒྱལ་སྤྱིའི་དང་བླངས་དམག་མི་༡༥༤་ལ་སྲོག་སྐྱོན་ཕོག ཕྱི་ཟླ་༡༡་པའི་ཚེས་༦་ཉིན་ཧྥ རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཙེང་ཧྲེང་ཀྭང་ནི་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་སྲོག་སྐྱོན་བྱུང་བའི་ཐེ་ཝན་གྱི་དང་བླངས་དམག་མི་ཐོག་མ་དེ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་ས་གནས་ཀྱི་གསར་འགྱུར་ལས་ཁང་ཁག་གིས་ཐེ་ཝན་པ་༡༠་ཡས་མས་ཤིག་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་ཏེ་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ། ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ལུ་ཧན་ཛིཀ་གྲོང་ཁྱེར་དུ་དམག་འཁྲུག་བརྒྱབ་པའི་སྐབས་སུ་ཙེང་ཧྲེང་ཀྭང་ལ་རྨས་སྐྱོན་ཕོག་སྟེ་ཁྲག་འགོག་མ་ཐུབ་པར་སྲོག་སྐྱོན་བྱུང་བ་རེད་ཅེས་གསར་འགྱུར་སྤེལ། གཟའ་སྤེན་པའི་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ང་ཚོའི་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་གིས་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་རང་སྲོག་བློས་བཏང་སྟེ་རྒྱལ་ཁབ་དེའི་རང་དབང་དང་དམངས་གཙོར་སྲུང་སྐྱོབ་བྱས་པ་རེད། ང་ཚོས་ལྷག་བསམ་རྣམ་དག་གིས་འདས་པོ་དེའི་བཟའ་མི་ཚོར་གདུང་སེམས་མཉམ་སྐྱེད་དང་སེམས་གསོ་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ། ཙེང་ཧྲེང་ཀྭང་ནི་ཐེ་ཝན་གྱི་ཡུལ་བདག་མི་རིགས་ཨེ་མི་སི་ཞེས་པའི་ཚོ་ཤོག་གི་མི་ཞིག་ཡིན་ཞིང་། འདས་པོ་དེའི་ཆུང་མས་ལོ་འདིའི་ཕྱི་ཟླ་༦་ནང་དུ་ཁྱོ་ག་ཡུཀ་རེན་ལ་ཕྱིན་པ་དང་ཁ་བརྡ་མཐའ་མ་དེ་ཕྱི་ཟླ་༡༠་པའི་ཚེས་༢༣་ཉིན་བྱས་པ་ཡིན། ཁོ་པ་ཉིན་ལྔའི་རིང་ལས་འགན་ཞིག་བསྒྲུབ་ཏུ་བསྐྱོད་དགོས་ཟེར་གྱི་འདུག བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་འཐབ་གྲོགས་ཤིག་གིས་ང་ལ་ཙེང་ཧྲེང་ཀྭང་དམག་ས་ནས་རྨས་ཏེ་སྨན་ཁང་དུ་ཁྱེར་བའི་ལམ་དུ་གྲོངས་སོང་ཞེས་འཕྲིན་ཐུང་ཞིག་བསྐུར་བྱུང་། ངའི་ཁྱོ་ག་ནི་མི་དྲང་པོ་དང་དྲང་བདེན་གཙིགས་སུ་འཛིན་མཁན་ཞིག་ཡིན་ཞེས་བཀྲལ། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཐེ་ཝན་པ་ཚོས་ཡུཀ་རེན་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༥་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་གླིང་རྒྱལ་ཁབ་ཀྱི་དང་བླངས་པ་ནིན་ཇཱའམ། ཊ་རེ་ཝོར་ཇཱལ་ཌལ་ཞེས་པ་ཞིག་ལའང་ཡུཀ་རེན་གྱི་གྲོང་གསེབ་ཅིག་ཏུ་སྲོག་སྐྱོན་ཕོག ཁོ་པ་ཨོ་གླིང་གི་ཁུན་སི་ལན་ཌི་ནས་ཡིན་པ་དང་དམག་འཁྲུག་གི་ཉམས་མྱོང་མེད། སྲིད་གཞུང་གི་བཤོལ་འདེབས་ལའང་མ་མཉན་པར་ལོ་འདིའི་ཕྱི་ཟླ་༣་པའི་ནང་དུ་ཡུཀ་རེན་ལ་རྒྱབ་སྐྱོར་དུ་བསྐྱོད། ལོ་ན་༤༠་ཐམ་པར་སོན་པའི་ཨོ་གླིང་བ་དེ་བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་ལུ་ཧན་ཛིཀ་ས་གནས་སུ་འཐབ་འཁྲུག་དྲག་པོ་བརྒྱབ་སྟེ་ནེབ་སེ་ཀེ་གྲོང་གསེབ་བཅིངས་འགྲོལ་བཏང་བའི་སྐབས་དེར་བསད། ཇཱལ་ཌལ་མ་ཤི་བའི་ཆུ་ཚོད་བཞིའི་སྔོན་དེར་ཨོ་གླིང་རུ་ཤོག་གི་འཐབ་མོ་བ་ཞིག་གིས་འཐབ་གྲོགས་གཞན་ལ་ཇཱལ་ཌལ་གྱིས་ཨུ་རུ་སུའི་དམག་ལ་འཐབ་རྒོལ་དང་ཡུཀ་རེན་གྱི་རང་དབང་དོན་དུ་བློ་གཅིག་སེམས་གཅིག་གིས་འཐབ་རྒོལ་བྱེད་ཀྱི་འདུག ངས་ཉིན་དེར་ཇཱལ་ཌལ་ལ་བདེ་པོ་ཡིན་ནམ་ཞེས་འཚམས་འདྲི་ཞུས་པ་ཡིན། ཁོང་གིས་ཀྱང་ང་ལ་ཅི་འདྲ་འདུག་ཅེས་འཚམས་འདྲི་བྱས་བྱུང་། ཇཱལ་ཌལ་ལ་ཕྱི་ཟླ་༧་ནང་དུ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཟླ་བ་གཉིས་ལ་སྨན་བཅོས་བྱས་པ་རེད། ཕྱི་ཟླ་༩་པའི་ཟླ་དཀྱིལ་དུ་དྲག་སྐྱེད་བྱུང་སྟེ་སླར་ཡང་དམག་སར་ཕྱིན་པ་དང་སེམས་ཐག་གཙང་བཅད་རེད། ཉིན་དེའི་འཐབ་འཁྲུག་ནི་ཧ་ཅང་གི་ཛ་དྲག་པོ་ཞིག་བྱུང་སོང་ཞེས་འཕྲིན་ཐུང་ཞིག་བསྐུར། ད་ལོའི་ཕྱི་ཟླ་༨་པའི་ནང་དུ་ཨོ་གླིང་གི་ཁུན་སི་ལན་ཌིའི་ཕོ་གསར་ལོ་ན་༢༧་ལ་སོན་པའི་ཇཱེ་ཌི་ཝི་ལིམ་ཌ་ན་ཧེ་ཟེར་བ་ཞིག་ཀྱང་ཡུཀ་རེན་གྱི་ཨི་ཛུམ་ས་གནས་སུ་དམག་འཁྲུག་ནང་དུ་བསད། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གདུང་ཤུགས་དྲག་པོས་འབོད་སྐུལ་ཞུས་པའི་རྗེས་སུ་ཨོ་གླིང་བ་དེ་རྣམས་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༢༣་ཉིན་ཨ་རིའི་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་གཅིག་གི་ནང་དུ་ཨ་རི་བ་གཉིས་དང་ཁེ་ན་ཌིའི་མི་ཞིག སུད་ཌེན་བ་ཞིག་བཅས་ཡུཀ་རེན་གྱི་རྒྱལ་སྤྱིའི་དང་བླངས་དམག་མི་བཞི་ལ་ཌོ་ནེ་ཛིཀ་ས་གནས་སུ་སྲོག་སྐྱོན་ཕོག ཡུཀ་རེན་གྱི་རྒྱལ་སྤྱིའི་དང་བླངས་དམག་དཔུང་བཀོད་འདོམས་པས་ཨ་རི་བ་གཉིས་དང་ཁེ་ན་ཌའི་མི་གཅིག སུད་ཌེན་བ་གཅིག་བཅས་མི་བཞི་ལ་ཕྱི་ཟླ་༧་པའི་ཚེས་༡༨་ཉིན་སྲོག་སྐྱོན་ཕོག་སོང་། ཁོ་ཚོ་ཡུཀ་རེན་གྱི་མངའ་ཁོངས་སྲུང་སྐྱོབ་དམག་དཔུང་གྲས་ཀྱི་དམིགས་བསལ་དཔུང་སྡེ་ཞིག་ཡིན། ཁོ་ཚོའི་རུ་ཤོག་དེ་སི་ཝེར་སིཀ་ས་གནས་སུ་འགྲེམ་འཇོག་བྱས་པ་དང་ཨུ་རུ་སུའི་བཙན་འཛུལ་དམག་གིས་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱས་པ་རེད། ཨུ་རུ་སུའི་དཔུང་འཇུག་འགོག་པར་ཕྱི་རྒྱལ་གྱི་འཐབ་མོ་བ་ཚོ་སི་ཝེར་སི་ཀི་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་སུ་ཡོད་པའི་ཧི་རི་ཧོ་རིབ་ཀ་གྲོང་གསེབ་ཏུ་འགྲེམ་འཇོག་བྱས་པ་ཡིན། སྐབས་དེར་ཨུ་རུ་སུའི་དམག་གིས་གཙང་པོ་བརྒལ་ནས་དཔུང་འཇུག་བྱེད་ཀྱི་ཡོད་པ་དང་ཕྱི་རྒྱལ་གྱི་འཐབ་མོ་བ་ཚོས་ཨུ་རུ་སུའི་དཔུང་འཇུག་བཀག་སྟེ་གྲུབ་འབྲས་ཐོན། ཧ་ཅང་ཕངས་པ་ཞིག་ལ་ལྐོག་ཏུ་ཡིབ་ཡོད་པའི་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་ཞིག་གིས་མེ་སྒྱོགས་བརྒྱབ་ནས་མི་གསུམ་རྨས། དེ་ནས་སླང་ཡང་མེ་སྒྱོགས་བརྒྱབ་སྟེ་མི་བཞི་པོ་སྡེབ་ཏུ་བསད་པ་རེད་ཅེས་འགྲེལ་བཤད་བརྒྱབ་འདུག

ཡུཀ་རེན་གྱི་དམག་འཁྲུག་གི་མགོ་སྟོད་དེར་ཕྱི་སྲིད་བློན་ཆེན་ཀུ་ལ་བྷས་རྒྱལ་ཁབ་༥༢་ནས་ཡོང་བའི་ཕྱི་རྒྱལ་གྱི་དང་བླངས་དམག་མི་ཁྲི་ཚོ་༢་ལྷག་ཡོད་ཅེས་བསྒྲགས། ཨོ་གླིང་བ་ཅི་ཙམ་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་ཡོད་མེད་གྲངས་འབོར་གསལ་པོ་ཞིག་མི་རྙེད། གསར་འགོད་པ་ཚོས་ཨོ་གླིང་བ་༢༠༠་ནས་༦༠༠་མས་ཤིག་ཡུཀ་རེན་ལ་དམག་རོགས་སུ་ཕྱིན་ཏེ་ཨུ་རུ་སུའི་བཙན་འཛུལ་ལ་འཐབ་རྒོལ་བྱེད་ཀྱི་འདུག ཨོ་གླིང་བ་ཚོར་ཉམ་ཆུང་ལ་སྲུང་སྐྱོབ་དང་བཙན་པོར་ཁ་གཏད་གཅོག་པའི་རང་གཤིས་ཤིག་ཡོད་པ་ཕྱི་ལ་བསྟན་པ་རེད་ཅེས་གནས་ཚུལ་སྤེལ། དབྱིན་ཇིའི་གཞུང་གིས་རང་གི་སྤྱི་དམངས་དམག་སྦྱོང་ཐོབ་པ་དང་དམག་འཁྲུག་གི་ཉམས་མྱོང་ཅན་རྣམས་ཡུཀ་རེན་ལ་རྒྱབ་སྐྱོར་དུ་བསྐྱོད་དགོས་ཞེས་སྐུལ་ལྕག་གཏོང་གི་ཡོད་ཀྱང་ཨོ་གླིང་གཞུང་གིས་རང་གི་སྤྱི་དམངས་རྣམས་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་རྒྱུར་བཤོལ་བ་བདབས། ཨོ་གླིང་གི་རྩ་ཁྲིམས་སུ་རྒྱལ་ཁབ་དེའི་སྤྱི་དམངས་རྣམས་རྒྱལ་ཁབ་གཞན་ཞིག་གི་དམག་འཁྲུག་ལ་ཞུགས་པ་དང་དམག་ཁོངས་སུ་ཞུགས་རྒྱུ་ཁྲིམས་འགལ་ཡིན་མོད། ཡིན་ནའང་ཨོ་གླིང་ཚོ་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་ནས་ལོ་འདིའི་ཕྱི་ཟླ་༥་པའི་ནང་ཊ་སི་མེ་ཎི་ཡ་ས་ཁུལ་གྱི་ཕྲུ་གུ་གསུམ་གྱི་ཨ་ཕ་སྟེ། ལོ་ན་༤༧་ལ་སོན་པའི་མེ་ཁེལ་ཨོ་ནེལ་ཞེས་པ་ཞིག་ཀྱང་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་བསད། ཨོ་གླིང་གི་སྲིད་བློན་ཨལ་བྷ་ནེ་སིས་ཇཱལ་ཌལ་གྱི་ཚེ་སྲོག་ཤོར་བ་ནི་ཆག་སྒོ་ཞིག་རེད། ང་ཚོའི་འདས་པོ་དེའི་བཟའ་མི་སྤུན་གྲོགས་སོགས་ལ་སེམས་གསོ་ཞུ་རྒྱུ་དང་ཨོ་གླིང་བ་རྣམས་ཡུཀ་རེན་གྱི་དམག་འཁྲུག་ལ་མ་ཞུགས་ན་ལེགས་ཞེས་བཤོལ་འདེབས་བྱ་རྒྱུ་ཡིན། ཨུ་རུ་སུའི་བཙན་འཛུལ་དམག་འཁྲུག་བསླངས་ནས་ཨོ་གླིང་གཞུང་གིས་ཡུཀ་རེན་ལ་དང་བླངས་དམག་མི་གཏོང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་གསལ་བསྒྲགས་སྤེལ།།

ད་ལྟ་ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ཟླ་བ་བརྒྱད་ལྷག་འགྲོ་བཞིན་ཡོད་པ་དང་ཉེ་ཆར་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་ཁྲི་ཚོ་༧་ལྷག་བསད། ཡུཀ་རེན་གྱི་དམག་མི་ཁྲི་ཚོ་༢་ལྷག་ལ་སྲོག་སྐྱོན་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ད་དུང་ཡང་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀ་དགུན་གྱི་དུས་སུ་དམག་འཁྲུག་རྒྱུན་འཁྱོངས་བྱ་རྒྱུའི་གྲ་སྒྲིག་ལ་བྲེལ། ཡུཀ་རེན་གྱི་དམག་འཁྲུག་འདི་ཅི་ཙམ་ཡུན་བསྲིངས་ན་དེ་ཙམ་གྱི་ཕྱོགས་གཉིས་ཀྱི་དམག་མི་དང་རྒྱལ་སྤྱིའི་དང་བླངས་དམག་མི་ཚོར་སྲོག་སྐྱོན་འཕོག་རྒྱུ་མང་དུ་འགྲོ་རྒྱུ་ཡིན་ཞིང་། དེ་རིང་ཕྱི་ཟླ་༡༡་པའི་ཚེས་༧་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུས་ཨི་རན་ནས་ནང་འདྲེན་བྱས་པའི་ཁ་ལོ་བ་མེད་པའི་འཕུར་གྲུས་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་ལ་གཏོར་རྒོལ་བྱས་ནས་མི་གྲངས་ས་ཡ་མང་པོར་གློག་དང་འཐུང་ཆུ་ཆད། ཀིབ་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་གྲོང་མི་ས་ཡ་༤་ལྷག་གནས་སྤོར་བྱ་དགོས་ཟེར། དེ་བཞིན་ཁ་སང་གཟའ་ཉི་མའི་ཉིན་ཡུཀ་རེན་གྱིས་ཕར་རྒོལ་བྱས་ནས་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ཁར་སན་གྲོང་ཁྱེར་ལ་གློག་དང་འཐུང་ཆུ་བཅད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཁའ་དབྱིངས་སྲུང་སྐྱོབ་མཚོན་ཆ་རོགས་རམ་སྤྲད་པ་རྣམས་འཕྲོད། ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ང་ཚོས་ནུབ་ཕྱོགས་པའི་མཚོན་ཆ་འདི་ཚོས་ཨུ་རུ་སུའི་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་བར་སྣང་དུ་གཏོང་ཐུབ། ཨ་རི་དང་ནོར་ཝེ། སི་པེན་རྣམས་བཀའ་དྲིན་ཆེ་ཞེས་དགའ་བསུ་ཞུས། ཟླ་བ་སྔོན་མར་འཇར་མན་གཞུང་གིས་ཀྱང་ཡུཀ་རེན་ལ་མཁའ་དབྱིངས་སྲུང་སྐྱོབ་མཚོན་ཆ་རོགས་རམ་སྤྲད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG