ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་མཁའ་དབྱིངས་སུ་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་འཕུར་སྐྱོད།


ཐེ་ཝན་གྱི་F16 འཐབ་འཛིང་གནམ་གྲུས་རྒྱ་ནག་གི་H-6K རྟགས་ཅན་ལ་ལྟ་རྟོག་བྱེད་བཞིན་པ།

ཕྱི་ཟླ་༦་པའི་ཚེས་༩་ཉིན་ཐེ་ཝན་གྱི་ལྷོ་ནུབ་མཁའ་དབྱིངས་སུ་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ཁག་ཅིག་འཕུར་སྐྱོད་བྱས་པར་ཐེ་ཝན་གྱི་གནམ་དམག་གིས་ཕར་བསྐྲདརྒྱ་ནག་གི་འཐབ་འཛིང་གནམ་གྲུ་དེ་རྣམས་ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་སཱུ་༣༠་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཡིན་ཞིང་། སཱུ་༣༠་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེ་རྣམས་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ཆེས་ཡར་ཐོན་ཅན་རྣམས་ཡིན་འདུག ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཐེ་ཝན་གྱི་གནམ་དམག་གིས་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དེ་རྣམས་ཐེ་ཝན་གྱི་མཁའ་དབྱིངས་ནས་ཕྱིར་ལོག་བྱ་དགོས་ཞེས་ངག་ཐོག་ཏུ་ཉེན་བརྡ་བཏང་སྟེ་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དེ་རྣམས་ཕྱིར་སྐྲོད་བྱས་པའི་གནས་ཚུལ་ཐོན། ཉེ་བའི་ཟླ་ཤས་ཤིག་ནས་རྒྱ་ནག་གི་གནམ་དམག་དང་མཚོ་དམག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་གྱི་མངའ་ཁོངས་སུ་སིམ་འཛུལ་བྱ་རྒྱུ་ཇེ་མང་དུ་སོང་། རྒྱ་ནག་གིས་ཐེ་ཝན་མཚོ་འགག་ལ་འཐབ་འཛིང་གནམ་གྲུ་གཏོང་བའི་དམག་སྦྱོང་དེ་ཚོ་རྒྱུན་ལྡན་མ་ཡིན་པ་ཞིག་མིན་ཞེས་བཀྲལ། ཐེ་ཝན་དང་རྒྱལ་སྤྱིའི་ཉམས་ཞིབ་པ་ཁག་ཅིག་གིས་འཛམ་གླིང་ཧྲིལ་པོ་ཏོག་དབྱིབས་རིམས་ནད་ལ་མགོ་འཐོམས་ཡོད་པའི་དུས་སུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་དང་དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག་ཅེས་གླེང་། རྒྱ་ནག་གིས་ཀྱང་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ཀྱང་ཁྱད་པར་མེད། ཐེ་ཝན་རང་བཙན་བྱེད་དུ་འཇུག་རྒྱུ་མིན་ཞེས་སྡིགས་ར་སྐུལ་གྱི་ཡོད་པ་རེད།།

ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ང་ཚོས་རང་གི་མཁའ་དབྱིངས་མངའ་ཁོངས་དང་དེའི་གཡས་གཡོན་ཀུན་ཏུ་སྲུང་སྐྱོབ་བྱས་ནས་ལྟ་རྟོག་བྱེད་བཞིན་ཡོད། ང་ཚོས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཕར་རྒོལ་གྱི་གྲ་སྒྲིག་ཆ་ཚང་བྱས་ཡོད། ༢༠༢༠་ལོའི་ཕྱི་ཟླ་དང་པོའི་ཚེས་༢༣་ནས་ད་ལྟའི་བར་དུ་རྒྱ་ནག་གི་དམག་དོན་གནམ་གྲུ་ཁག་ཐེ་ཝན་གྱི་མཁའ་དབྱིངས་ཉེ་འཁྲིས་སུ་སིམ་འཛུལ་ཐེངས་དགུ་བྱས་སོང་ཞེས་བསྒྲགས། ཕྱི་ཟླ་༢་པའི་ཚེས་༡༠་རྒྱ་ནག་གི་གནམ་གྲུ་དེ་རྣམས་མཚོ་འགག་ཕྱོགས་གཉིས་ཀྱི་ས་ཐིག་བརྒལ་ནས་ཐེ་ཝན་གྱི་མཁའ་དབྱིངས་སུ་སིམ་འཛུལ་བྱས། འོན་ཀྱང་དེའི་རྗེས་སུ་ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་ཁག་ཅིག་གིས་འཕྲལ་དུ་ཐེ་ཝན་གྱི་མཁའ་དབྱིངས་སུ་སྐོར་གཡེང་བྱས་འདུག རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སུ་ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་འཐབ་འཛིང་གནམ་གྲུ་དྲག་གྲས་རྣམས་བཏང་ནས་སྡིགས་ར་བསྐུལ། ཐེ་ཝན་གྱིས་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པའི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཏང་ནས་འགོག་རྒོལ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ནི་ཁ་བྲལ་རིང་ལུགས་པ་ཡིན་པ་དང་ཁོ་མོས་ཐེ་ཝན་རང་བཙན་གསལ་བསྒྲགས་བྱ་རྒྱུ་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་ཀྱང་ཚེ་དབྱིན་ཝེན་གྱི་ཐེ་ཝན་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན། ཐེ་ཝན་གྱི་གཞུང་འབྲེལ་མིང་ལ་ཀྲུང་ཧྭ་མིན་གོ་ཟེར་གྱི་ཡོདཀྲུང་ཧྭ་མིན་གོ་ཞེས་པའི་རང་བཙན་རྒྱལ་ཁབ་ཅིག་ལོགས་སུ་ཡོད་པར་རྒྱ་ནག་གིས་ངོས་ལེན་བྱ་དགོས། རྒྱ་ནག་ཞི་བདེ་མཉམ་གནས་བྱ་རྒྱུ་དེར་གོམས་འདྲིས་སུ་འགྲོ་དགོས་ཞེས་ཟླ་བ་སྔོན་མར་སྲིད་འཛིན་གྱི་ལས་ཁུར་ཐེངས་གཉིས་པ་བཞེས་པའི་ཁྲི་སྟོན་མཛད་སྒོའི་ཐོག་ཏུ་ནན་བརྗོད་བྱས་འདུག

ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་ནས་བཟུང་། ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པར་མ་ཟད། ཨ་མི་རི་ཀའི་མཚོ་དམག་དང་གནམ་དམག་རྣམས་ཐེ་ཝན་མཚོ་འགག་ལ་སྐོར་སྐྱོད་བྱ་རྒྱུ་མང་དུ་བཏང་ཡོད་པ་སྟེ། དེ་རིང་གཟའ་མིག་དམར་ཉིན་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཨ་རིའི་དམག་གི་གནམ་གྲུ་ཞིག་ཉི་ཧོང་གི་ཨོ་ཁི་ན་ཝ་ནས་ལྷོ་ཤར་ཨེ་ཤི་ཡར་འཕུར་སྐྱོད་བྱ་དགོས་ཀྱི་འདུག ཨ་རིའི་དམག་གི་གནམ་གྲུ་དེཐེ་ཝན་གྱི་མཁའ་དབྱིངས་བརྒྱུད་ནས་འཕུར་སྐྱོད་བྱེད་ཆོག་པའི་ཆོག་མཆན་ཞུས་སོང་། ང་ཚོས་ཀྱང་ཨ་རིའི་དམག་གི་གནམ་གྲུ་དེར་ཆོག་མཆན་སྤྲད་པ་ཡིནཨ་མི་རི་ཀའི་དམག་གི་གནམ་གྲུ་དེ་ཐེ་ཝན་གྱི་གནམ་ཐང་ཁག་ཏུ་འབབ་སྡོད་བྱས་མ་སོང་ཞེས་གསར་འགོད་པ་ཚོར་ཁྱབ་བསྒྲགས་བྱས་འདུག ཨ་མི་རི་ཀ་དང་ཐེ་ཝན་གཉིས་ལ་ཕྱི་འབྲེལ་ཚུགས་མེད་ཀྱང་རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀ་ཐེ་ཝན་གྱི་རྒྱབ་སྐྱོར་པ་གཙོ་བོ་ཡིནཐེ་ཝན་གྱི་སྲུང་སྐྱོབ་དོན་དུ་ཨ་མི་རི་ཀས་མཚོ་གླིང་དེར་དེང་རབས་ཅན་གྱི་མཚོན་ཆ་བཙོང་དགོས། དེར་བརྟེན་རྒྱ་ནག་དང་ཨ་མི་རི་ཀའི་ཕྱི་འབྲེལ་ལ་འགལ་ཟླ་འབྱུང་ས་ལྟེ་བ་ཞིག་ཐེ་ཝན་ཡིན་འདུག ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་སི་༤༠་རྟགས་ཅན་གྱི་དམག་གི་གནམ་གྲུ་ཞིག་ཐེ་ཝན་གྱི་མཁའ་དབྱིངས་བརྒྱུད་ནས་ལྷོ་ཤར་ཨེ་ཤི་ཡར་འཕུར་སྐྱོད་བྱས་པར་རྒྱ་ནག་མ་དགའ་བ་ཡིན་པ་འདྲ། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་ཁག་ཅིག་ཐེ་ཝན་གྱི་མཚོ་ཐིག་བརྒལ་ནས་སིམ་འཛུལ་བྱས་པ་རེད། དུས་ནམ་ཞིག་ཨ་མི་རི་ཀའི་དམག་གྲུ་དང་དམག་གི་གནམ་གྲུ་སོགས་ཐེ་ཝན་གྱི་མངའ་ཁོངས་བརྒྱུད་ནས་སྐོར་སྐྱོད་བྱེད་ན་རྒྱ་ནག་གིས་དམག་གྲུ་དང་དམག་གི་གནམ་གྲུ་སོགས་ཐེ་ཝན་གྱི་མངའ་ཁོངས་སུ་སིམ་འཛུལ་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

འདི་ཙམ་ན་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་རི་མོ་དང་འཇིམ་བཟོ་སོགས་ཀྱི་ལམ་ནས་ཐེ་ཝན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པའི་ལས་འགུལ་ཞིག་སྤེལ་འགོ་ཚུགས། དཔེར་ན་སྲང་ལམ་ཞིག་ཏུ་དམག་གི་མཚོན་ལྡན་རླངས་འཁོར་ཡོང་གི་ཡོད་པ་དང་མེ་འཁོར་འབབ་ཚུགས་ཤིག་གི་ཕྱེད་ཀ་གཏོར་བཤིག་བཏང་ཟིན་པ། གྲོང་མི་རྣམས་ཁྲ་ཡོལ་གྱི་ཕ་ཏུ་གཞའ་བ། མི་ཞིག་གི་ལག་པ་གནམ་ལ་བརྐྱངས་ནས་མགོ་འཛུལ་བའི་རྣམ་འགྱུར་སྟོན་པ། དམག་གིས་དཔུང་འཇུག་བྱས་ནས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ཆམ་ལ་ཕབ། ཁོ་མོར་རྒྱ་ནག་གི་རྒྱལ་དར་ཞིག་འཁྱེར་དུ་བཅུག་ཡོད་པ་སོགས་ཀྱི་རི་མོ་དང་འཇིམ་བཟོ། འགུལ་རིས་སོགས་སྒྱུ་རྩལ་གྱི་ཐོན་སྐྱེད་རྣམས་དྲྭ་ལམ་དུ་འགྲེམ་སྟོན་བྱེད་ཀྱི་ཡོད་ཅིང་། མི་ཞིག་གིས་ད་ལྟའི་དུས་སྐབས་འདི་ནི་རྒྱ་ནག་མི་དམངས་ལ་རླབས་ཆེན་གྱི་དུས་སྐབས་ཤིག་རེད། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་རྒྱ་ནག་ལ་སྔར་བཞིན་མཐོང་ཆུང་བྱེད་མི་ཕོད། མེས་རྒྱལ་ངེས་པར་དུ་གཅིག་གྱུར་བྱ་དགོསགཅིག་གྱུར་བྱ་རྒྱུ་ནི་ལྡོག་ཏུ་མེད་ཅེས་མཆན་བྲིསརྒྱ་ནག་གི་མི་རིགས་རིང་ལུགས་པ་ཉུང་ཤས་ཤིག་གིས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློ་དང་ལྟ་བ་མཚོན་དཀའ། འོན་ཀྱང་ད་ལོ་སླར་ཡང་ཚེ་དབྱིན་ཝེན་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ། རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་སྐྱེད་བྱེད་ཀྱི་ཡོད་པ། ལྷག་པར་དུ་རྒྱ་ནག་གི་དམག་གི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོའི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་པའི་རྟགས་མཚན་ཞིག་མངོན།།

དེང་སྐབས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོར་རྒྱལ་སྤྱིའི་ཐོག་ཏུ་སྐྱོན་བརྗོད་དང་ངོ་རྒོལ། རྒྱ་ནག་གིས་བསམ་བཞིན་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རུ་བཅུག་པ་ཡིན་མིན་ལ་ཞིབ་འཇུག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་པ། རྒྱལ་ནང་དུ་ཏོག་དབྱིབས་རིམས་ནད་ཀྱིས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་མི་མང་ལས་ཤོར་པའི་གྲངས་འབོར་ཇེ་མང་དུ་སོང་བརྒྱ་ནག་གི་དམར་ཤོག་འགོ་ཁྲིད་ཚོས་སྲིད་དབང་བཟུང་ཡོད་ཁྲིམས་མཐུན་ཞིག་ཡིན་མིན་བཅས་ལ་མི་མང་གིས་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་མི་རིགས་རིང་ལུགས་ཀྱི་ལྟ་བ་བསླངས་ནས་རྒྱལ་ནང་གི་དཀའ་ངལ་དེ་དག་གི་གླེང་ཕྱོགས་སྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཐེ་ཝན་མཚོ་འགག་ལ་འཐབ་འཛིང་གནམ་གྲུ་བཏང་བ་དང་ཧི་མ་ལ་ཡའི་ས་མཚམས་ཁག་ཏུ་བཀྲམ་ཡོད་པའི་རྒྱ་གར་གྱི་དམག་ལ་རྒྱ་ནག་གི་མཐའ་མཚམས་སྲུང་དམག་གིས་ལག་འཛིང་དང་ཁ་འཛིང་བྱས་པ། ཧོང་ཀོང་ལ་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་གཏན་འབེབས་བྱས་པར་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་དགའ་བསུ་ཆེན་པོ་ཞུས་ཤིང་། རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོར་སྟོབས་ཤུགས་ཅི་ཙམ་རྒྱས་ན་དེ་ཙམ་གྱིས་ཐེ་ཝན་དང་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་ཆེ་རུ་འགྲོ་སྲིད། གལ་སྲིད་རྒྱ་ནག་གིས་རློམ་སེམས་འཆང་ནས་ཐེ་ཝན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དམག་བརྒྱབ་ཚེ། ྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་ནི་ངེས་གཏན་བྲལ། རྒྱ་ནག་གི་མི་རིགས་རིང་ལུགས་པ་རྣམས་ང་རྒྱལ་གྱི་ཁེངས་ཡོད་པའང་དོན་དངོས་སུ་ལྒང་ཕུག་ཅིག་དང་གཉིས་སུ་མེད་ཅེས་དཔྱད་ཞིབ་པ་ཚོས་གླེང་སློང་བྱས་འདུག

༡༩༧༩་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་འཐབ་འཁྲུག་ཅིག་བརྒྱབ་མྱོང་མེད་པས་ཐེ་ཝན་གྱི་མཚོ་འགྲམ་དོག་ས་དང་རྫ་རི་བྲག་རི་སོགས་ལ་བདེ་བླག་ཏུ་དམག་གིས་དཔུང་འཇུག་བྱེད་ཐུབ་རྒྱུ་ཁག་པོར་གྱུར་ཡོདསིངྒ་པུར་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་ལི་ཀོན་ཡུའི་སྤྱི་དམངས་སྲིད་ཇུས་སློབ་གླིང་གི་ཉམས་ཞིབ་པ་ཟུར་པ་དང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཟུར་པ་ཐོམ་སན་གྱིས་བཤད་པ་ལྟར་ན། ཐེ་ཝན་ལ་དམག་འཁྲུག་རྒྱག་རྒྱུ་ནི་ཆེས་ཉེན་ཚབས་ཅན་ཞིག་རེདམཚོ་འགག་ཕྱོགས་གཉིས་ཀར་མི་གསོད་ཁྲག་སྦྱོར་གྱི་འཆི་རྨས་ཚབས་ཆེན་འབྱུང་རྒྱུ་ཡིན་པ་བརྗོད་ཅི་དགོས། དེ་ནི་འཕྲལ་དུ་མཇུག་བསྒྲིལ་ཐུབ་་ཞིག་མིན་པར་ཆག་སྒོ་ཆེན་པོ་ཞིག་ལ་འགྱུར་རྒྱུ་རེད་ཅེས་བཤད། རྒྱ་ནག་གི་སྤྱང་དམག་ཏུ་གྲགས་པའི་མི་རིགས་རིང་ལུགས་པ་ཚོས་ཐེ་ཝན་གཅིག་པུར་འཇིགས་སྐུལ་བྱེད་ཀྱི་ཡོད་པ་ཞིག་མིན། ཁོ་ཚོས་འཛམ་གླིང་ཡོངས་ལ་ཁ་རས་གྱོན་ཏེ་ཁ་ལྕེ་ཚུམས་ཞེས་སྡིགསརྒྱ་ནག་གཞུང་གིས་སྔ་མོ་ནས་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་ལྟ་བ་དོར་ཟིན་ཡོད་པས་རྟག་ཏུ་རྒྱ་ནག་ལ་དཀའ་ངལ་གསར་པ་གང་འདྲ་ཞིག་འཕྲད་ཀྱང་མི་རིགས་རིང་ལུགས་ཀྱི་ང་རྒྱལ་བསླངས་ནས་དེ་ལ་གདོང་ལེན་བྱེད་དུ་འཇུག་ཐབས་བྱ་རྒྱུ། མདོར་ན་རྒྱ་ནག་གཞུང་གིས་རང་ཉིད་སྲུང་སྐྱོབ་དོན་དུ་མི་རིགས་རིང་ལུགས་ཀྱི་ལྟ་བ་ནི་གོ་ཁྲབ་ལྟ་བུ་ཞིག་ལ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG