ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

 ཨ་རིའི་འཕྲོད་བསྟེན་དྲུང་ཆེ་ཐེ་ཝན་ལ་འཚམས་འདྲིར་ཕེབས་འཆར། 


༄༅།། ཟླ་བ་འདིར་ཨ་མི་རི་ཀའི་འཕྲོད་བསྟེན་དང་ལས་བྱེད་བདག་གཉེར་ལྷན་ཁང་གི་དྲུང་ཆེ་ཨ་ཛར་ཐེ་ཝན་ལ་གཞུང་འབྲེལ་གྱི་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ནི་༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་བཟུང་། ད་ལྟའི་བར་དུ་ཨ་མི་རི་ཀའི་བློན་ཆེན་རིམ་པའི་གཞུང་འབྲེལ་མི་སྣ་ཞིག་ཐེ་ཝན་ལ་གཞུང་འབྲེལ་གྱི་འཚམས་འདྲིར་ཕེབས་མྱོང་མེད་ཅིང་། ཨ་རིའི་དབུས་གཞུང་གི་དྲུང་ཆེ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་འཆར་ཡོད་པ་འདིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡག་པོ་མེད་པ་སྔར་ལས་ཇེ་སྡུག་ཏུ་གཏོང་རྒྱུ་ཡིན་ཞིང་། ༡༩༧༩་ལོར་ཨ་མི་རི་ཀས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ལ་ངོས་འཛིན་བྱ་རྒྱུ་མཚམས་བཞག ལོ་དེར་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ལག་བསྟར་ཁྲིམས་ཡིག་གཏན་ལ་ཕབ། དེ་ནས་བཟུང་སྟེ་ཨ་མི་རི་ཀས་ཐེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་བཙུགས་ནས་མཚོ་གླིང་དེའི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་རྣམས་ཨ་མི་རི་ཀས་ཕྱིར་ཚོང་བྱ་རྒྱུའི་ཐག་བཅད། ཨ་མི་རི་ཀས་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་ཀ་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པ་དང་འཛམ་གླིང་དེར་རྒྱ་ནག་གཅིག་ལས་མེད་པའི་གྲོས་མཐུན་ལ་མིང་རྟགས་བཀོད།།

༢༠༡༧་ལོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀ་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་སོང་། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཌོ་ནལ་ཊམ་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས། ཌོ་ནལ་ཊམ་དང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གཉིས་ཀྱིས་ཁ་པར་ནང་དུ་དུས་ཡུན་སྐར་མ་བཅུ་ལྷག་ལ་བཀའ་མོལ་གནང་བར་མ་ཟད། སྔོན་ཆད་ཨ་མི་རི་ཀས་ཐེ་ཝན་ལ་འབྲེལ་བ་ཡོད་པའི་ལས་དོན་མང་ཆེ་བ་ཡོངས་གྲགས་མེད་པར་ལྐོག་ཏུ་སྒྲུབ་ཀྱི་ཡོད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་མངོན་གསལ་དོད་པར་བསྒྱུར། ད་ལྟ་རྒྱ་ནག་གཞུང་གིས་ཨ་རིའི་འཕྲོད་བསྟེན་དང་ལས་བྱེད་བདག་གཉེར་ལྷན་ཁང་གི་དྲུང་ཆེ་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཚེ། པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་ཤུགས་རྐྱེན་ངན་པ་དང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞི་བདེ་བརྟན་མེད་པར་འགྱུར་ངེས་རེད། ཨ་མི་རི་ཀས་ཐེ་ཝན་གྱི་ཁ་བྲལ་རིང་ལུགས་པ་ཚོར་རེ་བ་སྟོང་པ་ཞིག་སྤྲད་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་དེར་གཏོར་བརླག་བྱེད་ན་དགེ་མཚན་མེད་ཅེས་ཉེན་བརྡ་བཏང་། འོན་ཀྱང་མི་གྲངས་༢༤༠༠༠༠༠༠་ཙམ་ཡོད་པའི་ཐེ་ཝན་མི་དམངས་རྣམས་རྒྱ་ནག་གི་མངའ་འོག་ཏུ་འདུ་འདོད་དམ། ཡང་ན་རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་འདོད་མེད་པ་རེད།།

ད་ལོར་རྒྱ་ནག་ནས་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་ཨ་མི་རི་ཀའི་དཔལ་འབྱོར་ཉམས་རྒུད་དང་མི་མང་ལས་ཤོར་བ་ཇེ་མང་། ཏོག་དབྱིབས་ནད་དུག་གིས་ཨ་མི་རི་ཀའི་མི་འབུམ་གཅིག་དང་ཕྱེད་ཀ་ལྷག་འདས་གྲོངས་དང་མི་ས་ཡ་བཞི་ལྷག་ལ་ནད་དུག་འགོས། ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ཡག་པོ་ཞིག་ཡོང་གི་མེད་པ་དང་ཨ་རིའི་ཚན་རིག་དང་འཕྲུལ་རིག་ལག་རྩལ་རྒྱ་ནག་གིས་རྐུ་འཁྱེར་བྱེད་ཀྱི་ཡོད་པ། རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་བསྐྱེད་ནས་ཉི་ཧོང་དང་ལྷོ་ཤར་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཐུབ་ཚོད་བྱེད་ཀྱི་ཡོད་པ། ཧི་མ་ལ་ཡའི་གངས་འདབས་སུ་རྒྱ་ནག་གིས་བོད་ཀྱི་ས་མཚམས་ཁག་ནས་རྒྱ་གར་གྱི་ས་ཐོག་ཏུ་དཔུང་འཛུལ་བྱས་ཏེ་འཁྲུག་རྩོད་སློང་གི་ཡོད་པ་བཅས་ཀྱིས་རྒྱ་ནག་དང་ཨ་མི་རི་ཀའི་འགལ་ཟླར་འདུམ་ཐབས་མེད་པ་ལྟ་བུའི་མཚམས་སུ་ལྷུང་། ལོ་འདིའི་ཕྱི་ཟླ་༡༡་པར་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ཉིད་བསྐྱར་དུ་འདེམས་ཐོན་འབྱུང་བར་རྒྱ་ནག་གི་ཐོག་ཏུ་སྲིད་ཇུས་མཁྲེགས་པོ་འཛིན་རྒྱུ། དེང་སྐབས་ཨ་མི་རི་ཀར་བཀྲ་མ་ཤིས་པ་དང་ཁ་ཆག་སྣ་རལ་འབའ་ཞིག་འབྱུང་གི་ཡོད་པའི་འགག་རྩ་རྒྱ་ནག་ལ་ཐུག་འདུག་ཅེས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་ཡོད་པ་རེད།།

ཨ་རིའི་གཞུང་གིས་འཕྲོད་བསྟེན་དང་ལས་བྱེད་བདག་གཉེར་ལྷན་ཁང་གི་དྲུང་ཆེ་ཐེ་ཝན་ལ་འཚམས་འདྲིར་ཕེབས་དོན་ཅི་ཡིན་འགྲེལ་བཤལ་གསལ་པོ་ཞིག་རྒྱག་གི་མེད་ཀྱང་ལྷན་ཁང་དེའི་དྲྭ་ཚིགས་སུ་ཨ་མི་རི་ཀའི་བློན་ཆེན་རིམ་པའི་ལྷན་ཁང་ཞིག་གི་དྲུང་ཆེ་སྟེ། ཨ་རིའི་འཕྲོད་བསྟེན་དང་ལས་བྱེད་བདག་གཉེར་ལྷན་ཁང་གི་བློན་ཆེན་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ནི་ཨ་མི་རི་ཀས་ཐེ་ཝན་ལ་མཐོ་རིམ་གཞུང་འབྲེལ་མི་སྣ་ཆེད་རྫོང་བྱས་ནས་ཕྱོགས་གཉིས་ཀྱི་མཛའ་འབྲེལ་ལ་འགྱུར་བ་མེད་པ་བསྐྱར་ཟློས་བྱེད་པའི་ཆེད་དུ་ཡིན། སྲིད་དབང་སྒེར་གཅོད་ལམ་ལུགས་དང་མ་འདྲ་བར་ཐེ་ཝན་ལ་རང་དབང་དང་དམངས་གཙོའི་ལམ་ལུགས་ཤིག་དར་ཡོད་པའི་གྲུབ་འབྲས་ལ་དགའ་སྟོན་བྱ་དགོས་ཞེས་བཀོད། ཨ་རིའི་འཕྲོད་བསྟེན་དྲུང་ཆེས་ངས་ཐེ་ཝན་གྱིས་འཛམ་གླིང་གི་འཕྲོད་བསྟེན་ལས་དོན་ལ་སྣེ་ཁྲིད་ཐུབ་ཀྱི་ཡོད་པ་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱབ་སྐྱོར་ཡོད་པ་སྟོན་ཐབས། སྲིད་འཛིན་ཌོ་ནལ་ཊམ་དང་ང་ཚོ་ཐུན་མོང་གིས་རང་དབང་དང་དམངས་གཙོའི་སྤྱི་ཚོགས་ནི་འགྲོ་བ་མིའི་འཕྲོད་བསྟེན་ལ་སྲུང་སྐྱོབ་བྱེད་པར་དཔེ་སྲོལ་མཆོག་ཏུ་གྱུར་པ་ཡིན་པའི་དགོངས་པ་བཞེས་བཞིན་པ་རྣམས་ཐེ་ཝན་ལ་མཚམས་སྦྱོར་བྱ་རྒྱུ་དེར་རེ་ལྟོས་འཆང་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཐེ་ཝན་གཞུང་གིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ནན་པོ་བྱས་ནས་གྲུབ་འབྲས་གང་ལེགས་ཐོན་པར་འཛམ་གླིང་ཡོངས་ཀྱིས་མིག་དཔེ་བལྟ་འོས་པ་ཞིག་ཏུ་གྱུར། ཨ་མི་རི་ཀ་དང་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཐེ་ཝན་གྱི་རིམས་ནད་སྔོན་འགོག་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ནས་མཚོ་གླིང་དེར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཟུར་ཉན་པའི་གདན་ཐོབ་ཡོད་པ་སླར་གསོ་བྱ་དགོས་ཞེས་སྐུལ་ལྕག་ནན་པོ་བཏང་འདུག

ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་གི་ལས་སྣེ་ཚོས་ཨ་རིའི་འཕྲོད་བསྟེན་དྲུང་ཆེས་སྲིད་འཛིན་ཚེ་དབྱིན་ཝེན་དང་དེ་མིན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་གྲོས་མོལ་གནང་འཆར་ཡོད་ཅེས་བསྒྲགས། ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་དུ་འཇུག་གི་མེད་ཀྱང་མཚོ་གླིང་དེས་རིམས་ནད་སྔོག་འགོག་བྱས་པའི་ཉམས་མྱོང་དང་གྲུབ་འབྲས་རྣམས་རྒྱལ་ཁབ་གཞན་ལ་སློབ་སྟོན་བྱ་རྒྱུ། ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པས་ཨ་རིའི་འཕྲོད་བསྟེན་དྲུང་ཆེ་དང་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་གྲོས་མོལ་གཙོ་བོ་བྱ་འཆར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག རྒྱལ་ཁབ་གང་ཞིག་གིས་ཐེ་ཝན་ལ་མཐོ་རིམ་གཞུང་འབྲེལ་མི་སྣ་བཏང་ནས་མཚོ་གླིང་དེར་རང་བཙན་རྒྱལ་ཁབ་ཅིག་གི་གནས་བབ་ཡོད་པའི་རྣམ་པ་བསྟན་ན་རྒྱ་ནག་གིས་དེ་ལ་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་ཅིང་། ༢༠༡༦་ལོར་ཚེ་དབྱིན་ཝེན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཐེ་ཝན་གྱིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱ་རྒྱུ་མཚམས་བཞག ཁོ་ཚོས་རྒྱ་ནག་དང་ཐེ་ཝན་གཉིས་རྒྱལ་ཁབ་དང་མི་རིགས། ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་དང་ཚོང་ལས། ཤེས་ཡོན་སློབ་གསོ་བཅས་ཀྱི་ལམ་ལུགས་དང་སྤྱི་དམངས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་རྣམས་ཐ་དད་ཡིན་ཞེས་རྒྱུ་མཚན་བགྲངས་ནས་ཉེ་ཆར་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཚོས་མཚོ་གླིང་དེའི་ཕྱིར་སྐྱོད་ལག་ཐོག་ཏུ་ཀྲུང་ཧྭ་མིན་གོ་ཞེས་བཀོད་པ་རྣམས་ནག་སུབ་བྱ་རྒྱུ། ཐེ་ཝན་གྱི་གཞུང་འབྲེལ་མཁའ་ལམ་ལས་ཁུངས་ལ་རྒྱ་ནག་མཁའ་ལམ་ལས་ཁུངས་ཟེར་གྱི་ཡོད་པ་མིང་སྒྱུར་བྱ་རྒྱུའི་གྲོས་ཆོད་བཞག་སྟེ་ཐེ་ཝན་མི་དམངས་རྣམས་རྒྱ་མི་རིགས་དང་རྒྱ་ནག་གི་རིག་གཞུང་། རྒྱ་ནག་པའི་བསམ་བློའི་འདུ་ཤེས་བཅས་ལ་འབྲེལ་ཐག་རིང་དུ་བཏང་ནས་ཐེ་ཝན་གྱི་ངོ་བོ་དང་ཐེ་ཝན་པའི་བསམ་བློའི་འདུ་ཤེས་ཤིག་དར་སྤེལ་གཏོང་གི་ཡོད་པ་རེད།།

དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ལ་སྲུང་བརྩི་བྱ་དགོས། མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་མ་བྱས་ན་དགེ་མཚན་ཆེ། ཨ་མི་རི་ཀས་ཐེ་ཝན་ལ་གཞུང་འབྲེལ་གྱི་འབྲེལ་བ་འཛིན་གྱི་ཡོད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཐེ་ཝན་ནི་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བའི་ནང་དུ་གནད་དོན་ཚོར་སྐྱེན་ཧ་ཅང་རྣོ་ཤོས་དེ་ཡིན་ཞེས་བསྒྲགས། རྒྱ་ནག་གི་དཔལ་འབྱོར་རོགས་རམ་དང་ཚོང་ལས་ཀྱི་མ་རྩ་བཙུགས་པ། དངུལ་སྒོར་བུ་ལོན་བསྐྱིས་པ་དང་ཕྱི་འབྲེལ་གྱི་གནོན་ཤུགས་སོགས་ལ་བརྟེན་ནས་སྔོན་ཆད་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་འགའ་ཞིག་གིས་ཐེ་ཝན་ལ་འབྲེལ་བ་བཅད་ནས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས། ད་ལྟ་འཛམ་གླིང་ཡོངས་སུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༥་ལས་མི་འདུག ལོ་རབས་༩༠་ནང་དུ་ཨ་མི་རི་ཀའི་བློན་ཆེན་ལྷན་ཁང་རིམ་པའི་ལས་སྣེ་ལྔ་དྲུག་ཅིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་མྱོང་ཡོད་པ་དང་༢༠༡༤་ལོར་ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་འགན་འཛིན་ཐེ་ཝན་ལ་འཚམས་འདྲིར་ཕེབས། ཉེ་བའི་ལོ་ཤས་ཤིག་ནས་ཨ་རིའི་གྲོས་ཚོགས་ཀྱི་ཐེ་ཝན་རྒྱབ་སྐྱོར་པ་ཚོས་སྲིད་འཛིན་ཚེ་དབྱིན་ཝེན་རྒྱལ་ས་ཝ་ཤིང་ཊོན་ལ་གདན་འདྲེན་ཞུས་ནས་ཨ་རིའི་གྲོས་ཚོགས་གོང་འོག་ལ་གཏམ་བཤད་བྱེད་དུ་འཇུག་དགོས། ཐེ་ཝན་གྱི་སྲིད་འཛིན་རྣམས་ཨ་རིའི་རྒྱལ་སར་ཕེབས་མི་ཆོག་པའི་བཀག་སྡོམ་མེད་པར་གཏོང་དགོས་ཞེས་ལས་འགུལ་སྤེལ། ༢༠༡༨་ལོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཐེ་ཝན་མཚོ་གླིང་གི་སྲིད་འཛིན་རྣམས་ཨ་མི་རི་ཀའི་གྲོང་ཁྱེར་མང་པོ་ཞིག་ལ་ཕེབས་མི་ཆོག་པའི་འགྲིམ་འགྲུལ་བཀག་སྡོམ་ཕྱིར་འཐེན་གྱི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་པས་སྲིད་འཛིན་ཚེ་དབྱིན་ཝེན་སྔོན་དང་མ་འདྲ་བར་ཨ་མི་རི་ཀའི་གྲོང་ཁྱེར་མང་པོ་ཞིག་ལ་ཕེབས་ཆོག་གི་ཡོད་པ་རེད།།

XS
SM
MD
LG