ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

ཐེ་ཝན་རང་གིས་བཟོས་པའི་མཚོ་འོག་དམག་གྲུ་གསར་ཐོན། 


༄༅།། ཐེ་ཝན་རང་གི་འཕྲུལ་རིག་ལག་རྩལ་ལ་བརྟེན་ནས་བཟོས་པའི་མཚོ་འོག་དམག་གྲུ་གསར་པ་དང་པོ་དེ་ཕྱི་ལ་བསྟན། དེ་ནི་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཡར་རྒྱས་ཀྱི་གོམ་སྟབས་ཆེན་པོ་ཞིག་ཡིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༢༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་དུང་ལོ་གཉིས་ལ་མཚོ་འོག་དམག་གྲུ་གསར་པ་དེ་རྣམས་ཐེ་ཝན་གྱི་མཚོ་དམག་ལ་འགྲེམ་མི་ཐུབ་ཀྱང་རྒྱ་ནག་གི་བཙན་འཛུལ་འགོག་པར་ཐེ་ཝན་གྱི་མཚོ་དམག་གི་སྟོབས་ཤུགས་ཆེ་རུ་སོང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་ཉིན་ལྟར་གནམ་མཚོ་གཉིས་ནས་ཐེ་ཝན་གྱི་མཚོ་ཁོངས་དང་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱས་ནས་སྡིགས་ར་བསྐུལ། ཐེ་ཝན་གྱིས་རང་ཡུལ་དུ་མཚོ་འོག་དམག་གྲུ་བཟོ་རྒྱུ་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་རྒྱུ་གཙིགས་སུ་བཟུང་། ༢༠༡༦་ལོར་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་མཚོ་འོག་དམག་གྲུ་བཟོ་རྒྱུ་འགོ་ཚུགས། ཐེ་ཝན་གྱིས་མཚོ་འོག་དམག་གྲུ་༨་བཟོ་རྒྱུའི་འཆར་གཞི་ཡོད་པ་དེའི་གྲས་ཀྱི་དང་པོ་དེ་གཟའ་ཕུར་བུའི་ཉིན་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་དུ་འགྲེམ་སྟོན་བྱས་འདུག

ཐེ་ཝན་གྱི་མཚོ་འོག་དམག་གྲུ་འགྲེམ་སྟོན་གྱི་མཛད་སྒོའི་ཐོག་ཏུ་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་སྔོན་ཆད་ཐེ་ཝན་རང་གིས་མཚོ་འོག་དམག་གྲུ་བཟོ་རྒྱུ་ནི་ནམ་ཡང་འགྲུབ་མི་སྲིད་པ་ཞིག་ཏུ་བརྩིས་མོད། དེ་རིང་ང་ཚོའི་རྒྱལ་ཁབ་ཀྱི་ལག་རྩལ་བ་ཚོས་བཟོ་བཀོད་བྱས་ནས་བཟོས་པའི་མཚོ་འོག་དམག་གྲུ་ཞིག་དངོས་སུ་ང་ཚོའི་མིག་མདུན་དུ་སྟར་ཐུབ་པ་རེད། མཚོ་འོག་དམག་གྲུ་འདིས་ཐེ་ཝན་གྱི་མཚོ་དམག་གི་འཐབ་རྒོལ་ནུས་པ་གོ་རིམ་ལྡན་པའི་སྒོ་ནས་ཡར་རྒྱས་གཏོང་ཐུབ། ང་ཚོར་དཀའ་ངལ་ཅི་ཙམ་ཕྲད་ཀྱང་ཐེ་ཝན་གྱིས་ངེས་པར་དུ་དཀའ་ངལ་དེ་ཚོར་གདོང་ལེན་བྱས་ནས་རང་ཁ་རང་གསོ་དང་རང་གི་ས་ཐོག་ཏུ་རྒྱལ་སྲུང་གི་སྟོབས་ཤུགས་འཕེལ་རྒྱས་གཏོང་དགོས། ༢༠༢༥་ལོར་ནར་ཝཱལ་མཚོ་འོག་དམག་གྲུ་རྣམས་མཚོ་དམག་ལ་འགྲེམ་རྒྱུ་ཡིན་ཞེས་གཏམ་བཤད་བྱས་འདུག ད་ལྟ་ཐེ་ཝན་ལ་ལོ་རབས་༨༠་པའི་ནང་དུ་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌི་ནས་ཉོས་པའི་མཚོ་འོག་དམག་གྲུ་༢་དང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ཨ་མི་རི་ཀའི་མཚོ་འོག་དམག་གྲུ་༢་བཅས་ཁྱོན་བསྡོམས་མཚོ་འོག་དམག་གྲུ་༤་ལས་མེད་ཅིང་། ཐེ་ཝན་གྱི་མཚོ་འོག་དམག་གྲུ་གསར་པ་རེར་འགྲོ་གྲོན་ཨ་སྒོར་དུང་ཕྱུར་༡༥་དང་བྱེ་བ་༣་ལྷག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཐེ་པེར་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་གི་སྐུ་ཚབ་སན་ཌ་ར་ཀུ་ད་ཀིར་ཀ་
ཐེ་པེར་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་གི་སྐུ་ཚབ་སན་ཌ་ར་ཀུ་ད་ཀིར་ཀ་

ཨ་རི་དང་ཐེ་ཝན་གཉིས་ཀྱིས་དངོས་སུ་ཕྱི་འབྲེལ་བཙུགས་མེད་ཀྱང་རྒྱལ་ས་ཐེ་པེར་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་གི་སྐུ་ཚབ་སན་ཌ་ར་ཀུ་ད་ཀིར་ཀ་ཐེ་ཝན་གྱི་མཚོ་འོག་དམག་གྲུ་འགྲེམ་སྟོན་མཛད་སྒོར་མཉམ་ཞུགས་བྱས་པར་མ་ཟད། ༡༩༧༩་ལོར་ཨ་མི་རི་ཀས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་པའི་རྗེས་སུ་ཐེ་ཝན་ལ་སྲུང་སྐྱོབ་དང་རང་སྲུང་གི་མཚོན་ཆ་བཙོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། དེ་རིང་གི་མཛད་སྒོར་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་བཅའ་སྡོད་ཉི་ཧོང་དང་ལྷོ་ཀོ་རི་ཡའི་དོན་གཅོད་ཁང་གི་སྐུ་ཚབ་གཉིས་ཀྱང་མཉམ་ཞུགས་བྱས་འདུག ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་པ་གཙོ་བོ་ནི་ཨ་མི་རི་ཀ་དང་ཉི་ཧོང་གཉིས་ཡིན་རུང་ལྷོ་ཀོ་རི་ཡ་དང་ཐེ་ཝན་གྱི་འབྲེལ་བའང་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད། གསར་འགོད་པ་ཚོ་མཚོ་འོག་དམག་འཇོག་སའི་གྲུ་ཁར་ཡོང་དུ་བཅུག་ཀྱང་ཉེ་འཁྲིས་སུ་བཅར་ནས་འདྲ་པར་དང་བརྙན་འཕྲིན་ལེན་དུ་མ་བཅུག ཐེ་ཝན་གྱི་མཚོ་འོག་དམག་གྲུ་གསར་པ་དེའི་ཆེ་ཆུང་དང་འཐབ་རྒོལ་ནུས་པ། མགྱོགས་ཚད་དང་སྐྲ་སྐད་ཆེ་ཆུང་རྣམས་གསང་རྒྱ་བྱས་ནས་བཞག

ཐེ་ཝན་གྱི་མཚོ་འོག་དམག་གྲུ་བཟོ་བཀོད་པ་གཙོ་བོ་ཁྲེན་ཝེན་ལུན་གྱིས་མཚོ་འོག་དམག་གྲུ་གསར་པ་དེའི་རྒྱུ་ཆ་དང་འཕྲུལ་ཆས་བརྒྱ་ཆ་༤༠་ཐམ་པ་ཐེ་ཝན་རང་གིས་བཟོས་པ་ཡིན། མཚོ་འོག་དམག་གྲུ་དེའི་རྒྱུ་ཆ་དང་འཕྲུལ་ཆས་བརྒྱ་ཆ་༦༠་ཐམ་པ་ཕྱིའི་རྒྱལ་ཁབ་ཁག་ནས་བླངས་པ་ཡིན་ཞེས་བཀྲལ། ཐེ་ཝན་གྱི་མཚོ་འོག་དམག་གྲུ་དེའི་འཕྲུལ་རིག་ལག་རྩལ་ཨ་རི་དང་དབྱིན་ཇི། ཐེ་ཝན་གསུམ་གྱི་ཡིན་ཞིང་། དམག་གྲུ་བཟོ་སྐྲུན་ལ་ཨོ་གླིང་དང་ལྷོ་ཀོ་རི་ཡ། རྒྱ་གར་དང་སི་པེན། ཁེ་ན་ཌ་བཅས་ཀྱི་འཕྲུལ་རིག་ལག་རྩལ་བ་རྣམས་མཉམ་ཞུགས་བྱས་འདུག སྲིད་འཛིན་ཚེ་དབྱིན་ཝེན་གྱི་སློབ་སྟོན་པ་དང་ཐེ་ཝན་གྱི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་ཧྭང་ཧྲུ་ཀྭོང་གིས་མཚོ་འོག་དམག་གྲུ་དེ་རྣམས་རྒྱ་ནག་གི་བཙན་འཛུལ་འགོག་པར་གནད་འགག་ཆེན་པོ་ཡིན། ཐེ་ཝན་ཤར་ཕྱོགས་ཀྱི་མཚོ་ལམ་མི་འགག་པ་དང་ཞི་བདེ་རྒྱ་མཚོའི་ཕྱོགས་ནས་ཐེ་ཝན་ལ་དངོས་ཟོག་སྐྱེལ་འདྲེན་མཚམས་མི་ཆད་པའི་ཆེད་དུ་མཚོ་ལམ་སྲུང་སྐྱོབ་ལ་མཚོ་འོག་དམག་གྲུ་དེ་རྣམས་དགོས་མཁོ་ཆེན་པོ་ཡོད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༢༨་ཉིན་གསར་འགོད་པ་ཚོས་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པར་ཐེ་ཝན་གྱིས་མཚོ་འོག་དམག་གྲུ་གསར་པ་བཟོས་ཏེ་རྒྱ་ནག་གི་མཚོ་དམག་འགོག་ཐུབ་རྒྱུ་རེད་དམ། རྒྱ་ནག་གིས་ཐེ་ཝན་གྱི་མཚོ་འོག་དམག་གྲུ་དེར་བློ་འཚབ་ཅི་ཙམ་བྱེད་ཀྱི་ཡོད་ཅེས་དྲིས། རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝུ་ཆན་གྱིས་ཐེ་ཝན་ལ་མཚོ་འོག་དམག་གྲུ་གསར་པ་ཡོད་ཀྱང་ཁྱད་པར་མེད། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཐེ་ཝན་གྱི་ཉེ་འཁོར་དང་ཞི་བདེ་རྒྱ་མཚོའི་ནང་དུ་མདུན་སྐྱོད་བྱ་རྒྱུ་འགོག་དཀའ། ཁྱོད་ཚོ་ཐེ་ཝན་གྱིས་མཚོ་འོག་དམག་གྲུ་གསར་པ་ཞིག་བཟོས་པ་རེད་ཅེས་ཧ་ལས་ཀྱི་འདུག རྒྱ་ནག་གི་དམག་དཔུང་སུ་གཅིག་གིས་ཀྱང་འགོག་མི་ནུས། རྒྱལ་ཁབ་གང་འདྲ་ཞིག་གིས་ཐེ་ཝན་ལ་འབྲེལ་བ་བཙུགས་པ་དང་མཚོན་ཆ་བཙོངས་ན་རྒྱ་ནག་གིས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། རྒྱ་ནག་གི་གནོན་ཤུགས་འོག་ཏུ་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེས་ཐེ་ཝན་ལ་མངོན་སུམ་འཛེམ་མེད་ཀྱིས་འབྲེལ་བ་འཛིན་ཕོད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཐེ་ཝན་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་ཚོགས་ཆུང་གི་ཚོགས་མི་ལོ་ཀྲི་ཀྲེང་
ཐེ་ཝན་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་ཚོགས་ཆུང་གི་ཚོགས་མི་ལོ་ཀྲི་ཀྲེང་

ཕྱི་ཟླ་༩་པའི་ཚེས་༢༨་ཉིན་ཊེམ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྟེ། ཐེ་ཝན་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་ཚོགས་ཆུང་གི་ཚོགས་མི་ལོ་ཀྲི་ཀྲེང་གིས་ང་ཚོས་རྒྱལ་ཁབ་གཞན་ནས་མཚོ་འོག་དམག་གྲུ་ཉོ་རྒྱུ་དེར་དཀའ་ངལ་ཆེན་པོ་ཕྲད་སོང་། ཨ་རི་ཚུད་པའི་རྒྱལ་ཁབ་གཅིག་གིས་ཀྱང་ཐེ་ཝན་ལ་མཚོ་འོག་དམག་གྲུ་བཙོང་གི་མི་འདུག དེར་བརྟེན་ང་ཚོ་རང་གིས་མཚོ་འོག་དམག་གྲུ་བཟོ་རྒྱུའི་ཐག་བཅད་པ་ཡིན། ཐེ་ཝན་གྱིས་མཚོ་འོག་དམག་གྲུ་བཟོ་སྐྲུན་བྱས་པའི་རྒྱུད་རིམ་ཁྲོད་དུ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཆེན་པོ་ཐོབ་བྱུང་། ང་ཚོས་མཚོ་འོག་དམག་གྲུ་དེར་ཚོད་ལྟ་བྱས་པའི་རྗེས་སུ་ཧེ་ཁུན་ཞེས་མིང་བཏགས་ནས་ལོ་རྗེས་མར་མཚོ་དམག་ལ་འགྲེམ་ཐུབ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་བཀྲལ། ཐེ་ཝན་ལ་མི་འབོར་ས་ཡ་༢༣་ལས་མེད་ཀྱང་དམག་གི་སྟོབས་ཤུགས་འཛམ་གླིང་གི་ཨང་༢༣་པ་དང་དཔལ་འབྱོར་སྟོབས་ཤུགས་ཨང་༢༠་པར་བསླེབས་ཡོད་པའི་གནས་ཚུལ་ཐོན་འདུག

ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་
ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་

གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་གསར་འགོད་ལྷན་ཚོགས་བསྐོངས་ནས་གཏམ་བཤད་བྱས་པ་ལྟར་ན། རྒྱ་ནག་གིས་ཐེ་ཝན་ལ་གནམ་མཚོ་གཉིས་ནས་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག མཚོ་འོག་དམག་གྲུ་གསར་པ་འདི་རྒྱ་ནག་གི་བཙན་འཛུལ་འགོག་པའི་འཐབ་ཇུས་ཤིག་ཡིན། གལ་སྲིད་ཐེ་ཝན་ལ་མཚོ་འོག་དམག་གྲུ་དགོས་མཁོ་མེད་པ་དང་རྒྱ་ནག་ལ་འཁྲུག་རྩོད་སློང་སྤྱད་ཅིག་རེད་ཟེར་མཁན་ཡོད་ཚེ། ངས་ཐེ་ཝན་ལ་མཚོ་འོག་དམག་གྲུ་གསར་པ་དགོས་མཁོ་ཆེན་པོ་ཡོད་ཅེས་རྩོད་པ་བརྒྱབ་ནས་ལན་འདེབས་བྱེད་ཆོག ཐེ་ཝན་གྱི་མཚོ་འོག་དམག་གྲུ་དེ་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལང་སྲིད་འགོག་ཐབས་ཤིག་ཡིན་ཞེས་བསྒྲགས། ཉམས་ཞིབ་པ་ཚོས་མཚོ་འོག་གྲུ་དེ་རྣམས་ཐེ་ཝན་མཚོ་འགག་ཏུ་ཕན་ཐོགས་མེད་ཀྱང་ཐེ་ཝན་དང་ཧྥི་ལི་ཕིན་གྱི་ས་མཚམས་སུ་ཆགས་པའི་པ་ཧྲི་མཚོ་འགག་ཏུ་ཕན་ཐོགས་ཆེ། པ་ཧྲི་མཚོ་འགག་ནི་ཐེ་ཝན་དང་ཧྥི་ལི་ཕིན། ཐེ་ཝན་དང་ཉི་ཧོང་གི་ས་མཚམས་སུ་ཆགས་འདུག་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་༩་པའི་ཚེས་༢༨་ཉིན་སེ་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་ཧྭང་ཧྲུ་ཀྭོང་གིས་དམག་འཁྲུག་གི་དུས་སུ་རྒྱ་ནག་གི་མཚོ་དམག་གིས་ཐེ་ཝན་ཤར་ཕྱོགས་སུ་དཔུང་འཛུལ་བྱས་ནས་ཐེ་ཝན་མཐའ་བསྐོར། ཨ་མི་རི་ཀའི་དམག་དཔུང་འགོག་རྒྱུ་ཉག་གཅིག་རེད། མཚོ་འོག་དམག་གྲུ་རྣམས་རྒྱ་མཚོའི་གཏིང་དུ་འཛུལ་ཏེ་བཙལ་ཁག་པོ་དང་རྒྱ་ནག་གི་འབབ་ཚིགས་དམག་གྲུའི་འགྲམ་དུ་འཇབ་ནས་སོང་སྟེ་གཏོར་རྒོལ་བྱེད་ཐུབ་པའི་ནུས་པ་ལྡན། ཐེ་ཝན་གྱི་མཚོ་འོག་དམག་གྲུ་གསར་པ་དེ་ཚོས་ཨ་རིས་བཟོས་པའི་MK-48་རྟགས་ཅན་གྱི་མཚོ་འོག་འཕུར་མདེལ་འཁྱེར་ཐུབ་ཅེས་བསྟན། སིངྒ་པུར་གྱི་རྒྱལ་སྤྱིའི་ཞིབ་འཇུག་ཁང་གི་ཉམས་པ་ཚོས་ཀྱང་ཐེ་ཝན་གྱི་མཚོ་འོག་དམག་གྲུ་གསར་པ་དེ་ཚོར་ཐོན་རིམ་གཉིས་པའི་འཐབ་རྒོལ་ནུས་པ་འདུག་ཅེས་ངེས་གཏན་བྱས། ཐོག་མར་༡༩༩༥་ལོར་སྲིད་འཛིན་ལི་ཏིང་ཧུའི་དུས་སུ་ཐེ་ཝན་གྱིས་མཚོ་འོག་དམག་གྲུ་བཟོ་མགོ་བརྩམས་ཀྱང་མ་གྲུབ། ༢༠༡༦་ལོར་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་བསྐྱར་དུ་མཚོ་འོག་དམག་གྲུ་བཟོ་རྒྱུའི་ལས་རྒྱུན་བསྐྱངས་ཏེ་ལེགས་གྲུབ་བྱུང་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG