ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཐེ་ཝན་གྱི་མཚོ་སྲུང་འབྲེལ་མཐུད་གྲོས་མཐུན།


༄༅།། ཨ་རི་དང་ཐེ་ཝན་གཉིས་ཀྱིས་མཚོ་སྲུང་དམག་གི་འབྲེལ་མཐུད་སྲིད་ཇུས་ཀྱི་གྲོས་མཐུན་ཞིག་བཞག འདི་ནི་ཨ་མི་རི་ཀའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་སྲིད་གཞུང་དང་ཐེ་ཝན་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་དང་པོ་དེ་ཡིན་ཞིང་། རྒྱ་ནག་གིས་རང་གི་མཚོ་ཁོངས་སུ་ཕྱིའི་རྒྱལ་ཁབ་ཁག་གི་གྲུ་གཟིངས་རྣམས་ཆོག་མཆན་མེད་པར་དཔུང་འཛུལ་བྱེད་ཚེ། རྒྱ་ནག་གི་མཚོ་སྲུང་དམག་གིས་མེ་མདའ་བརྒྱབ་ནས་མཐར་སྐྲོད་གཏོང་ཆོག་ཅེས་ཁྲིམས་ཤིག་གཏན་འབེབས་བྱས་པའི་རྗེས་སུ་ཨ་རི་དང་ཐེ་ཝན་གཉིས་ཀྱི་མཚོ་སྲུང་སྲིད་ཇུས་འབྲེལ་མཐུད་ཀྱི་གྲོས་མཐུན་འདི་འཇོག་དགོས་བྱུང་འདུག སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་ཤུགས་ཆེན་པོ་ཞིག་སོང་། ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་མ་བྱུང་བའི་རྗེས་སུ་ཨ་རི་དང་ཐེ་ཝན་གྱི་འབྲེལ་བར་འགྱུར་བ་ཐེབས་སྲིད་པའི་བློ་འཚབ་བྱུང་། ཡིན་ནའང་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཨ་མི་རི་ཀ་དང་ཐེ་ཝན་གྱི་འབྲེལ་བ་ནི་བྲག་རི་བཞིན་དུ་སྲ་བརྟན་ཡིན་ཞེས་བསྐྱར་དུ་བཟློས། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་ཞའོ་མཱེ་ཆིན་གྱིས་གྲོས་མཐུན་དེར་མཚན་རྟགས་བསྐྱོན། ཁོང་གིས་གསར་འགོད་པ་ཚོར་ང་ཚོས་མཚོ་སྲུང་དམག་གི་ལས་དོན་མཉམ་སྒྲུབ་ཀྱི་གྲོས་མཐུན་ཞིག་བཞག་ནས་ཕྱོགས་གཉིས་མཉམ་འབྲེལ་དང་མཉམ་འབྲེལ་གྱི་ལེགས་སྐྱེས་འབུལ་རྒྱུ་ཤུགས་ཆེ་རུ་གཏོང་དགོས། རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་དུ་རང་དབང་དང་གུ་ཡངས་ཀྱི་ས་ཁུལ་ཞིག་བསྐྲུན་པའི་ནུས་ཤུགས་ཆེ་རུ་གཏོང་ཐུབ་པའི་རེ་བ་ཡོད་ཅེས་བསྒྲགས། ཨ་རིའི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལས་དོན་ཁང་གི་དྲུང་ཆེའི་ཕྱག་རོགས་ལས་ཚབ་སུང་ཀིམ་གྱིས་གྲོས་མཐུན་དེར་མཚན་རྟགས་བསྐྱོན་པ་རེད་ཅེས་ངེས་གཏན་བྱུང་འདུག

ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་ཉམས་ཞིབ་ཁང་གིས་གྲོས་མཐུན་དེར་རྒྱབ་སྐྱོར་ཡོད། ཨ་མི་རི་ཀས་ཐེ་ཝན་ལ་མཚོ་སྲུང་ལས་དོན་ཐོག་ཏུ་མཉམ་འབྲེལ་བྱས་ནས་ལེགས་སྐྱེས་འབུལ་རྒྱུ་ནི་གོ་ལའི་ཁྱོན་གྱི་བདེ་འཇགས་དང་མཚོ་སྲུང་བདེ་འཇགས་བཅས་ལ་འབྲེལ་བ་ཡོད་ཅེས་རྒྱུ་མཚན་བཀོད། ༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པའི་རྗེས་སུ་མཚོ་གླིང་དེར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ལ་ཨ་མི་རི་ཀའི་ཞིབ་འཇུག་ཁང་ཞེས་སྒོ་བྱང་དང་མིང་རྣམས་བསྒྱུར། ཐེ་ཝན་གྱིས་རང་གི་མཚོ་སྲུང་དམག་གྲུ་རྣམས་ཡར་རྒྱས་བཏང་སྟེ་རྒྱ་ནག་གིས་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་ན་ཐེ་ཝན་གྱི་མཚོ་སྲུང་དམག་རྣམས་མཚོ་དམག་གི་ཁོངས་སུ་ཟླ་སྒྲིལ་བྱེད་ཆོག་པའི་སྦྱོང་བརྡར་སྤྲད་ནས་སྟོབས་ཤུགས་རྒྱ་སྐྱེད། དེང་སྐབས་རྒྱ་ནག་གིས་གནམ་ས་གཉིས་ནས་ཐེ་ཝན་ལ་འཇིགས་སྐུལ་དང་ཐེ་ཝན་གྱི་མཚོ་ཁོངས་སུ་རྒྱ་ནག་གི་ཉ་པའི་གྲུ་གཟིངས་སིམ་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག ༢༠༢༡་ལོའི་ཕྱི་ཟླ་དང་པོའི་ནང་དུ་རྒྱ་ནག་གིས་རང་གི་མཚོ་སྲུང་དམག་ལ་ཕྱི་རྒྱལ་གྱི་གྲུ་གཟིངས་རྣམས་རྒྱ་ནག་གི་མཚོ་ཁོངས་སུ་ཆོག་མཆན་མེད་པར་དཔུང་འཛུལ་བྱེད་ན་མེ་མདའ་བརྒྱབ་ནས་མཐར་སྐྲོད་གཏོང་ཆོག་ཅེས་ཁྲིམས་ཤིག་གཏན་ལ་ཕབ། དེ་ནས་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ་བཅས་ལ་བློ་འཚབ་བྱུང་། རྒྱ་ནག་གིས་ཐེ་ཝན་མཚོ་འགག་དང་ལྷོ་རྒྱ་ནག་རྒྱ་མཚོ། ཤར་རྒྱ་ནག་རྒྱ་མཚོ་བཅས་ཀྱི་ནང་དུ་གླིང་ཚོམ་ཁག་དང་མཚོ་ཁོངས་ཀྱི་བདག་དབང་བརྩད་ནས་དམག་འཁྲུག་ཆེན་པོ་ཞིག་སློང་རྒྱུའི་ཉེན་ཁ་ཆེ་རུ་སོང་འདུག

དེ་རིང་གཟའ་པ་སངས་ཉིན་ཐེ་ཝན་གྱི་སྲིད་བློན་སུ་ཀྲེན་ཁྲང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གིས་རང་གི་མཚོ་སྲུང་དམག་ལ་རྒྱལ་ཁབ་གཞན་གྱི་གྲུ་གཟིངས་དེ་ཚོར་མེ་མདའ་རྒྱག་ཆོག་པའི་ཁྲིམས་ཤིག་གཏན་བྱས་ནས་ས་གནས་འདིར་འཇིགས་སྣང་བསླེབས་པར་མ་ཟད། རང་དབང་དང་དམངས་གཙོའི་ལྟ་གྲུབ་གཅིག་མཚུངས་འཛིན་པ་རྣམས་ཀྱིས་ལས་དོན་མཉམ་སྒྲུབ་བྱས་ནས་ཞི་བདེ་སྲུང་སྐྱོབ་བྱ་དགོས་བྱུང་བ་རེད། ཕྱོགས་གཅིག་རྐྱང་པས་རང་གི་མཚོ་སྲུང་དམག་གིས་དྲག་ཤུགས་སྤྱོད་ཆོག་ཅེས་བཀོད་འདོམས་བྱས་པ་དེས་ཛ་དྲག་ཆེན་པོ་ཞིག་བསླངས་ཏེ་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོན་ཤུགས་ཐེབས་ཀྱི་ཡོད་པ་རེད་ཅེས་བཀྲལ། རྒྱ་ནག་གི་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས་ཨ་རི་དང་ཐེ་ཝན་གཉིས་ཀྱི་མཚོ་སྲུང་གི་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུའི་རྣམ་པ་ཞིག་ཐོན། ཕྱི་ཟླ་༣་ཚེས་༢༦་ཉིན་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་ཉམས་ཞིབ་ཁང་གི་འགན་འཛིན་ཁཱེ་རཱེ་ཤཱེན་སན་དང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེ་གཉིས་དུས་ཡུན་སྐར་མ་༤༠་ཐམ་པའི་མཛད་སྒོ་ཞིག་ལ་མཉམ་ཞུགས་གནང་ནས་ཨ་རི་དང་ཐེ་ཝན་གྱི་མཚོ་སྲུང་གྲོས་མཐུན་ལ་མིང་རྟགས་བཀོད། རྒྱ་ནག་གི་མཚོ་སྲུང་དམག་གིས་མེ་མདའ་རྒྱག་ཆོག་ཅེས་ཁྲིམས་ཤིག་གཏན་འབེབས་བྱས་པའི་རྗེས་སུ་ཐེ་ཝན་དང་ཨ་རི་གཅིག་པུ་མིན་པར་ཝྭི་ཏེ་ནམ་དང་བྷུ་རུ་ནེ། ཨིན་རྡུ་ནེ་ཤི་ཡ་དང་མ་ལེ་ཤི་ཡ། ཧྥི་ལི་ཕིན་བཅས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མཚོ་ཁོངས་ཀྱི་བདག་དབང་དོན་དུ་རྒྱ་ནག་ལ་འགལ་ཟླ་འབྱུང་གི་ཡོད་པའི་རྒྱལ་ཁབ་ཁག་གི་བློ་འཚབ་ཀྱང་ཆེ་རུ་སོང་། དེའི་སྔོན་ལ་རྒྱ་ནག་གི་མཚོན་ཆ་ཐོགས་པའི་ཉ་པའི་ཡུལ་དམག་གིས་ཉ་པའི་གྲུ་གཟིངས་དང་རྒྱ་ནག་གི་ཉ་འཛིན་མཚོ་ཁོངས་ལ་སྲུང་སྐྱོབ་བྱས་ཤིང་། ད་ལོ་རྒྱ་ནག་གཞུང་གིས་རང་གི་མཚོ་སྲུང་དམག་དཔུང་སྟེ། མཚོ་སྲུང་ཉེན་རྟོག་དཔུང་སྡེར་རྒྱ་ནག་གི་མཚོ་ཁོངས་ཡིན་ཞེས་བདག་དབང་རྩོད་ཡུལ་ཁག་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་སྤྲད་འདུག

ཐེ་པེ་གྲོང་ཁྱེར་གྱི་རྒྱལ་ཡོངས་བདེ་འཇགས་དང་རྒྱལ་སྲུང་ཞིབ་འཇུག་ཁང་གི་མཐོ་རིམ་ཉམས་ཞིབ་པ་སུ་ཚུ་ཡོན་གྱིས་བཤད་པ་ལྟར་ན། ད་ཐེངས་ཀྱི་གྲོས་མཐུན་འདི་རྒྱ་ནག་གི་ཉེན་ཁ་འགོག་པར་ཨ་རི་དང་ཐེ་ཝན་གཉིས་ཀྱིས་མངོན་གསལ་མེད་པར་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་རྟགས་མཚན་ཞིག་རེད། དུས་རྒྱུན་ཨ་རི་དང་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་རྣམས་ཕྱིར་བསྒྲགས་མི་བྱེད་པ་དང་མངོན་ཆུང་གི་སྒོ་ནས་ལས་དོན་སྒྲུབ་ཀྱི་ཡོད་ཅིང་། ད་ལྟ་ཨ་མི་རི་ཀ་དང་ཐེ་ཝན་གྱི་མཚོ་སྲུང་ལས་དོན་མཉམ་སྒྲུབ་ཀྱི་གྲོས་མཐུན་བཞག་པ་ཡོངས་གྲགས་སུ་ཁྱབ་བསྒྲགས་བྱས་པ་ཨ་མི་རི་ཀའི་འཐབ་ཇུས་འཛིན་སྟངས་ལ་འགྱུར་བ་བཏང་སྟེ་མངོན་གསལ་དོད་པ་བྱ་རྒྱུའི་ཕྱོགས་སུ་སྐྱོད་ཀྱི་ཡོད་པའམ། ཡང་ན་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཐུག་ན་ཨ་མི་རི་ཀས་ལངས་ཕྱོགས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་གྱི་རྣམ་འགྱུར་གསལ་པོ་བསྟན་པ་མཚོན་ཐུབ། ཐེ་ཝན་གྱིས་རང་གི་མཚོ་འོག་མཚོ་སྟེང་བཅས་ལ་མྱུལ་ཞིབ་དང་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ཡར་རྒྱས་གཏོང་དགོས་ཞེས་དབུས་གསར་འགྱུར་ལས་ཁང་ལ་བཤད་འདུག རྒྱ་ནག་གཞུང་གིས་བཅའ་ཁྲིམས་དེ་འདྲ་ཞིག་གཏན་འབེབས་བྱས་ཀྱང་ཕྱི་རྒྱལ་བའི་གྲུ་གཟིངས་ཁག་ལ་མེ་མདའ་རྒྱག་རྩིས་མེད་ཅེས་ཁག་ཐེག་བྱས་མོད། འོན་ཀྱང་ཧྥི་ལི་ཕིན་དང་ཉི་ཧོང་གི་བླ་འཚབ་ཞི་འཇམ་མ་སོང་། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཉི་ཧོང་དང་རྒྱ་ནག་གཉིས་ལ་སན་ཀ་ཁུའམ། ཏེའོ་ཡུའི་གླིང་ཚོམ་གྱི་བདག་དབང་ཐོག་ཏུ་རྩོད་པ་ཡོད་པ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཧྥི་ལི་ཕིན་དང་རྒྱ་ནག་གཉིས་ལ་གླིང་ཚོམ་འགའ་ཞིག་གི་བདག་དབང་ཐོག་ཏུ་རྩོད་པ་ཆེ། ཉི་ཧོང་དང་ཧྥི་ལི་ཕིན་གཉིས་ཀར་ཨ་མི་རི་ཀས་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་པ་རེད།།

གཟའ་མིག་དམར་ཉིན་ཨ་མི་རི་ཀའི་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མཚོ་དམག་བཀོད་འདོམས་པ་ཇཱོན་ཨ་ཁུའི་ལི་ནོས་གྲོས་ཚོགས་གོང་མའི་དམག་དོན་ཚོགས་ཆུང་ལ་སྙན་གསེང་ཞུས་པ་ལྟར་ན། རྒྱ་ནག་གིས་ཐེ་ཝན་གྱི་གནད་དོན་ཨང་དང་པོར་རྩི་བཞིན་འདུག ཁོ་ཚོས་མཚོན་ཆ་དང་དམག་གི་སྟོབས་ཤུགས་ཡོད་ཚད་བཀོལ་ཏེ་ཐེ་ཝན་གྱིས་ནམ་ཡང་ཁ་གཏད་གཅོག་མི་ཐུབ་པ་ཞིག་ལ་བསྒྱུར་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག ངས་བལྟས་ན་ཐེ་ཝན་ལ་ཉེན་ཁ་འབྱུང་རྒྱུ་མི་ཕལ་ཆེ་བས་ཚོད་དཔག་བྱེད་ཀྱི་ཡོད་པ་ལས་ཀྱང་སྔོན་ལ་འབྱུང་ས་རེད་ཅེས་བཤད། ཟླ་བ་འདིའི་མགོ་སྟོད་དེར་ཨ་རིའི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པས་གྲོས་ཚོགས་གོང་མར་རྒྱ་ནག་གིས་མ་འོངས་པའི་ལོ་༦་གི་ནང་དུ་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་རྟགས་མཚན་འདུག་ཅེས་བཤད། དམག་སྤྱི་ཨ་ཁུའི་ལི་ནོས་རྒྱ་ནག་དམར་ཤོག་ཚོགས་པས་རང་གི་དམིགས་ཡུལ་བསྒྲུབ་པར་དྲག་ཤུགས་བཀོལ་བའི་ལོ་རྒྱུས་མང་པོ་རྙེད་ཐུབ། ཨ་མི་རི་ཀའི་འཐབ་ཇུས་པ་ཚོའི་བློ་ཡུལ་དུ་མ་འཆར་སྔོན་ནས་རྒྱ་ནག་གིས་དྲག་ཤུགས་ལག་ལེན་བསྟར་སྲིད་པའི་དོགས་ཟོན་བྱ་དགོས། རྒྱ་གར་གྱི་ས་མཚམས་ཡིན་ནའང་འདྲ། ཧོང་ཀོང་དང་ཞིན་ཅང་ཡིན་ནའང་འདྲ། ང་ཚོས་སྔོན་དཔག་མ་ཐུབ་པ་མང་དག་ཅིག་རྒྱ་ནག་གིས་ལག་ལེན་བསྟར་པ་རེད། དེར་བརྟེན་ང་ཚོས་ཛ་དྲག་གི་བསམ་བློ་བཏང་སྟེ་འཕྲལ་དུ་གྲ་སྒྲིག་བྱ་དགོས་ཀྱི་འདུག་ཅེས་བསྟན། ཁོང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར་རྒྱ་ནག་གིས་དུས་ནམ་ཞིག་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ཡིན་མིན། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་གྲ་སྒྲིག་ཅི་ཞིག་བྱེད་ཀྱི་ཡོད་མེད་སོགས་གསང་བའི་གནས་ཚུལ་དེའི་ཞིབ་ཕྲ་རྣམས་གསལ་བཀྲོལ་བྱས་མེད་པ་རེད།།

XS
SM
MD
LG