ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐེ་ཝན་དང་སོ་མ་ལི་ལན་ཌི་གཉིས་ཀྱི་འབྲེལ་བ་ཡར་རྒྱས། 


ཨ་ཧྥི་རི་ཀའི་ཡུལ་ལུང་སོ་མ་ལི་ལན་ཌིའི་ཕྱི་སྲིད་བློན་ཆེན་ཀ་ཡི་དཱ་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཏེ་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་གྲོས་མོལ་གནང་།
ཨ་ཧྥི་རི་ཀའི་ཡུལ་ལུང་སོ་མ་ལི་ལན་ཌིའི་ཕྱི་སྲིད་བློན་ཆེན་ཀ་ཡི་དཱ་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཏེ་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་གྲོས་མོལ་གནང་།

༄༅།། ཐེ་ཝན་གྱི་སྲིད་གཞུང་དང་སོ་མ་ལི་ལན་ཌིའི་སྲིད་གཞུང་གཉིས་ལ་རྒྱལ་སྤྱིའི་ཐོག་ཏུ་ཕྱི་འབྲེལ་རྒྱ་བསྐྱེད་རྒྱུ་དེར་དཀའ་ངལ་ཡོད་ཀྱང་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་སོགས་ཀྱི་འབྲེལ་བ་རྣམས་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད། ཕྱི་ཟླ་༢་པའི་ཚེས་༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ཧྥི་རི་ཀའི་ཡུལ་ལུང་སོ་མ་ལི་ལན་ཌིའི་ཕྱི་སྲིད་བློན་ཆེན་ཀ་ཡི་དཱ་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཏེ་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་གྲོས་མོལ་བྱས་ཡོད་པ་སྟེ། ཁོང་གིས་ང་ཚོར་ཕྱོགས་གང་ཐད་དུ་འགོག་རྐྱེན་ཆེན་པོ་ཞིག་འཕྲད་ཀྱི་ཡོད་ཀྱང་དཀའ་ངལ་དེ་དག་ལ་གདོང་ལེན་བྱས་ནས་ཕྱོགས་གཉིས་ཀྱི་མཛའ་འབྲེལ་རྒྱ་སྐྱེད། ང་ཚོ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་ཤུགས་ཆེ་རུ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་བཅངས་ཡོད་ཅེས་གཏམ་བཤད་བྱས་ཤིང་། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་དང་སོ་མ་ལི་ལན་ཌི་གཉིས་ཀྱི་འབྲེལ་བ་སྲ་བརྟན་བྱུང་བར་རྗེས་སུ་ཡི་རང་ཡོད། ཐེ་ཝན་དང་སོ་མ་ལི་ལན་ཌི་གཉིས་ཀྱིས་འབྲེལ་བ་འཛུགས་ཐུབ་ཡོད་པ་ནི་ངའི་སྲིད་གཞུང་གི་གྲུབ་འབྲས་ཆེ་གྲས་ཤིག་ཡིན་ཞེས་ལན་བཏབ། སོ་མ་ལི་ལན་ཌིའི་ཕྱི་སྲིད་བློན་ཆེན་དང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲེང་ཝེ་གཉིས་ཀྱང་ཐུག་འཕྲད་གྲོས་མོལ་བྱུང་། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲེང་ཝེས་ང་ཚོ་རྒྱལ་ཁབ་གཉིས་ཀྱི་ལས་དབང་དེ་གཅིག་མཚུངས་རེད། ཐེ་ཝན་དང་སོ་མ་ལི་ལན་ཌི་གཉིས་ཀར་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་ངོས་འཛིན་བྱེད་ཐུབ་ཀྱི་མེད་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད། འོན་ཀྱང་ཐེ་ཝན་གྱིས་སོ་མ་ལི་ལན་ཌིའི་དམངས་གཙོའི་སྒྲོམ་གཞི་སྲ་བརྟན་གཏོང་རྒྱུ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས། སོ་མ་ལི་ལན་ཌིའི་རང་བྱུང་ནུས་པའི་ཐོན་ཁོངས་སྔོག་འདོན་དང་ཁ་པར་བརྡ་འཕྲིན། ཞིང་ལས་དང་སྨན་སྦྱོར་བཅས་ཀྱི་ལས་རིགས་ཁག་ལ་མཉམ་འབྲེལ་བྱས་ནས་ཡར་རྒྱས་གཏོང་འཆར་ཡོད་ཅེས་བཤད།།

ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་བ་དེར་འཁོད་པ་ལྟར་ན། ཕྱི་སྲིད་བློན་ཆེན་ཝུ་ཀྲེང་ཝེས་ཐེ་ཝན་དང་སོ་མ་ལི་ལན་ཌི་གཉིས་ཀྱིས་ཡུན་རིང་ལ་དམིགས་ནས་ཚོང་ལས་ཡར་རྒྱས་དང་ལག་རྩལ་ཅན་སྐྱེད་སྲིང་བྱ་དགོས་ཞེས་གྲོས་གཞི་བཏོན། ཐེ་ཝན་གྱི་གསར་འགྱུར་ལས་ཁང་གིས་ཕྱི་སྲིད་བློན་ཆེན་ཀ་ཡི་དཱས་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་ཐེ་ཝན་གཞུང་དམངས་གཉིས་ཀས་སོ་མ་ལི་ལན་ཌི་མི་དམངས་ལ་རོགས་སྐྱོབ་གནང་བར་བཀའ་དྲིན་ཆེ། ཐེ་ཝན་ནི་སོ་མ་ལི་ལན་ཌིའི་མཐུན་གྲོགས་གཙོ་བོ་དེ་ཡིན། ང་ཚོ་ཕྱོགས་གཉིས་ཀས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་མི་དམངས་ཀྱི་གཞི་རྩའི་རང་དབང་ཁག་ལ་བརྩི་འཇོག་བྱས་ནས་དམངས་གཙོའི་རྩ་དོན་རྣམས་ལག་ལེན་བསྟར་གྱི་ཡོད། ང་ཚོར་རྒྱ་ནག་དང་སོ་མ་ལི་ཡ་གཉིས་ཀྱིས་བཙན་དྲག་བཀོལ་ནས་ཕྱི་ལོགས་ཀྱི་གནོན་ཤུགས་ཅི་ཙམ་ཐེབས་ཀྱང་སོ་མ་ལི་ལན་ཌིས་ཐེ་ཝན་ལ་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུའི་འདུན་པ་འགོག་མི་ཐུབ། ཐེ་ཝན་དང་སོ་མ་ལི་ལན་ཌི་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་ལེན་བྱེད་ཀྱི་མེད་ཀྱང་ཁྱད་པར་མེད། ང་ཚོར་རང་བཙན་གྱི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛིན་ཆོག་པའི་ཐོབ་ཐང་ཡོད། ང་ཚོ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་སོ་མ་ལི་ལན་ཌིས་ཕྱིའི་རྒྱལ་ཁབ་ཁག་ལ་མཛའ་འབྲེལ་འཛུགས་ཆོག་པའི་ཐོབ་ཐང་ཡོད། བཙན་དྲག་དང་འཇིགས་སྐུལ་ནི་རྒྱལ་སྤྱིའི་ཟླ་གྲོགས་ཁག་གི་མཉམ་འབྲེལ་ལ་རྒྱབ་འགལ་དུ་གྱུར་ཡོད་པར་མ་ཟད། རྒྱལ་སྤྱིའི་ཕྱི་འབྲེལ་གྱི་སྒྲིག་སྲོལ་ཁག་ལ་མཐུན་པ་ཞིག་ཀྱང་མིན། བཙན་དྲག་དང་འཇིགས་སྐུལ་གྱིས་ས་གནས་དང་འཛམ་གླིང་ཡོངས་ལ་ཞི་བདེ་བསྐྲུན་ནས་བདེ་འཇགས་ཡོང་མི་ཐུབ་ཅེས་གཏམ་བཤད་བྱས་པའི་གནས་ཚུལ་སྤེལ་འདུག

༢༠༢༠ ལོའི་ཕྱི་ཟླ་༩་པའི་ཚེས་༩་ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་སོ་མ་ལི་ལན་ཌིའི་སྐུ་ཚབ་དོན་གཅོད་ཁང་སྒོ་ཕྱེ་བའི་མཛད་སྒོ།
༢༠༢༠ ལོའི་ཕྱི་ཟླ་༩་པའི་ཚེས་༩་ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་སོ་མ་ལི་ལན་ཌིའི་སྐུ་ཚབ་དོན་གཅོད་ཁང་སྒོ་ཕྱེ་བའི་མཛད་སྒོ།

ཐེ་ཝན་གྱི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། སོ་མ་ལི་ལན་ཌི་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་སོང་སྟེ་༢༠༢༠་ལོའི་ཕྱི་ཟླ་༨་པའི་ཚེས་༡༧་ཉིན་རྒྱལ་ས་ཧར་གྷེ་ས་གྲོང་ཁྱེར་དུ་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་སྒོ་བྱང་བྲིས་ནས་ལས་ཁུངས་ཤིག་སྒོ་ཕྱེ། ལོ་དེའི་ཕྱི་ཟླ་༩་པའི་ཚེས་༩་ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་སོ་མ་ལི་ལན་ཌིའི་སྐུ་ཚབ་དོན་གཅོད་ཁང་སྒོ་ཕྱེ། ༡༩༩༡་ལོར་སོ་ལི་ལན་ཌིས་རང་བཙན་གསལ་བསྒྲགས་བྱས་ཏེ་ཨ་ཧྥི་རི་ཀའི་རྒྱལ་ཁབ་སོ་མ་ལི་ཡའི་མངའ་འོག་ནས་ལོགས་སུ་ཐོན། ཡིན་ནའང་ད་ལྟའི་བར་དུ་འཛམ་གླིང་རྒྱལ་ཁབ་གཅིག་ལའང་ཕྱི་འབྲེལ་འཛུགས་མ་ཐུབ། དམངས་གཙོའི་ལམ་ལུགས་དར་ནས་རང་སྲིད་རང་སྐྱོང་གི་གནས་ཐོབ་འཛིན་པའི་ཐེ་ཝན་མཚོ་གླིང་གི་བདག་དབང་རྒྱ་ནག་གིས་བརྩད། སོ་མ་ལི་ལན་ཌིའི་བདག་དབང་ནི་སོ་མ་ལི་ཡའི་གཞུང་གིས་རྩོད་ཀྱི་ཡོད་པས་ཐེ་ཝན་དང་སོ་མ་ལི་ལན་ཌི་གཉིས་ཀས་རྒྱལ་ཁབ་གཞན་ལ་ཕྱི་འབྲེལ་བཙུགས་ནས་གཞུང་ཚབ་ཁང་སྒོ་འབྱེད་བྱ་རྒྱུ་དེར་དཀའ་ངལ་འཕྲད། ༢༠༠༡་ལོའི་ཕྱི་ཟླ་༢་པར་ཨ་ཧྥི་རི་ཀའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་གྷུ་ཡ་ནས་ས་ཐོག་ཏུ་ཐེ་ཝན་གྱི་ཚོང་དོན་ལས་ཁུངས་ཤིག་སྒོ་འབྱེད་རྒྱུའི་གྲོས་མཐུན་བྱུང་། རྒྱ་ནག་གི་གནོན་ཤུགས་འོག་ཆུ་ཚོད་༢༤་ཡི་རྗེས་སུ་གྲོས་མཐུན་དེ་ཕྱིར་འཐེན་བྱ་དགོས་བྱུང་ཞིང་། ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཎི་ཁ་རུ་གྷུ་ཝའི་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བཙུགས་པ་དང་ཐེ་ཝན་གྱི་གཞུང་ཚབ་ཁང་གི་ཁང་པའང་འཕྲོག་ནས་རྒྱ་ནག་ལ་སྤྲད། རྒྱ་ནག་གིས་དཔལ་འབྱོར་རོགས་རམ་དང་ཕྱི་འབྲེལ་གྱི་གནོན་ཤུགས་བརྒྱུད་ནས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་འབྲེལ་བ་འཛུགས་རྒྱུ་འགོག་ཐབས་སུ་འབད།།

ཕྱི་ཟླ་༢་པའི་ཚེས་༡༠་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ཧྥི་རི་ཀའི་རྒྱལ་ཁབ་སོ་མ་ལི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཐེ་ཝན་དང་སོ་མ་ལི་ལན་ཌི་གཉིས་ཀྱིས་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པ་ནི་རང་ཚོད་མ་ཟིན་པའི་འཐབ་རྩོད་ཅིག་རེད། སོ་མ་ལི་ཡ་རྒྱལ་ཁབ་ལ་སོ་མ་ལི་ལན་ཌིའི་བདག་དབང་ཡོད་པ་ཐེ་ཝན་གྱིས་སྣང་མེད་བཏང་སོང་ཞེས་ཁ་རྡུང་དྲག་པོ་བཏང་ཞིང་། དེ་བཞིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྱང་ཚེ་དབྱིན་ཝེན་གྱི་དམངས་གཙོ་ཡར་ཐོན་ཚོགས་པས་རང་བཙན་གྱི་མེ་ལྕེ་སྦར་ནས་རྒྱལ་ཁབ་གཞན་གྱི་རང་བཙན་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་གཏོར་བརླག་བྱེད་ཀྱི་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཐེ་ཝན་གཞུང་གིས་སོ་མ་ལི་ལན་ཌིར་ལས་རིགས་གང་གི་ཐོག་ཏུ་མཉམ་འབྲེལ་དང་རོགས་སྐྱོར་བྱ་རྒྱུ་ཡིན་མིན་གསལ་བཀྲོལ་མ་བྱུང་། སོ་མ་ལི་ལན་ཌིའི་ཕྱི་སྲིད་བློན་ཆེན་ཀ་ཡི་དཱས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པའི་ཁོངས་སུ་བློན་ཆེན་འགའ་ཞིག་ཡོད་པ་དེ་དག་ལ་བལྟས་ཚེ། ཐེ་ཝན་གཞུང་གིས་སོ་མ་ལི་ལན་ཌིར་ཞིང་ལས་དང་ཉ་རིགས་ཐོན་སྐྱེད། ཤེས་ཡོན་སློབ་གསོ་དང་རང་བྱུང་ནུས་པའི་འབྱུང་ཁུངས་གསར་འཚོལ་གྱི་ལས་རིགས་ཐོག་ཏུ་མཉམ་འབྲེལ་དང་རྒྱབ་སྐྱོར་བྱ་རྒྱུའི་རྟགས་མཚན་མངོན། རྒྱ་ནག་དང་སོ་མ་ལི་ཡ་གཉིས་ཀྱི་འགོག་རྐྱེན་ལ་དོགས་ཟོན་བྱས་ནས་ཐེ་ཝན་དང་སོ་མ་ལི་ལན་ཌི་གཉིས་ཀས་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་རང་བཙན་ལ་ངོས་ལེན་དང་ཕྱི་འབྲེལ་བཙུགས་ནས་གཞུང་ཚབ་ཁང་འཛུགས་རྒྱུ་ཡིན་མིན་གྱི་གནས་ཚུལ་གང་ཡང་ཕྱི་རུ་མ་བསྒྲགས། སྔ་ལོ་ལི་ཐུ་ཝེ་ཎི་ཡའི་གཞུང་གིས་རང་གི་ས་ཐོག་ཏུ་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་ཤིག་སྒོ་འབྱེད་དུ་བཅུག་པའི་རྗེས་སུ་རྒྱ་ནག་གིས་ལི་ཐུ་ཝེ་ཎི་ཡར་ཚོང་ལས་བཀག་ནས་ཉེས་ཆད་དྲག་པོ་བཅད།།

པེ་ཅིང་གི་དབང་འཛིན་པ་ཚོས་ཨ་མི་རི་ཀས་རྒྱ་ནག་བཀག་སྐྱིལ་བྱེད་པར་ལི་ཐུ་ཝེ་ཎི་ཡར་ངན་སྐུལ་བྱས་ནས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག ༢༠༡༦་ལོར་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚེ་དབྱིན་ཝེན་སྲིད་འཛིན་ལ་བདམས། དེ་ནས་བཟུང་སྟེ་རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་བཙན་འཛུལ་བྱ་རྒྱུའི་འཇིགས་སྐུལ་དང་ཚོང་ལས་བཀག་སྡོམ་སོགས་ཀྱི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་། ༢༠༢༠་ལོར་ཐེ་ཝན་མི་དམངས་ཀྱིས་སླར་ཡང་ཚེ་དབྱིན་ཝེན་སྲིད་འཛིན་ལ་བདམས། རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཐེ་ཝན་ལ་འཛམ་གླིང་ཡོངས་སུ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༤་ལས་མེད་ཀྱང་ཨ་མི་རི་ཀ་སོགས་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེར་དངོས་གཞི་མིན་པའི་འབྲེལ་བ་ཚུགས་ཡོད་ཅིང་། གཟའ་འཁོར་འདིའི་འཚམས་འདྲིའི་སྐབས་སུ་སོ་མ་ལི་ལན་ཌིའི་ཕྱི་སྲིད་བློན་ཆེན་གྱིས་ཐེ་ཝན་མཚོ་གླིང་གི་བཟོ་ཚོང་ལས་ཁང་ཁག་གིས་སོ་མ་ལི་ལན་ཌིའི་གཏེར་ཁའི་ལས་གྲྭ་ཁག་ལ་མ་རྩ་འཛུགས་དགོས། སོ་མ་ལི་ལན་ཌིར་སོལ་རླངས་དང་རྡོ་སྣུམ། རྡོ་སོལ་བཅས་ཀྱི་གཏེར་ཁའི་ཐོན་ཁུངས་ཕྱུག་པོ་ཡོད། ང་ཚོ་གཞན་གྱི་རོགས་སྐྱོར་འབའ་ཞིག་ལ་བརྟེན་རྒྱུའི་ཚབ་ཏུ་ཚོང་ལས་ལ་བརྟེན་འདོད་ཡོད་ཅེས་འབོད་སྐུལ་ཞུས། ཐེ་ཝན་དང་སོ་མ་ལི་ལན་ཌི་གཉིས་ནི་ཨེ་ཤི་ཡ་དང་ཨ་ཧྥི་རི་ཀའི་དམངས་གཙོ་དང་རང་དབང་གི་ཡུལ་ལུང་གཉིས་ཡིན་རུང་རྒྱལ་སྤྱིའི་ཐོག་ཏུ་ངོས་འཛིན་མ་ཐོབ། ལྷག་པར་དུ་སོ་མ་ལི་ཡར་མི་གསོད་ཁྲག་སྦྱོར་གྱི་ནང་འཁྲུག་ལངས་ནས་ཞི་བདེ་བརྟན་ལྷིང་མེད་ཀྱང་སོ་མ་ལི་ལན་ཌིའི་ཡུལ་དུ་ཞི་བདེ་བརྟན་ལྷིང་ཚུགས་ཏེ་དཔལ་འབྱོར་འཕེལ་རྒྱས། མདོར་ན་སོ་མ་ལི་ལན་ཌི་ནི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཅིག་གིས་མིག་དཔེར་བལྟ་དགོས་པ་ཞིག་ཏུ་གྱུར། བདུན་ཕྲག་འདིའི་གཟའ་མིག་དམར་ནས་གཟའ་སྤེན་པའི་བར་དུ་སོ་མ་ལི་ལན་ཌིའི་སྐུ་ཚབ་ཚོགས་པས་ཉི་མ་ལྔར་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཡོད་པ་རེད།།

XS
SM
MD
LG