ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

ཐེ་ཝན་གྱིས་ལི་ཐུ་ཝེ་ཎི་ཡར་ཨ་སྒོར་དུང་ཕྱུར་༢་མ་རྩ་འཛུགས་རྒྱུ།


༄༅།། ཟླ་ཤས་གོང་དུ་ལི་ཐུ་ཝེ་ཎི་ཡའི་རྒྱལ་སར་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་གསར་པ་ཞིག་སྒོ་འབྱེད་དུ་བཅུག་ནས་བཟུང་། རྒྱ་ནག་གཞུང་གིས་ལི་ཐུ་ཝེ་ཎི་ཡར་ཕྱི་འབྲེལ་གྱི་རིམ་པ་དམའ་རུ་བཏང་བ་དང་ཚོང་འབྲེལ་བཅད། རྒྱ་ནག་ལ་ཚོང་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་གིས་ལི་ཐུ་ཝེ་ཎི་ཡར་ཚོང་འབྲེལ་གཅོད་དགོས། ལི་ཐུ་ཝེ་ཎི་ཡར་ཚོང་འབྲེལ་མ་བཅད་ནས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་མི་ཆོག་ཅེས་གནོན་ཤུགས་སྤྲོད་འགོ་ཚུགས། རྒྱ་ནག་གིས་ལི་ཐུ་ཝེ་ཎི་ཡར་ཚོང་ལས་ཀྱི་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་དཀའ་ངལ་སེལ་ཐབས་སུ་ཐེ་ཝན་གྱིས་ལུ་ཐུ་ཝེ་ཎི་ཡ་ནས་ཨ་རག་རཱམ་ནང་འདྲེན། དེ་རིང་ཕྱི་ཟླ་༡་པའི་ཚེས་༦་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གཞུང་གིས་ལུ་ཐུ་ཝེ་ཎི་ཡའི་ཁྲོམ་རའི་ནང་དུ་ཨ་སྒོར་དུང་ཕྱུར་༢་མ་རྩད་འཛུགས་རྒྱུ་དང་ལོ་མཇུག་འདིར་མ་རྩ་རིམ་པ་དང་པོ་དེ་འཛུགས་རྒྱུ་ཡིན། ལུ་ཐུ་ཝེ་ཎི་ཡར་མ་རྩ་འཛུགས་རྒྱུའི་ཨ་སྒོར་དུང་ཕྱུར་༢་ཐེ་ཝན་གྱི་རྒྱལ་ཡོངས་ཡར་རྒྱས་ཐེབས་རྩ་ཁང་དང་ཐེ་ཝན་གྱི་དབུས་དངུལ་ཁང་གཉིས་ཀྱིས་ཟུར་འཇོག་བྱས་ནས་འགན་ལེན་ཡོད་ཅེས་ཐག་བཅད། གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཧོ་ཅན་ཙེང་གིས་ལི་ཐུ་ཝེ་ཎི་ཡར་མ་རྩ་འཛུགས་རྒྱུའི་འཆར་གཞི་དེ་ཕྱིར་བསྒྲགས་བྱས་ཡོད་པ་སྟེ། ཁོང་གིས་ད་ནི་ཐེ་ཝན་གྱིས་ལི་ཐུ་ཝེ་ཎི་ཡའི་དཀའ་ངལ་སེལ་རོགས་བྱེད་པའི་དུས་ཚོད་རེད་ཅེས་བཤད། དེའི་སྔོན་དེར་ལུ་ཐུ་ཝེ་ཎི་ཡའི་ཨ་རག་རཱམ་ཤེལ་དམ་༢༠༠༠༠་ལྷག་རྒྱ་ནག་ལ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་ཕྱིར་སློག་བྱས་ནས་ཐེ་ཝན་གྱིས་ནང་འདྲེན་བྱས་ཤིང་། ཐེ་ཝན་གཞུང་གིས་རང་གི་སྤྱི་དམངས་ལ་ཨ་རག་རཱམ་ཇི་ལྟར་འཐུང་དགོས་མིན་དང་ཟས་རིགས་ཀྱི་ནང་དུ་བསྲེ་སྦྱོར་བྱེད་ཕྱོགས་རྣམས་སློབ་སྟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག


ལི་ཐུ་ཝེ་ཎི་ཡའི་ཨ་རག་རཱམ་གྱི་ཐོན་སྐྱེད་བརྒྱ་ཆ་གཅིག་རྒྱ་ནག་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་རྒྱ་ནག་གཅིག་གི་རྩ་དོན་ལ་འགལ་འཛོལ་བྱུང་བའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་རྟག་ཏུ་ཚོང་འབྲེལ་དངོས་སུ་བཅད་ནས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་གསལ་བསྒྲགས་མ་སྤེལ་བར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་སྲོལ་ཞིག་དར། དཔེར་ན་ཨོ་གླིང་རྒྱལ་ཁབ་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག་ཅེས་གླེང་སློང་བྱས་པའི་རྗེས་སུ་རྒྱ་ནག་གིས་ཨོ་གླིང་ནས་སྐམས་ཤ་དང་རྒུན་ཆང་། ནས་སོགས་ཐོན་སྐྱེད་རྣམ་གྲངས་མང་དག་ཅིག་ནང་འདྲེན་བྱ་རྒྱུ་མཚམས་བཞག ཕྱི་ཟླ་༡་པོའི་ཚེས་༤་ཉིན་ལི་ཐུ་ཝེ་ཎི་ཡའི་སྲིད་འཛིན་ནོ་སེ་ཌས་ང་ཚོས་ཐེ་ཝན་ལ་སྐུ་ཚབ་དོན་གཅོད་ཁང་ཞིག་སྒོ་འབྱེད་དུ་བཅུག་པ་ནོར་འཁྲུལ་མིན། འོན་ཀྱང་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་མིང་བྱང་འགོད་དུ་བཅུག་པ་ནོར་འཁྲུལ་ཡིན་པ་འདྲ། མིང་བྱང་དེར་གོ་ནོར་ཞིག་ཐེབས་ཀྱི་ཡོད་ས་རེད་ཅེས་རྒྱལ་ཡོངས་རླུང་འཕྲིན་དང་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པའི་སྐབས་སུ་ལན་བཏབ། དེར་བརྟེན་ལི་ཐུ་ཝེ་ཎི་ཡའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ནོ་སེ་ཌར་ཁ་རྡུང་དྲག་པོ་བཏང་འདུག དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྱི་སྐུ་ཚབ་གཅོད་ཁང་བཙུགས་ཡོད་པ་དེ་དག་གི་སྒོ་བྱང་ལ་རྒྱ་ནག་པའི་ཐེ་པེ་ཚོང་དོན་ལས་ཁུངས་དང་ཐེ་པེའི་དཔལ་འབྱོར་ལས་ཁུངས། དེ་མིན་ན་ཐེ་པེའི་དཔལ་འབྱོར་དང་ཚོང་ལས། རིག་གཞུང་ལས་ཁུངས་ཞེས་སྒོ་བྱང་བཀོད། ལི་ཐུ་ཝེ་ཎི་ཡའི་གཞུང་གིས་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་མིང་བྱང་བཀོད་པའི་ལས་ཁུངས་ཤིག་སྒོ་འབྱེད་དུ་བཅུག་པ་ནི་ཐེ་ཝན་ལ་ཕྱི་འབྲེལ་གྱི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པར་མ་ཟད། ལོ་༡༨་ཀྱི་རྗེས་སུ་ཐེ་ཝན་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཅིག་གི་ས་ཐོག་ཏུ་སྐུ་ཚབ་དོན་གཅོད་ཁང་སྒོ་ཕྱེ་པ་ཐེངས་དང་པོར་གྱུར།།

གཟའ་ཕུར་བུའི་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་གཅོག་པར་ལི་ཐུ་ཝེ་ཎི་ཡར་ངན་སྐུལ་བྱས་ནས་ཐེ་ཝན་ལ་འབྲེལ་བ་འཛུགས་བཅུག་པ་རེད། ལུ་ཐུ་ཝེ་ཎི་ཡས་རྒྱ་ནག་གཅིག་གི་རྩ་དོན་ལ་འགལ་འཛོལ་བྱུང་བར་ཨ་མི་རི་ཀས་རྒྱབ་སྐྱོར་བྱེད་ཀྱི་འདུག ཨ་མི་རི་ཀས་རུ་ཚོགས་ཉུང་ཤས་ཤིག་བསྡུས་ནས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུ་ཆེ་བྷ་ལིན་ཁེན་དང་འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་རྒྱ་ནག་གིས་ལུ་ཐུ་ཝེ་ཎི་ཡར་ཚོང་ལས་ཀྱི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། རྒྱ་ནག་གིས་ལུ་ཐུ་ཝེ་ཎི་ཡར་ཐུབ་ཚོད་བྱེད་ཀྱི་ཡོད་པ་འོས་འཚམས་མིན་པ་དང་ང་ཚོ་དེར་བློ་འཚབ་ཆེན་པོ་ཡོད་ཅེས་གསལ་བསྒྲགས་སྤེལ། འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོ་ཡུ་རོབ་པ་རྣམས་ལུ་ཐུ་ཝེ་ཎི་ཡའི་རྒྱབ་རྩར་ལངས་ཡོད་ཅེས་བཤད། ལུ་ཐུ་ཝེ་ཎི་ཡའི་གཞུང་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་བརྩི་བཀུར་བྱེད་ཀྱི་ཡོད། ང་ཚོར་ཐེ་ཝན་ལ་འབྲེལ་བ་འཛུགས་ཆོག་པའི་ཐོབ་ཐང་ཡོད་ཅེས་ལངས་ཕྱོགས་གསལ་པོར་བསྟན། རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༤་ལས་མེད་ཀྱང་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་དང་ཐེ་ཝན་གྱི་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་ཡར་རྒྱས་སོང་། ལུ་ཐུ་ཝེ་ཎི་ཡར་མི་འབོར་ས་ཡ་༢་དང་འབུམ་༨་ཡོད་པ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་ཡིན་ཞིང་། ཨ་མི་རི་ཀ་ཡུན་རིང་ནས་ཐེ་ཝན་གྱི་རྒྱབ་སྐྱོར་བ་གཙོ་བོ་ཡིན་པ་དང་ཨ་རིའི་གཞུང་གིས་ང་ཚོ་རང་གི་མཐུན་གྲོགས་ཚོའི་ཕྱོགས་སུ་ལངས་ཡོད་ཅེས་བསྒྲགས།།

རྒྱ་ནག་གིས་རང་ལ་ཐེ་ཝན་གྱི་བདག་དབང་ཡོད། རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་དགོས། མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱེད་མ་ཐུབ་ན་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མངའ་ཁོངས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་ཐེ་ཝན་གཞུང་གིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་དགོས་མིན་ནི་ཐེ་ཝན་མི་དམངས་ས་ཡ་༢༣་ལྷག་གིས་ཐག་གཅོད་བྱ་དགོས། རྒྱ་ནག་གིས་བཙན་དྲག་བཀོལ་གྱི་ཡོད་པ་དང་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་གཅོད་དུ་འཇུག་གི་ཡོད་པ་རྣམས་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་ལན་བསློགས། དེ་བཞིན་རྒྱ་ནག་གིས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཡང་ནས་ཡང་དུ་ཐེ་ཝན་ལ་འཚམས་འདྲིར་ཕེབས་པ་དང་ཟླ་བ་སྔོན་མར་སྲིད་འཛིན་བྷ་ཌན་གྱིས་འཛམ་གླིང་རྒྱལ་ཁབ་༡༠༠་ལྷག་གི་སྐུ་ཚབ་འདུས་པའི་དམངས་གཙོའི་ཚོགས་ཆེན་ཞིག་བསྐོངས་པ་དེར་ཐེ་ཝན་གྱི་སྐུ་ཚབ་གདན་འདྲེན་ཞུས། ཕྱི་འབྲེལ་དུས་དེབ་ནང་དུ་རྒྱ་ནག་གིས་ལུ་ཐུ་ཝེ་ཎི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད་པར་ཡུ་རོབ་མཉམ་འབྲེལ་གྱིས་གཅིག་གྱུར་སྲིད་ཇུས་ཤིག་བཟུང་ནས་ལན་པ་སློག་དགོས། ལུ་ཐུ་ཝེ་ཎི་ཡའི་གཞུང་གིས་ཐེ་ཝན་ལ་འབྲེལ་བ་བཙུགས་པ་ནི་ཡུ་རོབ་མཉམ་འབྲེལ་གྱི་སྲིད་ཇུས་ལ་མ་མཐུན་པ་གང་ཡང་མི་འདུག ཡུ་རོབ་མཉམ་འབྲེལ་གྱིས་ལུ་ཐུ་ཝེ་ཎི་ཡར་རྒྱབ་སྐྱོར་དང་རྒྱ་ནག་གི་ཐོག་ཏུ་གཅིག་གྱུར་གྱི་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་ཞེས་རྩོམ་ཡིག་ཅིག་ཐོན། ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གིས་ཡུ་ཐུ་ཝེ་ཎི་ཡར་ཚོང་ལས་བཀག་སྡོམ་བྱེད་ཀྱི་ཡོད་པ་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་གཏུགས་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་འཁོར་འདིར་ཨ་རིའི་ཧིལ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་ལོའི་ཕྱི་ཟླ་༥་པའི་ནང་དུ་ལི་ཐུ་ཝེ་ཎི་ཡ་རྒྱ་ནག་གིས་བཙུགས་པའི་ཤར་ཡུ་རོབ་དང་དབུས་ཡུ་རོབ་པའི་རྒྱལ་ཁབ་༡༧་གྱི་མཐུན་ཚོགས་ཁོངས་ནས་ཕྱིར་འཐེན་བྱས་ཤིང་། ཞིས་ཅིན་ཕིང་གིས་ཤར་ཡུ་རོབ་དང་དབུས་ཡུ་རོབ་ལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་འཛུགས་སྐྲུན་བྱ་འཆར་ཡོད་པར་འགལ་རྐྱེན་ཕྲད། དེའི་རྗེས་སུ་ལི་ཐུ་ཝེ་ཎི་ཡའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་གིས་བཟོས་པའི་ལག་ཐོགས་ཁ་པར་ནང་དུ་བོད་དོན་དང་ཐེ་ཝན། ཞིན་ཅང་དང་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལྟ་བུའི་ཆབ་སྲིད་ཀྱི་མིང་ཚིག་རྣམས་རྙེད་མི་ཐུབ་པའི་བཀག་སྡོམ་བྱས་ཡོད་པ་རྩད་གཅོད་བྱུང་སྟེ་མི་དམངས་ལ་རྒྱ་ནག་གིས་བཟོས་པའི་ལག་ཐོགས་ཁ་པར་བཀོལ་སྤྱོད་བྱ་རྒྱུར་འཛེམ་ཟོན་བྱེད་དགོས་པའི་བརྡ་བརྒྱབ། ད་ལྟ་ལི་ཐུ་ཝེ་ཎི་ཡའི་གཞུང་གིས་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་སྐུ་ཚབ་དོན་གཅོད་ཁང་འཛུགས་རྒྱུ། ཐེ་ཝན་དང་ལི་ཐུ་ཝེ་ཎི་ཡ་གཉིས་ཀྱི་འབྲེལ་བ་ཅི་ཙམ་ཡར་རྒྱས་སོང་ཚེ། རྒྱ་ནག་གིས་དེ་ཙམ་གྱིས་ལི་ཐུ་ཝེ་ཎི་ཡར་ཕྱི་འབྲེལ་དང་དཔལ་འབྱོར། ཚོང་ལས་བཅས་ཀྱི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཞན་ཚོས་ཐེ་ཝན་ལ་འབྲེལ་བ་འཛུགས་མི་ཕོད་པའི་འཇིགས་སྣང་བསྐུལ། རྒྱ་ནག་གི་གནོན་ཤུགས་འོག་ཏུ་བྷ་ཀི་ན་ཧྥ་སོ་དང་ཌོ་མི་ཎི་ཁན་སྤྱི་མཐུན་རྒྱལ་ཁབ། ཨལ་ས་ཝ་ཌོར་དང་ཀི་རི་བྷ་ཏི། པ་ན་མ་དང་སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ། ༢༠༢༡་གི་ལོ་མཇུག་དེར་ཎི་ཁ་ར་གུ་ཝའི་གཞུང་གིས་ཐེ་ཝན་ལ་འབྲེལ་བ་བཅད་ནས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས། རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝེ་ཊི་ཁན་དང་ཐེ་ཝན་གྱི་ཕྱི་འབྲེལ་གཅོད་ཐབས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་པོ་ལན་ཌི། སི་ལོ་ཝ་ཀི་ཡ་བཅས་ཤར་ཡུ་རོབ་དང་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་དཔལ་འབྱོར་དང་རིག་གཞུང་གི་འབྲེལ་རྒྱ་སྐྱེད་གཏོང་གི་ཡོད་པ་རེད།།

XS
SM
MD
LG