ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་སློབ་གྲྭ་ཁག་སྒོ་བརྒྱབ་པ། 


༄༅།། ༢༠༡༩་ཡི་ལོ་མཇུག་དེར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ཐེ་ཝན་གྱིས་ནད་ཡམས་དེར་སྔོན་འགོག་བྱས་པའི་གྲུབ་འབྲས་ནི་འཛམ་གླིང་ཡོངས་ཀྱིས་མིག་དཔེར་བལྟ་འོས་པ་ཞིག་ཏུ་གྱུར་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་ཝན་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། ཡིན་ནའང་ཁ་སང་གཟའ་ཉི་མར་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༠༧་ཐོན། དེ་རིང་གཟའ་ཟླ་བའི་ཉིན་ནད་པ་གསར་པ་༣༣༥་ཐོན། མཚོ་གླིང་དེར་ཁྱོན་བསྡོམས་ཉི་མ་གཉིས་ཀྱི་རིང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༥༤༢་ཐོན། ཕྱི་ཟླ་༥་པའི་ཚེས་༡༧་ཉིན་ཐེ་ཝན་གྱི་ནད་རིགས་བཀག་སྡོམ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནད་པ་༡༥༨་ཀྱི་ནང་གི་ནད་པ་༡༥༥་ནི་ཐེ་པེ་གྲོང་ཁྱེར་གྱི་ཇ་ཁང་ཁག་གི་ཇ་མ་ཚོར་འབྲེལ་བ་བྱུང་ནས་ཁྱབ་འདུག དེར་བརྟེན་ཐེ་ཝན་གཞུང་གིས་གཟའ་སྤེན་པ་ནས་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་ཁྲིམས་གསར་པ་བསྡམས་ཏེ་ཆང་ཁང་དང་སྤྲོ་ཚོགས་ཁང་། རྩལ་སྦྱོང་ཁང་རྣམས་སྒོ་བརྒྱབ་སྟེ་རྒྱལ་ས་ཐེ་པེ་དང་ཐེ་པེ་གསར་པའི་མངའ་ཁུལ་བཅས་སུ་ཁང་པའི་ནང་དུ་མི་ལྔ་ལས་མང་བ་འདུ་འཛོམ་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཞིང་། མི་ཚོགས་འདུ་འཛོམ་གྱི་ཁྲིམས་ལ་འགལ་འཛོལ་བྱུང་ན་ཐེ་སྒོར་༣༠༠༠་ནས་༡༥༠༠༠་སྟེ། ཨ་སྒོར་༡༠༧་ནས་༥༣༥་ཡས་མས་རེ་ཆད་པ་གཅོད་རྒྱུའི་ཁྲིམས་ཤིག་བསྒྲགས། སང་ཉིན་གཟའ་མིག་དམར་ནས་ཐེ་པེ་དང་ཐེ་པེ་གསར་པའི་མངའ་ཁུལ་གྱི་སློབ་གྲྭ་ཁག་དང་སྔོན་འགྲོའི་སློབ་གྲྭ་རྣམས་བདུན་ཕྲག་གཉིས་ལ་སྒོ་རྒྱག་རྒྱུ། ཐེ་ཝན་གྱི་ས་གནས་འགའ་ཞིག་གི་གྲོང་སྡེ་ལས་ཁུངས་ཁག་ཀྱང་སྒོ་བརྒྱབ་སྟེ་ལས་མི་རྣམས་འཚོགས་མི་དགོས་པའི་ཐག་གཅོད་བྱས་འདུག

ཐེ་ཝན་གྱི་རྒྱལ་སར་སློབ་གྲྭ་ཁག་ཏུ་དུག་སེལ་བྱེད་བཞིན་པ།
ཐེ་ཝན་གྱི་རྒྱལ་སར་སློབ་གྲྭ་ཁག་ཏུ་དུག་སེལ་བྱེད་བཞིན་པ།

ཐེ་ཝན་གྱི་ནད་རིགས་བཀག་སྡོམ་ཁང་གིས་ནད་ཡམས་ཁྱབ་གདལ་སྔོན་འགོག་བྱེད་པར་སློབ་གྲྭ་ཁག་སྒོ་རྒྱག་རྒྱུ་གནད་འགག་ཆེན་པོ་རེད། ནད་དུག་མང་ཆེ་བ་ཕྱི་ལོགས་ནས་ཐེ་ཝན་ལ་ཁྱབ་པ་མ་ཡིན་པར་ནང་ཁུལ་ནས་ཁྱབ་གདལ་བྱུང་འདུག རྒྱལ་ས་ཐེ་པེ་དང་ཐེ་པེ་གསར་པའི་མངའ་ཁུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་འབྱུང་ཁུངས་དེ་རྩད་གཅོད་བྱེད་ཐུབ་མ་སོང་ཞེས་གནས་ཚུལ་སྤེལ། ཐེ་ཝན་གཞུང་གིས་ཕྱོགས་གཅིག་ནས་མི་ཚོགས་འདུ་འཛོམ་བཀག་སྡོམ་དང་ཚོང་ལས་ཁག་ཅིག་སྒོ་བརྒྱབ་ནས་ནད་ཡམས་སྔོན་འགོག་བྱ་རྒྱུ། ཁོ་ཚོས་ཕྱོགས་གཞན་ཞིག་ནས་རྒྱལ་ས་ཐེ་པེ་དང་ཐེ་པེ་གསར་པའི་མངའ་ཁུལ་གྱི་གཞུང་ལམ་དང་སྲང་ལམ་ཁག་ཏུ་དུག་སེལ་བྱས་ནས་ནད་དུག་སྔོན་འགོག་གི་བྱ་ཐབས་སྤེལ། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་མི་དམངས་ཀྱིས་ནད་ཡམས་སྔོན་འགོག་གི་སྒྲིག་ཁྲིམས་ཁག་བརྩི་སྲུང་བྱ་དགོས་པའི་ནན་སྐུལ་ཞུས་པར་མ་ཟད། ཁོང་གིས་མི་དམངས་རྣམས་བདེ་ཐང་དུ་གནས་ཐུབ་རྒྱུ་གཙིགས་སུ་འཛིན་གྱི་ཡོད་ཅེས་གཏམ་བཤད་བྱས་ཤིང་། ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཀྲུང་གིས་མཚོ་གླིང་དེར་ཛ་དྲག་ཆེན་པོ་ཞིག་འབྱུང་ཉེན་ཆེ། ཐོག་མར་ཐེ་ཝན་གྱི་གནམ་གྲུའི་ཁ་ལོ་བ་ཁག་ཅིག་ལ་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་སོང་། དེ་ནས་མི་དམངས་ཀྱི་གྲས་སུ་ནད་དུག་ཁྱབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་སོང་། ད་ལྟ་ཐེ་ཝན་གྱི་བྱང་ཤར་ས་ཁུལ་གྱི་དབྱི་ལན་གྲོང་ཁྱེར་དུའང་ཏོག་དབྱིབས་ནད་དུག་ཁྱབ་འགོ་ཚུགས་སོང་། ད་སྔ་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་མེད་པའི་སྟབས་ཀྱིས་འགོག་ཁབ་རྒྱག་མཁན་མང་པོ་ཞིག་བྱུང་མ་སོང་། གཟའ་འཁོར་འདི་ནས་ཐེ་ཝན་གྱི་མི་མང་ཁག་ཅིག་དངངས་སྐྲག་ལངས་ནས་འགོག་ཁབ་རྒྱག་ཏུ་རྒྱུག་གི་འདུག ཡིན་ནའང་ཐེ་ཝན་མི་དམངས་རྣམས་རྔམ་སྐྲག་ལང་མི་དགོས་ཞེས་བཤད།།

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཕྱོགས་བསྒྲིགས་བྱས་པའི་གཞི་གྲངས་སུ་ཐེ་ཝན་ལ་མི་འབོར་ས་ཡ་༢༣་ཡོད་པ་དེའི་མི་འབོར་བརྒྱ་ཆ་གཅིག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཡོད་ཅིང་། ནད་ཡམས་ཁྱབ་གདལ་ཤུགས་ཆེན་པོ་ཞིག་ཕྱིན་པའི་རྗེས་སུ་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་དང་འདྲ་བར་ཐེ་ཝན་གྱི་རྒན་རྒོན་དང་སྨན་པ། སྨན་ཞབས་པ་སོགས་འཕྲོད་བསྟེན་ལས་རིགས་ཀྱི་ཆེད་ལས་པ། ཕྱི་འབྲེལ་མི་སྣ་ཁག་དང་ཉེན་རྟོག་པ། རྒན་གསོ་ཁང་གི་ལས་བྱེད་པ་དང་ཆེད་ལས་པ་གཞན་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་མགོ་བརྩམས། ཨ་མི་རི་ཀ་དང་རྒྱ་གར། བྷར་ཛིལ་དང་ཨུ་རུ་སུ། ཏུར་ཀི་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་བསྡུར་ན་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གྲངས་འབོར་ཧ་ཅང་ཉུང་། མཚོ་གླིང་དེར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་ཆེན་པོ་ཞིག་ཕྲད་མྱོང་མེད་པས་གློ་བུར་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་ན་སྔོན་འགོག་བྱེད་ཐུབ་མིན་བཤད་དཀའ་བ་ཞིག་རེད་ཅེས་གནས་ཚུལ་སྤེལ། ད་ལྟའི་བར་དུ་ཐེ་ཝན་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༠༡༧་བྱུང་བ་དང་མི་༡༢་ལ་མ་གཏོགས་འཆི་སྐྱོན་མ་བྱུང་། བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་ཐེ་ཝན་ཏོག་དབྱིབས་ནད་དུག་གི་ནད་པ་ཉུང་ཤོས་ཨང་ལྔ་པ་ཡིན་པ་དང་། ཐེ་ཝན་གཞུང་གིས་ནད་ཡམས་སྔོན་འགོག་དང་སྨན་ཁབ་བརྒྱབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཀྱི་གསར་འགྱུར་སྤེལ། ཨོ་གླིང་རྒྱལ་ཁབ་ཀྱི་ལོ་ཝི་ཉམས་ཞིབ་ཁང་གིས་ཐེ་ཝན་ནི་འཛམ་གླིང་གི་ཏོག་དབྱིབས་ནད་དུག་གི་ནད་པ་ཉུང་ཤོས་ཨང་གསུམ་པ་རེད། འབྲུག་ཡུལ་ཨང་དང་པོ་དང་ནེའུ་ཛི་ལན་ཌི་ཨང་གཉིས་པ་རེད་ཅེས་ཐེ་ཝན་ལ་བསྔགས་བརྗོད་ཀྱི་གསར་འགྱུར་སྤེལ་འདུག ༢༠༢༠་ལོར་ཐེ་ཝན་རྒྱལ་ཡོངས་སུ་ཉི་མ་༢༥༠་རིང་ལ་ས་གནས་རང་དུ་འགོས་ཁྱབ་བྱུང་བའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མ་ཐོན།།

ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཀྲུང་།
ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཀྲུང་།

ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ས་མཚམས་ཁག་ལ་བཀག་སྡོམ་ནན་པོ་བྱས་པའི་གྲུབ་འབྲས་ཡིན་པ་སྟེ། ན་ནིང་ཕྱི་ཟླ་༣་པ་ནས་ཐེ་ཝན་གྱི་སྤྱི་དམངས་མ་ཡིན་པ་རྣམས་མཚོ་གླིང་དེར་ཡོང་དུ་མ་བཅུག གལ་ཏེ་ཐེ་ཝན་ལ་ཡོང་དགོས་ངེས་ཀྱི་རྒྱལ་སྤྱིའི་འགྲུལ་པ་རྣམས་ཟུར་འགོག་བྱས་ཀྱང་གནམ་གྲུའི་ཁ་ལོ་བ་དང་གནམ་གྲུའི་ལས་བྱེད་པ་རྣམས་ཟུར་འགོག་བྱ་རྒྱུ་དེར་ལྷོད་ཡངས་བཏང་འདུག ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཀྲུང་གིས་མཚོ་གླིང་དེའི་མཁའ་ལམ་ལས་ཁུངས་ཁག་གི་གནམ་གྲུའི་ཁ་ལོ་བ་དང་གནམ་གྲུའི་ལས་བྱེད་པ། མགྲོན་ཁང་གི་ལས་བྱེད་པ་རྣམས་ཀྱང་ཉིན་༡༤་ལ་ཟུར་འགོག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག ཐེ་ཝན་གཞུང་གིས་ཨ་རི་དང་འཇར་མན་ཎི་གཉིས་ཀྱིས་མཉམ་དུ་བཟོས་པའི་ཧྥེ་ཛར་དང་ཨ་རིའི་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་སོགས་སྨན་ཁབ་ས་ཡ་༢༠་ལྷག་མངགས་ཉོ་བྱས་ཀྱང་འཛམ་གླིང་གི་ཛ་དྲག་ཆེ་ས་ཁག་ལ་སྨན་ཁབ་མྱུར་དུ་འགྲེམ་སྤེལ་བྱ་དགོས་བྱུང་བ། ཐེ་ཝན་ལ་ནད་པ་ཧ་ཅང་ཉུང་ཉུང་ཡིན་པའི་རྐྱེན་གྱིས་ཐེ་ཝན་པ་འབུམ་༣་ལ་མ་གཏོགས་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་རྒྱག་མ་ཐུབ། ཐེ་ཝན་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཛ་དྲག་མིན་པའི་མི་དམངས་ལ་སྨན་ཁབ་རྒྱག་རྒྱུ་མཚམས་བཞག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཞའོ་མཱེ་ཆིན་གྱིས་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་ལ་ཕྱི་ཟླ་༦་པའི་ཟླ་མཇུག་གི་སྔོན་དུ་ཐེ་ཝན་ལ་སྨན་ཁབ་རྣམས་མཁོ་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་པ་ལྟར་མཁོ་སྤྲོད་བྱེད་ཐུབ་དགོས་པའི་ནན་སྐུལ་བྱེད་བཞིན་ཡོད། ང་ཚོའི་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཀྱི་དགོས་མཁོ་ཤུགས་ཆེ་རུ་སོང་ཞེས་ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་ལ་བཤད་འདུག

སྲིད་འཛིན་ཚེ་དབྱིན་ཝེན་གྱིས་གསལ་བཀྲོལ་མ་བྱས་ཀྱང་ཟླ་བ་རྗེས་མར་ཐེ་ཝན་ལ་སྨན་ཁབ་མང་ཙམ་འབྱོར་གྱི་ཡོད། ཐེ་ཝན་རང་གིས་བཟོ་སྦྱོར་བྱས་པའི་སྨན་ཁབ་ཀྱང་ཕྱི་ཟླ་༧་ནང་དུ་འཐོན་གྱི་ཡོད་ཅེས་མི་དམངས་ཀྱི་བློ་སེམས་བདེ་རུ་འགོད་ཐབས་བྱས་ཤིང་། དེ་རིང་གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་གྱིས་ཀྱང་སྨན་ཁབ་ནམ་འབྱོར་གྱི་ཡོད་མེད་ཀྱི་དུས་ཚོད་ལ་གནས་ཚུལ་གསར་པ་ཅང་བཤད་རྒྱུ་མེད། རིམ་བཞིན་ཐེ་ཝན་ལ་སྨན་ཁབ་འཕོན་ཆེན་ཞིག་འབྱོར་གྱི་ཡོད་ཅེས་བཤད། ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་གཞན་ཞིག་གིས་སྨན་ཁབ་ཀྱི་གནད་དོན་ནི་གསང་བ་དང་ཚོར་སྐྱེན་རྣོན་པོ་ཞིག་རེད། ང་ཚོས་དེའི་སྐོར་མང་ཚོགས་ལ་གསལ་པོ་ཞིག་བཤད་ཀྱི་མེད་ཅེས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གསར་འགོད་པར་གསང་གཏམ་བཤད་འདུག ཐེ་ཝན་གྱི་གོ་མིན་ཏང་ཕྱོགས་འགལ་ཚོགས་པས་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་དམངས་གཙོ་ཡར་ཐོན་ཚོགས་པས་མི་དམངས་ལ་སྨན་ཁབ་འདང་ངེས་ཡོད་མེད། སྨན་ཁབ་དེ་རྣམས་ཐེ་ཝན་ལ་ནམ་འབྱོར་གྱི་ཡོད་པའི་གསལ་བཀྲོལ་བྱ་དགོས། ཐེ་ཝན་འཛམ་གླིང་གི་གློག་ཆས་ཕྱིར་ཚོང་གི་རྒྱལ་ཁབ་གཙོ་བོ་དེ་ཡིན། གོ་ལའི་ཁྱོན་དུ་ཏོག་དབྱིབས་ནད་དུག་ཁྱབ་པའི་དུས་སུ་ཐེ་ཝན་གྱིས་འཛམ་གླིང་ཡོངས་ལ་གློག་ཆས་ཀྱི་ཐོན་སྐྱེད་རྣམས་ཆད་དུ་བཅུག་མེད། ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་ཝན་ལ་སྨན་ཁབ་དུས་ཐོག་ཏུ་མཁོ་སྤྲོད་བྱས་ནས་རོགས་རམ་བྱ་དགོས་པའི་དུས་ལ་བབས་འདུག་ཅེས་ལས་འགན་བསྒྲུབ་ཏུ་འཇུག་དགོས་པའི་གནོན་ཤུགས་སྤྲད། ཐེ་ཝན་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་བརྒྱུད་ནས་རྒྱ་ནག་གིས་བཟོས་པའི་སྨན་ཁབ་རྣམས་ལེན་མི་དགོས་པ་གཙོ་འདོན་བྱ་རྒྱུ། ཐེ་ཝན་གཞུང་གིས་རྒྱ་ནག་གི་རོགས་སྐྱོར་ལེན་མི་ཆོག་ཅེས་ཁྲིམས་གཏན་འབེབས་བྱས་ཀྱང་རྒྱ་ནག་གཞུང་གིས་ཐེ་ཝན་ལ་སྨན་ཁབ་རོགས་སྐྱོར་སྤྲོད་ཆོག ཐེ་ཝན་གྱིས་རྒྱ་ནག་གི་སྨན་ཁབ་ལེན་དགོས་ཞེས་ཨུ་ཚུགས་བརྒྱབ། ཐེ་ཝན་གྱི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་སྲིད་འཛིན་ཚེ་དབྱིན་ཝེན་གྱི་གཞུང་གིས་ནད་ཡམས་སྔོན་འགོག་བྱེད་ཐུབ་ཀྱི་མི་འདུག་ཅེས་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་རྒྱུ་མང་དུ་སོང་། ཐེ་ཝན་གྱི་བདེ་འཇགས་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་དྲྭ་ལམ་དུ་དཀྲོག་གཏམ་དང་གནས་ཚུལ་ལོག་པ་བཀྲམ་ནས་ཐེ་ཝན་མི་དམངས་རྣམས་སྲིད་གཞུང་ལ་ཡིད་ཆེས་བརླག་ཐབས་ཀྱི་ངན་ཇུས་ཤིག་གཤོམ་གྱི་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG