ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ། 


༄༅།། དེ་རིང་ཕྱི་ཟླ་༨་པའི་ཚེས་༢༣་ཉིན་ཐེ་ཝན་གྱིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་ཐོན། སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐེ་ཝན་སློབ་གྲྭ་ཆེན་མོའི་སྨན་ཁང་དུ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ། ཐེ་ཝན་གསར་འགྱུར་ལས་ཁུངས་དང་རོ་ཡེ་ཊར་སི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཉིན་ཐེ་ཝན་རང་གི་བཟོས་པའི་སྨན་ཁབ་ཐོན་པ་ནི་ཏོག་དབྱིབས་ནད་དུག་སྔོན་འགོག་དང་རྒྱ་ནག་གི་གནོན་ཤུགས་འོག་ཐེ་ཝན་གཞུང་གིས་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་ཉོ་ཐུབ་ཀྱི་མེད་པའི་དཀའ་ངལ་རྣམས་སེལ་ཐུབ། ལྷག་པར་དུ་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་ནས་མཚོ་གླིང་དེའི་མི་དམངས་ལ་རང་ཡུལ་གྱི་སྨན་ཁབ་གསར་པ་དེ་བརྒྱབ་སྟེ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཞིག་འཐོན་ངེས་རེད་ཅེས་བཀྲལ། སྲིད་འཛིན་ཚེ་དབྱིན་ཝེན་གྱི་ངོ་དེབ་ཏུ་ང་ལ་སྨན་ཁབ་བརྒྱབ་པའི་གཞུག་ཏུ་ནད་མནར་དང་མ་བདེ་བ་སོགས་གང་ཡང་བྱུང་མ་སོང་། སྨན་པ་དང་སྨན་ཞབས་པ་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྨན་ཁབ་བརྒྱབ་ན་སོ་སོ་རང་ཉིད་དང་བཟའ་མི་རྣམས། འཕྲོད་བསྟེན་ལས་སྣེ་སོགས་ལ་སྲུང་སྐྱོབ་བྱེད་ཐུབ། ང་ཚོས་འགོག་ཁབ་བརྒྱབ་ནས་ཐེ་ཝན་གྱི་ཏོག་དབྱིབས་ནད་དུག་འགོག་སྲུང་གི་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་དགོས་ཞེས་འཕྲིན་ཐུང་ཞིག་སྤེལ།།

སྲིད་འཛིན་ཚེ་དབྱིན་ཝེན་གྱི་ངོ་དེབ་ཏུ་ང་ལ་སྨན་ཁབ་བརྒྱབ་པའི་གཞུག་ཏུ་ནད་མནར་དང་མ་བདེ་བ་སོགས་གང་ཡང་བྱུང་མ་སོང་ཞེས་འཕྲིན་ཐུང་ཞིག་སྤེལ།
སྲིད་འཛིན་ཚེ་དབྱིན་ཝེན་གྱི་ངོ་དེབ་ཏུ་ང་ལ་སྨན་ཁབ་བརྒྱབ་པའི་གཞུག་ཏུ་ནད་མནར་དང་མ་བདེ་བ་སོགས་གང་ཡང་བྱུང་མ་སོང་ཞེས་འཕྲིན་ཐུང་ཞིག་སྤེལ།

ཐེ་ཝན་གྱི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་དེ་ནི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་གཞིས་ཚུགས་པའི་མཱེ་ཌི་ཇཱེན་སྨན་སྦྱོར་བཟོ་ཚོང་ཁང་གིས་གསར་དུ་བཟོས། ཟླ་བ་སྔོན་མར་ཐེ་ཝན་གཞུང་གིས་སྨན་ཁབ་དེ་མཚོ་གླིང་དེའི་མི་མང་ལོ་ན་༢༠་དང་དེའི་ཡན་ཆད་ཀྱི་མི་རྒན་པ་ཚོར་ཛ་དྲག་གི་ཆེད་དུ་སྨན་ཁབ་དེ་རྒྱག་ཆོག་པའི་ཆོག་མཆན་བཀོད། སྨན་ཐུན་དང་པོ་དང་གཉིས་ཀའི་བར་དུ་ཉུང་མཐར་ཡང་དུས་ཡུན་ཉིན་གྲངས་༢༨་ཀྱི་བར་མཚམས་འཇོག་རྒྱུ། སྨན་ཁབ་དེར་ཚོད་ལྟ་རིམ་པ་གསུམ་པ་བརྒྱུད་ནས་ནད་འགོག་གི་ནུས་པ་ཅི་ཐོན་དང་ཟུར་གནོད་སོགས་ཅི་ཡོད་ཀྱི་གཞི་གྲངས་རྣམས་སྟོན་རྒྱུ་མེད་མོད། འོན་ཀྱང་མཱེ་ཌི་ཇཱེན་སྨན་སྦྱོར་བཟོ་ཚོང་ཁང་གི་ཕྱིར་ཚོང་རྒྱ་སྐྱེད་འགན་འཛིན་ཊོར་ཁེ་ཧ་ཇཱེན་གྱིས་བཤད་པ་ལྟར་ན། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དེ་མི་༣༨༠༠་ལ་བརྒྱབ་ནས་ཚོད་ལྟ་རིམ་པ་གཉིས་པ་རྒྱ་ཆེན་པོ་ཞིག་བྱས་པ་ཡིན། དུས་རྒྱུན་གྱི་གོ་རིམ་ཁྲོད་དུ་ཚོད་ལྟ་རིམ་པ་གཉིས་པའི་སྐབས་སུ་མི་བརྒྱ་ཕྲག་རེ་ཟུང་ལ་མ་གཏོགས་འགོག་ཁབ་དེ་རྒྱག་གི་མ་རེད། ཚོད་ལྟ་རིམ་པ་གཉིས་པའི་གཞི་གྲངས་ལ་གཞིགས་ན་སྨན་ཐུན་གཉིས་ཀར་ནད་འགོག་གི་ནུས་པ་བརྒྱ་ཆ་༩༩་དང་གྲངས་ཆུང་༨་ཐོན་སོང་ཞེས་བསྒྲགས། ཁ་སྔོན་ཕྱི་ཟླ་༧་པའི་ཚེས་༡༧་ཉིན་ཐེ་ཝན་གྱི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཁང་གིས་སྨན་ཁབ་གསར་པ་དེར་ཟུར་གནོད་ཀྱི་ཉེན་ཁ་ཆེན་པོ་མི་འདུག ཐེ་ཝན་གཞུང་གིས་མཱེ་ཌི་ཇཱེན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་ས་ཡ་༥་མངགས་ཉོ་བྱས་པ་དང་མི་༧༠༠༠༠༠་ལ་སྨན་ཁབ་དེ་བརྒྱབ་ཟིན་ཞེས་གནས་ཚུལ་སྤེལ།།

༢༠༡༩་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ཐེ་ཝན་གཞུང་གིས་ས་མཚམས་བཀག་སྟེ་རྒྱ་ནག་སོགས་ནས་འགྲུལ་པ་ཡོང་དུ་མ་བཅུག་པར་༢༠༢༡་གི་མགོ་སྟོད་བར་དུ་ཐེ་ཝན་ལ་ཏོག་དབྱིབས་ནད་ཡམས་ཤུགས་ཆེན་པོ་ཞིག་ཁྱབ་མ་ཐུབ། ད་ལྟའི་བར་དུ་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༦༠༠༠་བྱུང་བ་དང་མི་༨༢༨་ལ་འཆི་སྐྱོན་ཕོག ཐེ་ཝན་ལ་མི་འབོར་ས་ཡ་༢༣་ཡོད་ཀྱང་རྒྱལ་སྤྱིའི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་ནས་སྨན་ཁབ་དུས་ཐོག་ཏུ་མངགས་ཉོ་བྱེད་ཐུབ་ཀྱི་མེད་པ། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་ཐེ་ཝན་གཞུང་གིས་ཕྱི་རྒྱལ་ནས་སྨན་ཁབ་ས་ཡ་༡༠་ལས་ཉོ་ཐུབ་མེད་པས་མཚོ་གླིང་དེའི་མི་འབོར་བརྒྱ་ཆ་༥་ཡས་མས་ཤིག་ལ་མ་གཏོགས་སྨན་ཐུན་གཉིས་ཀའི་འགོག་ཁབ་རྒྱག་མ་ཐུབ། ཐེ་ཝན་གཞུང་གིས་མི་གྲངས་གང་མང་ཞིག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཐེམ་པའི་ཆེད་དུ་སྨན་ཐུན་གཉིས་པའི་འགོག་ཁབ་རྒྱག་རྒྱུུ་ཕྱིར་འགྱངས་བྱས་པར་མ་ཟད། ད་ལོའི་ཕྱི་ཟླ་༧་པར་ཐེ་ཝན་གཞུང་གིས་ད་གཟོད་ཨ་རིའི་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་ས་ཡ་༣༦་མངགས་ཉོ་བྱས་ཤིང་། ཉམས་ཞིབ་པ་ཚོས་མཱེ་ཌི་ཇཱེན་སྨན་སྦྱོར་བཟོ་ཚོང་ཁང་གིས་སྨན་ཁབ་འདིར་ཚོད་ལྟ་རིམ་པ་གསུམ་པ་བྱས་ནས་གྲུབ་འབྲས་ལ་སྒུག་དགོས་ན་ལོ་འགའ་ཞིག་འགོར་སྲིད། ཐེ་ཝན་གཞུང་གིས་ཚོད་ལྟ་རིམ་པ་གཉིས་པའི་གྲུབ་འབྲས་ལ་གཞིགས་ནས་སྨན་ཁབ་འདི་ཛ་དྲག་གི་ཆེད་དུ་བཀོལ་སྤྱོད་བྱེད་ན་ཕན་ཐོགས་ཆེ་ཞེས་བསྟན།།

ཐེ་ཝན་གྱི་ནད་དུག་ཉམས་ཞིབ་པ་ལཱེ་མཱིང་ཀྲའོ་ཡིས་ཚོད་ལྟ་རིམ་པ་གཉིས་པའི་གྲུབ་འབྲས་ཡག་པོ་བྱུང་འདུག འགོག་ཁབ་འདིས་ནད་དུག་མགོ་བཅོམ་པ་དང་ཇི་སྲིད་ལུས་པོའི་ནང་དུ་ནད་འགོག་ཟུངས་ཤུགས་ཡོད་ན་དེ་སྲིད་དུ་ནད་དུག་འགོ་ཐུབ་པའི་གོ་སྐབས་ཧ་ཅང་ཕྲ་མོ་རེད། ཡིན་ནའང་དོན་དངོས་སུ་མཱེ་ཌི་ཇཱེན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་འདིས་ཏོག་དབྱིབས་ནད་དུག་འགོག་ཐུབ་ཀྱི་ཡོད་མེད་ནི་ཚོད་ལྟ་རིམ་པ་གསུམ་པའི་རྗེས་སུ་ཤེས་ཀྱི་རེད། སྨན་ཁབ་མ་འདྲ་བ་རེར་ནད་འགོག་གི་ནུས་པ་ཆེ་ཆུང་དང་དགེ་སྐྱོན་མ་འདྲ་བ་རེ་འབྱུང་། སྨན་ཁབ་ཚང་མ་གཤིབ་སྡུར་བྱས་ནས་བལྟ་མི་ཉན་ཞེས་བཤད། རྒྱལ་སྤྱིའི་འཕྲོད་བསྟེན་མཁས་པ་ཚོས་མཱེ་ཌི་ཇཱེན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གསར་པ་དེར་ནད་འགོག་གི་ནུས་པ་ཅི་ཙམ་ཡོད་མེད། སྨན་ཁབ་དེར་ཟུར་གནོད་ཅི་ཞིག་འབྱུང་རྒྱུ་ཡིན་མིན་རྣམས་ཤེས་རྟོགས་མི་ཐུབ་ཅེས་དོགས་སློང་བྱས་འདུག ཐེ་ཝན་གྱི་ཁྲང་གུང་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཞིས་ཞིན་རུ་ཡིས་མཱེ་ཌི་ཇཱེན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་དེར་ནད་འགོག་གི་ནུས་པ་ཅི་ཙམ་ཡོད་མེད་བཤད་དཀའ། སྨན་ཁབ་དེ་ཚོད་ལྟ་བྱས་ནས་དུས་ཡུན་རིང་པོ་ཕྱིན་མེད་ཅེས་བཤད། ད་སྔ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཆོག་མཆན་ཐོབ་ཡོད་པ་གཅིག་ཀྱང་མེད་ཅིང་། དེང་སྐབས་སྨན་ཁབ་རྒྱག་གི་ཡོད་པ་ཚང་མ་ཛ་དྲག་གི་ཆེད་དུ་བཀོལ་སྤྱོད་བྱེད་ཆོག་པའི་ཆོག་མཆན་ཐོབ་པ་འབའ་རེད་ཅེས་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་འདུག

ཐེ་ཝན་གྱི་གོ་མིན་ཏང་ཕྱོགས་འགལ་ཚོགས་པས་སྨན་ཁབ་དེ་བདེ་འཇགས་ཡིན་མིན་ངེས་གཏན་བྲལ། སྲིད་འཛིན་ཚེ་དབྱིན་ཝེན་གྱི་གཞུང་གིས་འཕྲལ་དུ་སྨན་ཁབ་དེ་ཛ་དྲག་གི་ཆེད་དུ་རྒྱག་ཆོག་པའི་ཆོག་མཆན་བཀོད་པ་ནོར་འཁྲུལ་རེད་ཅེས་སྐྱོན་བཙུགས། གོ་མིན་ཏང་སྲིད་དོན་ཚོགས་པའི་མཐོ་རིམ་ལས་སྣེ་ཁག་ཅིག་གིས་ཁྲིམས་ཁང་ལ་སྨན་ཁབ་དེ་ཕྱིར་བསྡུ་བྱ་དགོས་པའི་བཀའ་གཏོང་དགོས་ཞེས་ཞུ་གཏུག་བྱས་འདུག གོ་མིན་ཏང་གི་ཚོགས་མི་ཞིག་གིས་ཐེ་ཝན་མི་དམངས་རྣམས་བརྟག་དཔྱད་ཁང་གི་བྱི་བ་དཀར་པོ་ལྟར་ཚོད་ལྟ་བྱ་ཡུལ་དུ་འགྱུར་མི་ཉན་ཞེས་ངོ་རྒོལ་གྱི་འབོད་ཚིག་བསྒྲགས། ཐེ་ཝན་གཞུང་གིས་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་དང་ཨ་རིའི་མོ་ཌེར་ན་སྨན་ཁབ་གཉིས་རྒྱག་གི་ཡོད་ཀྱང་སྲིད་འཛིན་ཚེ་དབྱིན་ཝན་གྱིས་རྒྱལ་ནང་གི་སྨན་ཁབ་མ་ཐོན་བར་འགོག་ཁབ་མ་བརྒྱབ། དེ་རིང་གཟའ་ཟླ་བའི་ཉིན་ཐེ་ཝན་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤་ཐོན་ཡོད་པ་དང་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་མ་ཐུབ་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན། འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཁྲུང་གིས་ཕྱི་ཟླ་༩་པའི་ཚེས་༦་བར་དུ་ཐེ་ཝན་གྱི་ཆང་ཁང་དང་མཚན་ཚོགས་ཁང་སོགས་སྒོ་བརྒྱབ་ནས་འབྱེད་མི་ཆོག ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་བཀག་འགོག་མ་ཐུབ་ན་ཆང་ཁང་སོགས་སྒོ་རྒྱག་དགོས་པའི་དུས་ཡུན་ཕར་འགྱངས་བྱ་སྲིད་ཅེས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG