ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐེ་ཝན་གྱི་སྲིད་འཛིན་གསར་པས་ད་ཡོད་ཀྱི་ཕྱི་འབྲེལ་སྲིད་ཇུས་རྒྱུད་འཛིན་གནང་རྒྱུ་དང་མ་འོངས་པར་ཐེ་ཝན་ནང་ཁུལ་གྱི་སྲིད་དོན་འགལ་ཟླ་ཆེ་རུ་འགྲོ་སྲིད་པ།


༢༠༢༤ ལོའི་ཟླ་བ༥ པའི་ཚེས་༡༥ ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་སྐོང་འཚོགས་གནང་བའི་དྲ་ལམ་བདེ་འཇགས་ཐད་ཀྱི་ཚོགས་འདུ་ཞིག་གི་སྐབས་སུ་འདེམས་ཐོན་སྲིད་འཛིན་ལའེ་ཆིང་ཏེ་ལགས་ཀྱིས་ཕྱག་རྡེབ་བཞིན་པའི་ངང་ཚུལ།
༢༠༢༤ ལོའི་ཟླ་བ༥ པའི་ཚེས་༡༥ ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་སྐོང་འཚོགས་གནང་བའི་དྲ་ལམ་བདེ་འཇགས་ཐད་ཀྱི་ཚོགས་འདུ་ཞིག་གི་སྐབས་སུ་འདེམས་ཐོན་སྲིད་འཛིན་ལའེ་ཆིང་ཏེ་ལགས་ཀྱིས་ཕྱག་རྡེབ་བཞིན་པའི་ངང་ཚུལ།

༄༅། །སྤྱི་ཟླ་༥ པའི་ཚེས་༢༠ ཉིན་ལ་དམངས་གཙོ་ཡར་ཐོན་ཚོགས་པའི་འདེམས་ཐོན་སྲིད་འཛིན་སྐུ་ཞབས་ལའེ་ཆིང་ཏེ་ལགས་དངོས་སུ་ཐེ་ཝན་སྲིད་འཛིན་གྱི་གོ་གནས་བཞེས་རྒྱུ་ཡིན་ཞིང་། ཐེ་ཝན་གྱི་སྲིད་འཛིན་གསར་པ་ཁོང་གིས་སྲིད་འཛིན་ལས་ཐོག་ལྕམ་ཚའེ་དབྱིན་ཝན་མཆོག་གི་ཕྱི་འབྲེལ་སྲིད་ཇུས་ནུས་སྟོབས་དང་ལྡན་པ་དེ་མུ་མཐུད་ནས་རྒྱུད་འཛིན་གནང་རྒྱུ་དང་། སྲིད་འཛིན་དམ་འབུལ་མཛད་སྒོའི་གཏམ་བཤད་ནང་པེ་ཅིང་ལ་མཐུན་ལམ་གྱི་རྣམ་འགྱུར་གང་ལེགས་བསྟན་རྒྱུ་ཡིན་པའི་ཚོད་དཔག་ཡོང་བཞིན་པ་དང་། ད་ཆ་མ་འོངས་སྲིད་འཛིན་གསར་པའི་འཛིན་སྐྱོང་འོག་ཐེ་ཝན་རྒྱལ་ནང་གི་སྲིད་དོན་གྱི་གནས་སྟངས་ཐད་སྲིད་དོན་ཚོགས་པ་ཁག་ཕྱོགས་ཕན་ཚུན་དབར་མཁྲེགས་བཟུང་ངང་འཕེལ་མེད་དུ་གནས་སྲིད་པའི་ཚོད་དཔག་ཀྱང་ཡོང་བཞིན་པ་རེད།

ཨ་རིའི་མཉམ་འབྲེལ་གསར་ཁང་གིས་སྤྱི་ཟླ་༥ པའི་ཚེས་༡༩ ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནས་འབྱོར་བའི་གནས་ཚུལ་ཞིག་ལས་གསལ་དོན་ལྟར་ན། ལའེ་ཆིང་ཏེ་ལགས་ཀྱིས་སྲིད་འཛིན་འོས་བསྡུའི་སྐབས་སུ་ཡང་ནས་བསྐྱར་དུ་ལྕམ་ཚའེ་དབྱིན་ཝེན་མཆོག་གི་སྲིད་ཇུས་ཁ་ཕྱོགས་རྒྱུད་འཛིན་གནང་རྒྱུའི་ཞལ་བཞེས་ལན་མང་གནང་ཡོད་པ་དང་། ལྷག་པར་དུ་ལྕམ་ཚའེ་དབྱིང་ཝན་མཆོག་གིས་ཕེབས་ཊོ་བསྐོར་ནས་ལམ་ཐོག་ཏུ་ཕེབས་བཞིན་པ་དང་། སྐུ་ཞབས་ལའེ་ཆིང་ཏེ་ལགས་འཁྲིས་ལ་བཞུགས་པའི་བརྙན་པར་གྲགས་ཅན་དེ་ལས། མཇུག་ཏུ་ལྕམ་ཚའེ་དབྱིང་ལན་མཆོག་གིས་ཕེབས་ཊོ་དེ་ལའེ་ཆིང་ཏེ་ལགས་སུ་རྩིས་སྤྲོད་གནང་རྗེས་འཁྲིས་ཀྱི་བཞུགས་སྟེགས་སུ་ལྕམ་ཞའོ་མེ་ཆིང་ལགས་ལྷན་ཞུགས་ཀྱིས་མདུན་ཕྱོགས་སུ་ཕེབས་པ་དེར་སྲིད་ཇུས་ཁག་མུ་མཐུད་སོར་གནས་རྒྱུད་འཛིན་ཡོང་རྒྱུའི་མཚོན་དོན་ཆེན་པོ་ཡོད་པ་རེད།

༢༠༢༤ ལོའི་ཟླ་བ༡ པོའི་ཚེས་༡༣ ཉིན་འདེམས་ཐོན་སྲིད་འཛིན་སྐུ་ཞབས་ལའེ་ཆིང་ཏེ་ལགས་དང་ལྕམ་ཞའོ་མེ་ཆིང་ལགས་རྣམ་གཉིས་དམངས་གཙོ་ཡར་ཐོན་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་མདུན་གྱི་འདུ་འཛོམས་ཐོག་ལྷན་ཞུགས།
༢༠༢༤ ལོའི་ཟླ་བ༡ པོའི་ཚེས་༡༣ ཉིན་འདེམས་ཐོན་སྲིད་འཛིན་སྐུ་ཞབས་ལའེ་ཆིང་ཏེ་ལགས་དང་ལྕམ་ཞའོ་མེ་ཆིང་ལགས་རྣམ་གཉིས་དམངས་གཙོ་ཡར་ཐོན་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་མདུན་གྱི་འདུ་འཛོམས་ཐོག་ལྷན་ཞུགས།

ཨ་རིའི་མཉམ་འབྲེལ་གསར་ཁང་གིས་ད་ལྟ་དགུང་ལོ་༦༤ ལ་ཕེབས་པའི་སྐུ་ཞབས་ལའེ་ཆིང་ཏེ་ལགས་ཀྱིས་ཚེས་༢༠ རེས་གཟའ་ཟླ་བའི་ཉིན་ལ་སྲིད་འཛིན་གྱི་གོ་གནས་དངོས་སུ་བཞེས་སྐབས། ཁོང་གི་དམ་འབུལ་མཛད་སྒོའི་ཐོག་གི་གཏམ་བཤད་ཀྱི་ནང་དོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་གནང་རྒྱུ་ཡིན་པ་དང་། ཐེ་ཝན་གྱི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཆེས་མཐོའི་དཔོན་རིགས་ཤིག་གིས་བརྗོད་དོན་ལྟར་ན། སྐུ་ཞབས་ལའེ་ཆིང་ཏེ་ལགས་ཀྱི་གཏམ་བཤད་དེ་ནི། དེ་སྔར་ཁོང་ཉིད་སྲིད་འཛིན་ལ་འདེམས་ཐོན་བྱུང་དུས་སྤེལ་བའི་གཏམ་བཤད་ཀྱི་ནང་དོན་དང་ཧ་ལམ་འདྲ་མཚུངས་ཡིན་སྲིད་པ་དང་། གཙོ་བོ་ཐེ་ཝན་གྱི་གཏན་འཇགས་ཐད་ཡིད་ཆེས་འཕེར་བར་གལ་གནད་དུ་བཟུང་ཐོག་སྲིད་འཛིན་ལས་ཐོག་ལྕམ་ཚའེ་དབྱིན་ཝེན་ལགས་ཀྱི་མཚོ་འགག་ཕྱོགས་གཉིས་ཀྱི་གནས་སྟངས་སོར་གནས་གནང་རྒྱུའི་ད་ཡོད་ཀྱི་སྲིད་ཇུས་རྒྱུན་འཁྱོངས་གནང་སྲིད་པ་རེད་ཅེས་བརྗོད་འདུག།

ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་སྐུ་ཞབས་ལེ་ཆིང་ཏེ་ལགས་ཀྱི་དམ་འབུལ་མཛད་སྒོ་མ་ཚུགས་པའི་སྔོན་ཙམ་ཏེ། སྤྱི་ཟླ་༥ པའི་ཚེས་༡༧ ཉིན་ལ། མཚན་སྨོས་འདོད་མེད་པའི་ཐེ་ཝན་གྱི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཆེས་མཐོའི་དཔོན་རིགས་ཤིག་གིས་གསུངས་དོན་ལྟར་ན། སྐུ་ཞབས་ལེ་ཆིང་ཏེ་ལགས་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ནས་བཟུང་། ད་ཕན་ཞི་བདེ་དང་དམངས་གཙོ། ཡར་རྒྱས་བཅས་ཀྱི་ཐད་ནན་བརྗོད་ལན་མང་གནང་ཡོད་པའི་རྨང་གཞིའི་ཐོག། ད་ལན་ཁོང་གི་དམ་འབུལ་མཛད་སྒོའི་གཏམ་བཤད་ལས། མཚོ་འགག་ཕྱོགས་གཉིས་དབར་ཞི་བདེ་བརྟན་བརླིང་ཡོང་རྒྱུ་དང་གཅིག། ཐེ་ཝན་གྱིས་སོ་སོ་རང་ཉིད་ལ་ཡིད་ཆེས་འཕེར་བ་གནང་རྒྱུ་དང་གཉིས། འགན་ཁུར་ཡོད་པའི་ཐོག་ནས་ཕྱག་ལས་གནང་རྒྱུ་དང་གསུམ། ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་གནང་རྒྱུ་དང་བཞི་བཅས་དོན་ཚན་དེ་དག་བཞིའི་ཐད་གཙོར་འདོན་གནང་སྲིད་པ་རེད།

༢༠༢༤ ལོའི་ཟླ་༥ ཚེས་༡༩ ཉིན། ཐེ་ཝན་གྱི་སྲིད་འཛིན་གསར་པ་བགྲེས་གཞོན་རྣམ་གཉིས་དང་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཞེ་ལགས་ལྷན་རྒྱས་རྒྱལ་ས་ཐེ་པེའི་སྲིད་འཛིན་དམ་འབུལ་སྐུ་ཚབ་ཚོགས་པས་གསོལ་ཚིགས་སྣེ་ལེན་གྱི་སྐབས་སུ།
༢༠༢༤ ལོའི་ཟླ་༥ ཚེས་༡༩ ཉིན། ཐེ་ཝན་གྱི་སྲིད་འཛིན་གསར་པ་བགྲེས་གཞོན་རྣམ་གཉིས་དང་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཞེ་ལགས་ལྷན་རྒྱས་རྒྱལ་ས་ཐེ་པེའི་སྲིད་འཛིན་དམ་འབུལ་སྐུ་ཚབ་ཚོགས་པས་གསོལ་ཚིགས་སྣེ་ལེན་གྱི་སྐབས་སུ།

གོང་ཞུས་ཐེ་ཝན་གྱི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཆེས་མཐོའི་དཔོན་རིགས་དེས་ཇི་སྐད་གསུངས་པ་ལྟར། ལྕམ་ཚའེ་དབྱིན་ཝེན་མཆོག་གི་འཛིན་སྐྱོང་གནང་རིང་ཐེ་ཝན་དེ་བཞིན་རྒྱལ་སྤྱིའི་ཐོག་ལ་འགན་ཁུར་ཡོད་པའི་རྣམ་པ་ཞིག་བསྐྲུན་ཡོད་པ་དང་། གཞུང་གི་སྲིད་ཇུས་འཛིན་ཕྱོགས་དེ་ཡང་རྒྱུན་མཐུན་རང་བཞིན་ཡོད་པ་ཞིག་ཡིན་པར་མ་ཟད། མ་འོངས་པར་དོན་དག་ཅི་ཞིག་བྱུང་ཡང་ཡུལ་དུས་གནས་སྟངས་ཀྱི་འགྱུར་ལྡོག་ལ་དཔག་པའི་དགོས་ངེས་ཀྱི་སྲིད་ཇུས་གཏན་འབེབས་གནང་རྒྱུ་ཡིན་ཡང་། རྩ་བའི་རྩ་དོན་གྱི་ཁ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་གཏང་གི་མ་རེད་ཅེས་དང་། ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་སྲིད་དོན་ཚོགས་པ་གང་ལ་རྒྱལ་ཁ་ཐོབ་ཀྱང་། རྩ་བའི་སྲིད་ཇུས་ལ་འགྱུར་བ་འགྲོ་མི་སྲིད་ཅིང་། ཨ་རི་དང་ཐེ་ཝན་གཉིས་བར་ཐུན་མོང་གི་རིན་ཐང་ལྟ་གྲུབ་གཞི་རྟེན་བྱས་ཐོག་ཁྱབ་ཁོངས་གང་མང་ནང་ལ་མཉམ་ལས་རྒྱུན་འཁྱོངས་མཐའ་འཁྱོལ་ཡོང་ངེས་ཡིན་པ་རེད།

ཐེ་ཝན་མཚོ་འགག་ཕྱོགས་གཉིས་དབར་སྤྱི་ལོ་༡༩༤༩ ལོ་ནས་སྲིད་དོན་ཐ་དད་དུ་གྱུར་རྗེས། གཅིག་འོག་ལ་གཅིག་འདུས་མྱོང་མེད་ཀྱང་། པེ་ཅིང་གིས་དུས་རྟག་ཏུ་ཐེ་ཝན་ལ་བདག་དབང་ཡོད་ཚུལ་བརྗོད་ཀྱི་ཡོད་པར་མ་ཟད། ཐ་ན་དྲག་པོའི་ཐབས་ལམ་བེད་སྤྱོད་གཏང་དགོས་བྱུང་ཡང་། མཚོ་འགག་ཕྱོགས་གཉིས་སྐྱིད་སྡུག་འདོད་སྒྲིལ་གྱིས་གཅིག་གྱུར་བྱ་རྒྱུའི་དྲིལ་བསྒྲགས་བྱས་དང་བྱེད་མུས་ཡིན་པ་དང་། ཉེ་བའི་ལོ་འགའ་ཤས་རིང་ལ་རྒྱ་ནག་གི་དམག་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་པེ་ཅིང་གཞུང་གིས་ཐེ་ཝན་ཐོག་དམག་དོན་གྱི་གནོན་ཤུགས་སྤེལ་རྒྱུ་ཡང་ཤུགས་ཇེ་ཆེ་དང་ཛ་ཇེ་དྲག་ཡིན་པ་རེད།

གླེང་སྟེགས།

XS
SM
MD
LG