ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཐེ་ཝན་པ་༤༠༡་ལ་གསར་དུ་ནད་དུག་འགོས་པ་དང་མི་༡༣་འདས་གྲོངས། 


༄༅།། ཕྱི་ཟླ་༥་པའི་ཚེས་༢༧་ཉིན་ཐེ་ཝན་གྱི་འཕྲོད་བསྟེན་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤༠༥་ཐོན་པ་དང་མི་༡༣་ལ་འཆི་སྐྱོན་བྱུང་བ། ནད་པ་༤་ཕྱི་རྒྱལ་བ་ཡིན་པ་དང་མི་༢༦༦་གི་ནད་རྟགས་དཔེ་མཚོན་ལ་བརྟག་དཔྱད་བྱས་ཚར་མ་སོང་། ད་ལྟའི་བར་དུ་ཐེ་ཝན་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༦༧༠༠་ལྷག་བྱུང་བ་དང་མི་༥༩་ལ་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། དེ་རིང་ཕྱི་དྲོར་ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཀྲུང་གིས་ནད་པ་༤༠༡་ལ་ཐེ་ཝན་གྱི་ས་ཐོག་ཏུ་ནད་དུག་འགོས་པ་ནི་མཚོ་གླིང་དེར་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་ནས་བཟུང་། ཉི་མ་གཅིག་ལ་ནད་པ་ཆེས་མང་ཤོས་ཤིག་ཡིན། ནད་པ་དེ་དག་གི་གྲས་ཀྱི་མི་༡༩༠་ཐམ་པ་སྐྱེས་པ་དང་མི་༢༡༡་བུད་མེད་རེད། ཁོ་ཚོ་ལོ་ན་༥་ནས་ལོ་༡༠༠་བར་ཡིན་པ་དང་མི་དེ་དག་ལ་ཕྱི་ཟླ་༤་པའི་ཚེས་༢༦་ནས་ཕྱི་ཟླ་༥་པའི་ཚེས་༢༦་བར་དུ་བརྟག་དཔྱད་བྱས་པ་ཡིན། ནད་པ་༡༧༧་ཐེ་པེ་གསར་པ་དང་ནད་པ་༡༣༠་ཐམ་པ་རྒྱལ་ས་ཐེ་པེ་གྲོང་ཁྱེར། ནད་པ་༡༨་ཏའོ་ཡོན་དང་༡༥་ཀི་ལུང་། ནད་པ་༡༤་གའོ་ཤུང་གྲོང་ཁྱེར་དང་ནད་པ་༡༠་ཁྲང་ཧྭ་རྫོང་དུ་བྱུང་ཞིང་། ནད་པ་༧་ཐེ་ཀྲུང་དང་༦་ཧྭ་ལཱེན་རྫོང་། དབྱི་ལན་རྫོང་དང་ཞིན་ཁྲུ་རྫོང་ལ་ནད་པ་༥་རེ། ཐེ་ཀྲུང་རྫོང་དུ་ནད་པ་༤་དང་ཕིང་ཐུང་རྫོང་དུ་ནད་པ་༣་བྱུང་འདུག ཆི་ཡི་དང་ལཱེན་ཁྲང་རྫོང་དུ་ནད་པ་༢་རེ། མེའོ་ལི་དང་ནན་ཐུག ཡུན་ལིན་རྫོང་དུ་ནད་པ་རེ་རེ་བཅས་བྱུང་འདུག མི་༢༦༦་གི་ནད་རྟགས་དཔེ་མཚོན་བླངས་པ་དེ་དག་ལ་བརྟག་དཔྱད་བྱེད་ཐུབ་མེད་པའི་གྲས་སུ་སྐྱེས་པ་༡༤༠་དང་བུད་མེད་༡༢༦་འདུག ཁོ་ཚོ་ལོ་༥་ནས་༩༠་བར་དུ་རེད་ཅེས་གསར་འགོད་གསལ་བསྒྲགས་ཞིབ་ཕྲ་ཞིག་སྤེལ།།

ཐེ་ཝན་གྱི་ནད་རིགས་བརྟག་དཔྱད་ཁང་གིས་ཐེ་པེ་གྲོང་ཁྱེར་གྱི་ཝན་ཧྭ་ས་གནས་སུ་ནད་པ་༡༢༥་བྱུང་ཡོད་པ་དེ་དག་ལ་རྩད་གཅོད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་༢༥་ཇ་ཁང་ཞིག་ཏུ་ཕྱིན་ནས་ནད་དུག་འགོས་ཡོད་པ་དང་མི་༥་ལ་རྒྱལ་སྤྱིའི་སྤྲོ་སྐྱིད་ཁང་ཞིག་ཏུ་ནད་དུག་འགོས། ནད་པ་༡༡༧་ལ་ནད་དུག་གང་ནས་འགོས་མིན་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་མི་༢༢༢་ལ་ནད་དུག་གང་ནས་འགོས་པའི་འབྱུང་ཁུངས་རྩད་ཆོད་སོང་། ནད་པ་༡༤༥་ལ་ནད་དུག་གང་ནས་འགོས་མིན་གྱི་འབྱུང་ཁུངས་རྩད་ཆོད་མ་སོང་། ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་ཐེ་ཝན་པ་དེ་རྣམས་སྐྱེས་པ་༩་དང་བུད་མེད་༤་ཡིན་ཞིང་། ཁོ་ཚོ་ལོ་ན་༤༠་ནས་༩༠་བར་དུ་ཡིན་འདུག འཆི་སྐྱོན་བྱུང་བ་དེ་དག་གི་གྲས་ཀྱི་མི་༩་ལ་སྔོན་ནས་ན་ཚ་ཡོད་པ་དང་མི་༡༠་ཐམ་པ་ཉེ་དུས་ཝན་ཧྭ་དང་ནད་དུག་ཁྱབ་ཡུལ་ཁག་ཏུ་ཕྱིན་འདུག ཐེ་ཝན་ལ་ཕྱི་ལོགས་ཀྱི་ནད་དུག་འགོས་པའི་ནད་པ་༤་བྱུང་ཡོད་པ་དེ་རྣམས་རྒྱ་གར་བ་༢་དང་ཧྥི་ལི་ཕིན་བ་༢་རེད། རྒྱ་གར་བ་དེ་དག་ནི་ལོ་ན་༢༠་ནས་༣༠་ཡས་མས་སུ་སོན་ཡོད་པ་དང་ཕྱི་ཟླ་༥་པའི་ཚེས་༢༤་ཉིན་ཐེ་ཝན་ལ་འབྱོར། ཁོ་ཚོ་ཟུར་འགོག་གིས་ཕྱི་ཟླ་༥་པའི་ཚེས་༢༧་ནས་སྨན་བཅོས་བྱ་རྒྱུ་འགོག་ཚུགས་ཡོད། ཧྥི་ལི་ཕིན་གྱི་སྐྱེས་པ་དེ་དག་ལོ་ན་༢༠་ཡས་མས་སུ་སོན་པ་དང་ཕྱི་ཟླ་༥་པའི་ཚེས་༡༠་དང་ཚེས་༢༦་ཉིན་སྔ་རྗེས་སུ་ཐེ་ཝན་ལ་འབྱོར། ཁོ་ཚོ་ཡང་ཟུར་འགོག་བྱས་ནས་སྨན་བཅོས་བྱས་དང་བྱེད་བཞིན་ཡོད། ད་ལྟའི་བར་དུ་ཐེ་ཝན་གཞུང་གིས་མི་༤༣༤༨༤༠་ལ་བརྟག་དཔྱད་བྱས་ཏེ་མི་༣༨༡༧༣༥་ལ་ནད་རྟགས་མ་ཐོན། ཐེ་ཝན་ལ་ནད་པ་༦༧༦༡་བྱུང་བ་དེའི་ཁོངས་ཀྱི་ནད་པ་༡༡༢༤་ཕྱི་རྒྱལ་ནས་མཚོ་གླིང་དེར་ཁྱབ། ནད་པ་༥༥༨༤་ལ་ས་གནས་རང་དུ་ནད་དུག་འགོས། མི་༣༦་ཐེ་ཝན་གྱི་མཚོ་དམག་རེད་ཅེས་བཀོད།།

ཐེ་ཝན་གཞུང་གིས་རྒྱལ་ཡོངས་སུ་བཀག་སྡོམ་རིམ་པ་གསུམ་པ་ལག་ལེན་བསྟར་གྱི་ཡོད་པས་མི་༡༠་ལས་མང་བ་མཉམ་འདུ་བྱེད་མི་ཆོག་པ་དང་རྟག་ཏུ་ཁ་རས་གྱོན་དགོས་པའི་བཀོད་ཁྱབ་བཏང་འདུག ཨ་རིའི་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གཞུང་གིས་མི་དམངས་ལ་ཁྱོན་ཡོངས་ནས་བརྟག་དཔྱད་རྒྱ་ཆེན་པོ་ཞིག་བྱ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་ཅིང་། འཕྲོད་བསྟེན་མཁས་པ་ཚོས་ནད་ཡམས་ཁྱབ་གདལ་ཛ་དྲག་ཅན་ཞིག་ལ་མ་གྱུར་གོང་དུ་བརྟག་དཔྱད་གང་མང་ཞིག་བྱ་རྒྱུ་གནད་འགག་ཤིན་ཏུ་ཆེ་ཞེས་བསྟན། ཐེ་ཝན་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྨན་དཔྱད་སློབ་དཔོན་རུ་བྷི་ཧོང་གིས་ནད་མནར་བྱུང་ཡོད་པ་དེ་དག་གི་ནད་རྟགས་ངོས་འཛིན་བྱས་ནས་སྔོན་འགོག་བྱ་རྒྱུ་གཙིགས་སུ་འཛིན་དགོས། འདི་ནི་དུས་ཚོད་ལ་ལག་སྔ་བརྩད་ནས་འཐབ་རྩོད་བྱེད་དགོས་པ་ཞིག་རེད་ཅེས་བཤད། ཐེ་ཝན་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཉུང་ཤས་ཤིག་ཡོད་པའི་དུས་དེར་རྒྱུན་ལྡན་གྱི་འཚོ་བ་རྒྱུན་སྐྱོང་དང་སློབ་གྲྭ་ཁག་སྒོ་ཕྱེ། མི་རྣམས་ཇ་ཁང་ཆང་ཁང་དང་སྤྲོ་སྐྱིད་ཁང་སོགས་ལ་སོང་། ཟ་ཁང་དང་ཚོང་ཁང་སོགས་སྒོ་ཕྱེ་ནས་འཛམ་གླིང་ཡོངས་སུ་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་ཀྱང་ཐེ་ཝན་གྱི་དཔལ་འབྱོར་ཡར་རྒྱས་སོང་། ཐེ་ཝན་ལ་ནད་ཡམས་བཀག་སྡོམ་བྱས་ཐུབ་པའི་གྲུབ་འབྲས་གཙོ་བོ་ཞིག་ནི་ས་མཚམས་བཀག་སྟེ་འགྲུལ་པ་ཡོང་དུ་མ་བཅུག་པ་དང་མི་རྣམས་དུས་ཡུན་བདུན་ཕྲག་གཉིས་ལ་ངེས་པར་དུ་ཟུར་འགོག་བྱེད་དགོས་པའི་སྒྲིག་ཁྲིམས་ལག་ལེན་བསྟར། དུས་ནས་དུས་སུ་ནད་པ་ཉུང་ཤས་རེ་བྱུང་བ་དེ་དག་ལ་འཕྲལ་དུ་འབུར་བཅོམ་བྱས་ཀྱང་ཟླ་བ་སྔོན་མར་ཐེ་ཝན་གྱི་མཁའ་ལམ་ལས་ཁུངས་ཀྱི་གནམ་གྲུའི་ཁ་ལོ་བ་སོགས་ཀྱིས་ནད་དུག་ཁྱབ་གདལ་བཏང་ཞིང་། ཐེ་ཝན་གཞུང་གིས་གནམ་གྲུའི་ཁ་ལོ་བ་དང་ལས་བྱེད་པ་རྣམས་ཉི་མ་གསུམ་ལ་མ་གཏོགས་ཟུར་འགོག་བྱེད་ཀྱི་མེད་པ་རེད།།

ཉེ་དུས་ཤིག་ནས་ཐེ་ཝན་གཞུང་གིས་མི་༦༠༠༠༠༠་ལྷག་ཟུར་འགོག་བྱས་པ་དང་ལས་བྱེད་པ་རྣམས་དུས་གཅིག་ཏུ་ལས་ཁུངས་སུ་འདུ་མི་དགོས་པར་རེས་མོས་ཀྱི་ལས་ཀར་ཡོང་རྒྱུ། སློབ་གྲྭ་སོགས་སྒོ་བརྒྱབ་སྟེ་མི་མང་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་དེར་ཤུགས་སྣོན་བརྒྱབ། ད་སྔ་ཐེ་ཝན་ལ་མི་འབོར་ས་ཡ་༢༣་ཡོད་པ་དེའི་ཁོངས་ནས་མི་འབོར་བརྒྱ་ཆ་གཅིག་ལ་འགོག་ཁབ་བརྒྱབ་ཟིན། ཐེ་ཝན་གཞུང་གིས་ཨ་མི་རི་ཀའི་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་ས་ཡ་༢༠་ཐམ་པ་མངགས་ཉོ་བྱས་པ་རྣམས་ཕྱི་ཟླ་༦་པའི་ནང་དུ་ཐེ་ཝན་ལ་འབྱོར་རྒྱུ། རྒྱ་ནག་གཞུང་གིས་ཐེ་ཝན་ལ་སྨན་ཁབ་རོགས་སྐྱོར་སྤྲོད་དགོས། ཐེ་ཝན་གཞུང་གིས་ངེས་པར་དུ་རྒྱ་ནག་གི་སྨན་ཁབ་རོགས་རམ་ལེན་དགོས་ཞེས་གནོན་ཤུགས་སྤྲད། དེང་སྐབས་ཐེ་ཝན་གྱི་བརྟག་དཔྱད་ཁང་དེ་དག་གིས་ཉི་མ་རེར་ནད་རྟགས་དཔེ་མཚོན་༡༢༠་ལ་བརྟག་དཔྱད་བྱེད་ཀྱི་ཡོད་ཀྱང་སྨན་ཁང་ཁག་གིས་ཉིན་རེར་ནད་རྟགས་དཔེ་མཚོན་༤༠༠་ལྷག་གཏོང་གི་ཡོད་འདུག བརྟག་དཔྱད་ཁང་ཞིག་གི་ལས་སྣེ་ཊིམ་ཚེ་ཞེས་པ་ཞིག་གིས་ང་ཚོའི་སྨན་དཔྱད་ལས་བྱེད་པ་ཚོས་མཚན་གུང་དུ་ལས་མཚམས་འཇོག་དགོས་ཀྱི་འདུག་ཅེས་བཤད། ཐེ་ཝན་གཞུང་ལ་བརྟག་དཔྱད་ཁང་༡༤༡་ཡོད་པ་དེ་དག་གི་ནང་དུ་ཉི་མ་རེར་ནད་རྟགས་དཔེ་མཚོན་༣༠༠༠༠་ལ་བརྟག་དཔྱད་བྱེད་ཐུབ་ཀྱི་ཡོད་པའི་གནས་ཚུལ་སྤེལ། མཚོ་གླིང་དེའི་འཕྲོད་བསྟེན་ལྷན་ཁང་གིས་ནད་དུག་འགོས་ཡོད་པ་རྣམས་མི་སུ་སུ་ལ་འབྲེལ་བ་བྱུང་ཡོད་པ་རྩད་གཅོད་བྱ་རྒྱུ་དང་ནད་རྟགས་ཐོན་པ་ཚོར་བརྟག་དཔྱད་བྱ་རྒྱུའི་ཐབས་ཇུས་ཤིག་ལག་ལེན་བསྟར། ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ཟུར་པ་ཁྲེན་ཅན་རཱེན་གྱིས་ཐབས་ཇུས་དེ་ནུས་པ་ལྡན་པ་དང་ནད་ཡམས་སྔོན་འགོག་བྱེད་ཐུབ་པ་ཞིག་རེད་ཅེས་བསྔགས་བརྗོད་བྱས་འདུག

ཐེ་ཝན་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྨན་དང་སྨན་དཔྱད་ཐོན་སྐྱེད་ཉམས་ཞིབ་པ་ཨར་ནོལ་ཌི་ཆན་གྱིས་སྲིད་གཞུང་གི་ལས་སྣེ་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ཇུས་གཉིས་བསྟེན་དགོས། ཕྱོགས་གཅིག་ནས་ནད་པ་དོགས་ཅན་རྣམས་ཟུར་འགོག་བྱ་དགོས་པ་དང་ཕྱོགས་གཞན་དེར་མི་གྲངས་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས། ངས་བལྟས་ན་ཐེ་ཝན་གཞུང་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་གྲ་སྒྲིག་མི་འདུག་ཅེས་སྐྱོན་བཙུགས། ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཀོ་ཝེན་ཇཱེས་ནད་བརྟག་འཕྲུལ་ཆས་༢༥༠༠༠༠་ལྷག་ཉོ་སྒྲུབ་བྱས་ཡོད། ད་ནས་མི་གང་མང་ཞིག་ལ་བརྟག་དཔྱད་བྱ་རྒྱུ་གནད་འགག་ཆེན་པོ་རེད། རྒྱ་ནག་གི་གཏམ་དཔེར་ཞི་བདེའི་དུས་སུ་དར་ཞིང་རྒྱས་ཀྱང་དཀའ་ངལ་དུས་སུ་ཉམས་པར་འགྱུར་ཞེས་པ་ལྟར་ང་ཚོར་གྲུབ་འབྲས་ཐོན་ནས་དཀའ་ངལ་མེད་པའི་དུས་དེར་ཡར་རྒྱས་མི་གཏོང་བ་ཆོས་ཉིད་རེད། མི་ལ་དཀའ་ངལ་འཕྲད་པའི་དུས་སུ་ཡར་རྒྱས་མ་བཏང་ཐབས་མེད་རེད། སྔ་ལོ་ང་ཚོས་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱས་ནས་གྲུབ་འབྲས་ཐོན་དྲགས་པ་དང་ད་ལོ་ཐེ་ཝན་གཞུང་གིས་ལྷོད་ཡངས་ཤོར་པ་རེད་ཅེས་བཤད། ཐེ་ཝན་གཞུང་གིས་ནད་དུག་སྔོན་འགོག་གི་དམ་དྲག་ཁག་ཕྱི་ཟླ་༦་པའི་ཚེས་༡༤་བར་དུ་ལག་ལེན་བསྟར་རྒྱུ། ད་ལྟ་ཐེ་ཝན་ཕྱི་ནང་གཉིས་ཀྱི་སྨན་པ་དང་འཕྲོད་བསྟེན་མཁས་པ་ཚོ་བློ་འཚབ་ཡོང་ས་གཙོ་བོ་ཞིག་ཐེ་ཝན་པ་ཁག་ཅིག་གིས་རང་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་གསང་བ་བྱས་ནས་སྨན་བཅོས་མ་བྱས་པར་སྤྱི་ཚོགས་ལ་ཁྱབ་གདལ་གཏོང་སྲིད་དེ་ཡིན་པར་མ་ཟད། ཐེ་ཝན་ལ་སྨན་ཁབ་ཀྱང་འདང་ངེས་མེད་པ། ཐེ་ཝན་གཞུང་གིས་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་ཉོས་ཡོད་པ་དེའི་སྨན་ཁབ་ས་ཡ་གཉིས་ཕྱི་ཟླ་༦་པའི་ཚེས་༡༠་ཉིན་ཐེ་ཝན་ལ་འབྱོར་རྒྱུ། ཕྱི་ཟླ་༨་པའི་ཟླ་མཇུག་བར་དུ་སྨན་ཁབ་ས་ཡ་༡༠་འབྱོར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG