ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༢

ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་དང་ན་གཞོན་གྱི་འོས་ཤོག


༄༅།། ཕྱི་ལོ་༢༠༢༠་ལོའི་ཟླ་བ་དང་པོའི་ཚེས་༡༡་ཉིན་ཐེ་ཝན་ལ་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་རྣམས་འོས་འདེམས་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱ་ནག་གི་གནོན་ཤུགས་དང་འཇིགས་སྐུལ་ལ་བརྟེན་ནས་ཐེ་ཝན་གྱི་རང་དབང་དང་དམངས་གཙོའི་ལམ་ལུགས་ཉམས་དམས་སུ་འགྲོ་རྒྱུའི་ཉེན་ཀ་འདུག ཡིན་ནའང་ང་ཚོ་ནང་ཁུལ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་ལ་གོང་བཀུར་དང་མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེའི་བརྟན་ལྷིང་ལ་སྲུང་སྐྱོབ། ང་ཚོ་ཐུན་མོང་གིས་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་བྱེད་ཐུབ་ཚེ། མཐར་རྒྱ་ནག་གཞུང་གིས་ཐེ་ཝན་ལ་གྲོས་མོལ་བྱ་དགོས་པའི་དུས་སྐབས་ཤིག་འཆར་རྒྱུའི་གདེང་ཚོད་ཡོད་ཅེས་བཤད། གཟའ་ཉི་མའི་དགོང་མོར་ཐེ་ཝན་གྱི་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་དང་གོ་མིན་ཏང་གི་སྲིད་འཛིན་འོས་མི་སྟེ། ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧན་གོ་ཡུའི། ཐེ་ཝན་གྱི་མི་དམངས་དང་པོ་ཚོགས་པའི་འགོ་ཁྲིད་སུང་ཁྲུ་ཡུའི་བཅས་སྲིད་འཛིན་འོས་མི་གསུམ་ལྷན་དུ་འཛོམས་ནས་བགྲོ་གླེང་བྱས་ཏེ་རང་གི་ལངས་ཕྱོགས་དང་ལྟ་བ། ཁོ་ཚོ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་དང་ཐེ་ཝན་གྱི་ཕྱི་འབྲེལ་རྒྱ་སྐྱེད་གཏོང་ཕྱོགས་སོགས་ལ་རྩོད་པ་བསྡུར། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་གོ་མིན་ཏང་གི་འོས་མི་ཧན་གོ་ཡུ་དང་སུང་ཁྲུ་ཡུའི་གཉིས་ཀྱིས་རྒྱ་ནག་ལ་བསྟུན་མཁས་བྱས་ནས་ཐེ་ཝན་གྱི་བདག་དབང་བློས་གཏོང་གི་རེད། ཧན་གོ་ཡུའི་དང་གོ་མིན་ཏང་སྲིད་དོན་ཚོགས་པས་རྒྱ་ནག་གིས་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་ལ་ལག་ལེན་བསྟར་གྱི་ཡོད་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཁས་ལེན་བྱ་རྒྱུ་རེད་ཅེས་སྐྱོན་བཙུགས།

ཧན་གོ་ཡུས་ང་ཚོས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཅི་ཞིག་བཤད་པ་དེར་ཉན་དགོས་དོན་མེད། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རང་ལ་འོས་ཤོག་འཐོབ་རྒྱུའི་ཆེད་དུ་ངས་རྒྱ་ནག་ལ་མགོ་སྒུར་གྱི་ཡོད་པའི་དཀྲོག་གཏམ་སྒྲོགས་ཀྱི་འདུག་ཅེས་དགག་པ་བརྒྱབ། མི་དམངས་དང་པོ་སྲིད་དོན་ཚོགས་པའི་འགོ་ཁྲིད་སུང་ཁྲུ་ཡུས་མ་འོངས་པར་མཚོ་འགག་ཕྱོགས་གཉིས་བར་འཁྲུག་རྩོད་མི་འབྱུང་བའི་ཆེད་དུ་ང་ཚོས་ཕན་ཚུན་རྒྱུས་མངའ་ལོན་པའི་འབྲེལ་བ་བཟང་པོ་ཞིག་བཙུགས་ན་ལེགས་ཞེས་ལངས་ཕྱོགས་བསྟན། ༢༠༡༦་ལོར་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚེ་དབྱིན་ཝེན་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་ནས་བཟུང་། རྒྱ་ནག་གཞུང་གིས་ཐེ་ཝན་ལ་འབྲེལ་བ་བཅད་ནས་རྒྱལ་སྤྱིའི་ཐོག་ཏུ་ཕྱི་འབྲེལ་དང་ཚོང་ལས། དཔལ་འབྱོར་དང་མ་རྩ་འཛུགས་འཇོག་སོགས་ཀྱི་ཐབས་ཇུས་བརྒྱུད་ནས་ཐེ་ཝན་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་མཚོ་འགོག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པ་དང་འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད་པ། རྒྱ་ནག་གཅིག་པུ་ནི་པེ་ཅིང་གི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པའི་རྩ་དོན་ལ་ཁས་ལེན་མ་བྱས་པར་ཐེ་ཝན་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞེས་བསྒྲགས། པེ་ཅིང་གི་དམར་ཤོག་འགོ་ཁྲིད་ཚོས་འདས་པའི་ལོ་ཤས་རིང་དེར་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༧་རྒྱ་ནག་གི་ཕྱོགས་སུ་བཀུག རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཐེ་ཝན་ལྟ་སྐོར་དུ་འགྲོ་མི་ཆོག་པའི་བཀག་སྡོམ་བྱས་པ་དང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་ལན་མང་བྱས་ནས་མཚོ་གླིང་དེའི་མི་དམངས་ལ་སྡིགས་ར་བསྐུལ།


སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རང་ལ་ཧོང་ཀོང་གི་ན་གཞོན་ཞིག་གིས་སྤྲིངས་པའི་འཕྲིན་ཡིག་ཅིག་བགྲོ་གླེང་དུས་སུ་སྒྲོགས་སྦྱང་ཞུས། འཕྲིན་ཡིག་དེར་ཐེ་ཝན་མི་དམངས་ཀྱིས་རྒྱ་ནག་དམར་ཤོག་པ་ཚོར་ཡིད་ཆེས་མི་བྱེད་པ་དང་རྒྱ་ནག་དམར་ཤོག་གི་ཕྱོགས་གཏོགས་པ་ཚོར་ཡིད་ཆེས་མི་བྱེད་པ། ཐེ་ཝན་མི་དམངས་རྣམས་རྒྱ་ནག་གི་དངུལ་སྒོར་གྱི་གཡོ་འོག་ཏུ་མི་ཚུད་པའི་རེ་བ་ཡོད། ད་ལྟ་ཁྱེད་ཚོས་མིག་གིས་མཐོང་བཞིན་པ་ནི་ཧོང་ཀོང་ཞེས་པའི་གྲོང་ཁྱེར་ཞིག་ཡོད་པ་ཉམས་དམས་སུ་འགྲོ་བཞིན་པ་རེད་ཅེས་འཁོད། ཐེ་ཝན་གྱི་སྲིད་འཛིན་འོས་མི་གསུམ་གྱི་རྩོད་སྡུར་དུས་སུ་མཚོ་གླིང་དེར་རྡོ་སྣུམ་དང་སོལ་རླངས་སོགས་རང་བྱུང་ནུས་པའི་ཐོན་ཁུངས་མེད་པའི་དཀའ་ངལ་ཡོད་པ་ཇི་ལྟར་སེལ་དགོས་མིན་དང་ཐེ་ཝན་གྱི་སྤྱི་ཚོགས་སུ་འབྱུང་བཞིན་པའི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ། ལས་རྩོལ་བའི་སྲིད་ཇུས་དང་ཆབ་སྲིད་ཀྱི་གནད་དོན་གཞན་ཁག་ལའང་བགྲོ་གླེང་བྱས་འདུག སྲིད་འཛིན་འོས་མི་ཚོས་བགྲོ་གླེང་ཐེངས་གསུམ་བྱས་ནས་མི་མང་འོས་ཤོག་འཕེན་མཁན་ཚོར་འོས་མི་སོ་སོའི་ལྟ་བ་དང་ལངས་ཕྱོགས་གསལ་པོ་ཞིག་ངོ་འཕྲོད། ཡིན་ནའང་འོས་མི་གཅིག་གིས་ཀྱང་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་འགག་ཡོད་པ་སེལ་ཐབས་ཀྱི་ཐབས་ལམ་གསལ་པོ་ཞིག་སྟོན་ཐུབ་མེད་པར་མ་ཟད། ཐེ་ཝན་གྱི་ཕྱི་འབྲེལ་ཁོར་ཡུག་ལོ་རེ་བཞིན་ཇེ་ཆུང་དུ་འགྲོ་བཞིན་པར་ཅི་ཞིག་བྱ་དགོས་མིན། མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་གསལ་པོ་ཞིག་སྟོན་ཐུབ་མེད་པ་རེད།

ད་ལྟ་ཐེ་ཝན་གྱི་སྲིད་འཛིན་འོས་མི་གསུམ་པོས་ན་གཞོན་འོས་ཤོག་འཕེན་མཁན་ཚོའི་འོས་ཤོག་འཐོབ་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་པ་སྟེ། ༢༠༢༠་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་མི་གསུམ་གྱི་སུ་ཞིག་སྲིད་འཛིན་ལ་འདེམས་ཐོན་བྱུང་རུང་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་དང་ཐེ་ཝན་དང་ཨ་མི་རི་ཀའི་འབྲེལ་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད། ལོ་ན་༢༡་ལ་སོན་པའི་ཏམ་ཁཱང་སློབ་གྲྭ་ཆེན་མོའི་རྫས་འགྱུར་རིག་པའི་སློབ་ཕྲུག་ལོ་རཱེན་སི་ཁྲུང་ཞེས་ཞིག་གིས་འོས་ཤོག་ཐེངས་དང་པོར་འཕེན་གྱི་ཡོད་ཅིང་། ཁོ་མོས་འོས་མི་གསུམ་གྱི་སུ་ལ་འོས་ཤོག་འཕེན་དགོས་མིན་ཐག་བཅད་ཟིན། ངས་སྲིད་འཛིན་ཚེ་དབྱིན་ཝེན་ལ་འོས་ཤོག་འཕེན་རྒྱུ་ཡིན། ཁོ་མོས་ཧན་གོ་ཡུའི་དང་སུང་ཁྲུ་ཡུའི་ལས་ཀྱང་ཐེ་ཝན་གྱི་བདག་དབང་ལ་སྲུང་སྐྱོབ་བྱེད་ཐུབ་རྒྱུའི་རྟགས་མཚན་འདུག་ཅེས་བཤད། ན་གཞོན་མ་སློབ་ཕྲུག་ཁྲེན་ཞེས་པ་ཞིག་གིས་ཀྱང་སྲིད་འཛིན་ཚེ་དབྱིན་ཝེན་བསྐྱར་དུ་འོས་འདེམས་བྱེད་མ་ཐུབ་ན་ཐེ་ཝན་གྱི་མདུན་ལམ་ལ་ཉེན་ཀ་འདུག ཧན་གོ་ཡུའི་དང་སུང་ཁྲུ་ཡུའི་གཉིས་ཀྱི་སུ་ཞིག་འོས་འདེམས་བྱས་ཀྱང་རྒྱ་ནག་ལ་མགོ་སྒུར་ནས་ཐེ་ཝན་གྱི་བདག་དབང་བློས་གཏོང་ས་རེད་ཅེས་བཤད། ལོ་རྗེས་མའི་འོས་འདེམས་དེར་ཐེ་ཝན་གྱི་ན་གཞོན་ས་ཡ་༡་དང་འབུམ་༢་ཀྱིས་འོས་ཤོག་ཐེངས་དང་པོར་འཕེན་གྱི་ཡོད་པས་འོས་ཤོག་འཕེན་མཁན་གསར་པ་རྣམས་སྲིད་འཛིན་འོས་འདེམས་ལ་གནད་འགག་ཅན་ཞིག་ཏུ་འགྱུར་རྒྱུ་ཡིན་འདུག ལོ་ན་༢༡་ནས་༢༣་བར་གྱི་འོས་ཤོག་འཕེན་མཁན་གསར་པ་ཚོས་འོས་མི་གསུམ་གྱི་སུ་ལ་འོས་ཤོག་འཕངས་ན་འོས་མི་དེར་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་དེའི་རྒྱལ་ཁ་འཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ད་སྔ་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་དང་སློབ་ཆེན་ཁག ཉམས་ཞིབ་ལས་ཁང་ཁག་གིས་མི་མང་འོས་ཤོག་འཕེན་མཁན་ཚོར་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན། སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་ལ་མི་མང་འོས་ཤོག་འཕེན་མཁན་རྒྱབ་སྐྱོར་པ་མང་བ་ཡོད་པ་དང་། གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧན་གོ་ཡུའི་དང་མི་དམངས་དང་པོ་ཚོགས་པའི་སྲིད་འཛིན་འོས་མི་སུང་ཁྲུ་ཡུའི་གཉིས་ལ་མི་མང་འོས་ཤོག་འཕེན་མཁན་རྒྱབ་སྐྱོར་པ་ཉུང་བ་ཡོད་ཅིང་། ལྷག་པར་དུ་ཐེ་ཝན་གྱི་འཛན་ཕོ་དང་འཛན་མོ། མཚན་མ་གཤག་སྒྱུར་བྱས་པ་དེ་དག་གི་གྲས་སུ་སྲིད་འཛིན་ཚེ་དབྱིན་ཝེན་ལ་རྒྱབ་སྐྱོར་པ་བརྒྱ་ཆ་༦༢་དང་གྲངས་ཆུང་༢་ཡོད་ཀྱང་ཧན་གོ་ཡུའི་ལ་རྒྱབ་སྐྱོར་པ་བརྒྱ་ཆ་༡༡་དང་གྲངས་ཆུང་བདུན། སུང་ཁྲུ་ཡུའི་ལ་རྒྱབ་སྐྱོར་པ་བརྒྱ་ཆ་༡༡་དང་གྲངས་ཆུང་༣་ལས་མེད། ༢༠༡༩་འདིར་ཧོང་ཀོང་མི་མང་གིས་ཟླ་བ་༦་ལ་ངོ་རྒོལ་བྱས་པའི་སྟབས་ཀྱིས་ཐེ་ཝན་གྱི་ན་གཞོན་ཚོར་བག་ཆགས་ཟབ་མོ་ཞིག་ཐེབས། ཁྲང་གུང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ལོ་ན་༢༢་ལ་སོན་པ་ཁྲང་པེ་ཆིན་ཞེས་པ་ཞིག་གིས་ཧོང་ཀོང་ལ་ཅི་ཞིག་འབྱུང་གི་ཡོད་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་རེད། ཁོ་ཚོས་རང་དབང་དང་དམངས་གཙོའི་དོན་དུ་འཐབ་རྩོད་བྱས་ནས་སྐྱེ་བོ་མང་དག་ཅིག་འཛིན་བཟུང་བྱེད་ཀྱི་འདུག ང་ཚོས་རྒྱ་ནག་གཞུང་གིས་བཏོན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་ངོས་ལེན་བྱེད་ན་ཐེ་ཝན་ཡང་ཧོང་ཀོང་ལྟར་འགྱུར་ངེས་རེད་ཅེས་བཤད། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཧོང་ཀོང་མི་མང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་ཡོད་ཅེས་འཕྲལ་དུ་ལངས་ཕྱོགས་གསལ་པོར་བསྟན། ཁོ་མོས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱས་ནས་རང་ཉིད་ཐེ་ཝན་གྱི་བདག་དབང་ལ་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པའི་རྣམ་འགྱུར་བསྟན་པར་མཚོ་གླིང་དེའི་ན་གཞོན་ཚོས་དགའ་མོས་བྱེད་ཀྱི་ཡོད་པ་རེད།

ཐེ་ཝན་གྱི་ཉམས་ཞིབ་པ་ཚོས་མི་མང་ལ་སྐད་ཆ་དྲིས་པ་ལྟར་ན་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པ་དེར་རྒྱབ་སྐྱོར་བྱེད་མཁན་མི་མང་བརྒྱ་ཆ་༣་དང་གྲངས་ཆུང་༡་ལས་མེད་ཀྱང་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༥༩་དང་གྲངས་ཆུང་༧་གྱིས་མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་རྒྱུན་འཁྱོངས་བྱ་དགོས་ཞེས་ལན་བཏབ། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༣༥་ཡས་མས་ཤིག་གིས་ཐེ་ཝན་རང་བཙན་བྱ་དགོས་ཞེས་ལན་འདེབས་བྱས་འདུག ཐེ་ཝན་གྱི་སྲིད་འཛིན་གསར་པས་མཚོ་གླིང་དེའི་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཨང་དང་པོ་ཡིན་ཟེར་མཁན་མི་མང་སྐད་ཆ་འདྲི་ཡུལ་ལ་བརྒྱ་ཆ་༣༡་དང་གྲངས་ཆུང་བརྒྱད་ཡོད་ཅིང་། མི་མང་གི་གླ་ཕོགས་སྤར་རྒྱུ་རྩ་དོན་ཨང་དང་པོ་ཡིན་ཟེར་མཁན་མི་མང་བརྒྱ་ཆ་༢༤་དང་གྲངས་ཆུང་༧་འདུག ཐེ་ཝན་ལ་གསར་འགྱུར་ལོག་པ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་འགོག་ཐབས་བྱ་རྒྱུ་གནད་དོན་ཨང་དང་པོ་ཡིན་ཟེར་མཁན་མི་མང་བརྒྱ་ཆ་༢༤་དང་གྲངས་ཆུང་༤་བྱུང་འདུག ལོ་རྗེས་མའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་འོས་ཤོག་ཐེངས་དང་པོར་འཕེན་མཁན་ཐེ་ཝན་གྱི་ན་གཞོན་བརྒྱ་ཆ་༧༠་ལྷག་གིས་རང་ཉིད་ཐེ་ཝན་པ་ཡིན། ང་ཚོ་རྒྱ་ནག་པ་དང་རྒྱ་མི་རིགས་མིན། མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་དེར་འཐད་པ་མེད། ང་ཚོས་ཐེ་ཝན་གྱི་བདག་དབང་ལ་གོང་བཀུར་བྱ་རྒྱུ་ཡིན་ཞེས་ལན་འདེབས་བྱས་འདུག

XS
SM
MD
LG