ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་ཀྱང་ཛ་དྲག་ཆེན་པོ་མིན་པ།


༄༅།། གཟའ་ཕུར་བའི་ཉིན་ཐེ་ཝན་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། དེ་རིང་ཕྱི་ཟླ་༥་པའི་ཚེས་༢༠་ཉིན་ཐེ་ཝན་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༨༦་ཐོན། འདི་ནི་སྔ་ཉིན་དང་བསྡུར་ན་ནད་པའི་གྲངས་འབོར་ཅུང་ཙམ་ཇེ་མང་དུ་སོང་། ད་ལྟའི་ཆར་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེན་པོ་ཞིག་མེད། ཐེ་པེ་དང་ཐེ་པེ་གསར་པའི་མངའ་ཁུལ་དུ་མི་མང་ལ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་པའི་སྐབས་སུ་ནད་རྟགས་ཐོན་མཁན་བརྒྱ་ཆ་ཉུང་དུ་འགྲོ་བཞིན་འདུག ནད་དུག་འགོས་ཡོད་པར་དོགས་པ་ཡོད་པའི་མི་༦༠༠༠༠༠་ཟུར་འགོག་བྱས་ཡོད་ཅེས་ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཀྲུང་གིས་གསར་འགོད་གསལ་བསྒྲགས་སྤེལ། ༢༠༡༩་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱང་ཐེ་ཝན་གཞུང་གིས་ནད་དུག་སྔོན་འགོག་བྱས་པའི་གྲུབ་འབྲས་དེར་འཛམ་གླིང་ཡོངས་ཀྱིས་མིག་དཔེ་བལྟ་འོས་པ་ཞིག་ཏུ་གྱུར། ཐེ་ཝན་གྱི་ནད་ཡམས་སྔོན་འགོག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཐོབ། ཡིན་ནའང་འདས་པའི་བདུན་ཕྲག་གཉིས་ཀྱི་གོང་ནས་ཐེ་ཝན་ལ་གློ་བུར་དུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ནད་པ་གསར་པ་༡༥༧༢་བྱུང་ཞིང་། ཁ་སང་གཟའ་ལྷག་པའི་ཉིན་ནད་པ་གསར་པ་༢༦༧་བྱུང་བ་དང་མི་༡་ལ་འཆི་སྐྱོན། ད་ལྟའི་བར་དུ་ཐེ་ཝན་ལ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་མི་༡༥་དང་ནད་དུག་འགོས་པའི་ནད་པ་༢༨༢༥་བྱུང་འདུག

དེ་རིང་གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་འདིའི་གཟའ་སྤེན་པ་ནས་བཟུང་སྟེ་མཚོ་གླིང་དེའི་གྲོས་ཚོགས་ཀྱང་དུས་ཡུན་བདུན་ཕྲག་གཉིས་ལ་འཚོགས་རྒྱུ་མིན་པའི་ཐག་གཅོད་བྱས་པ་དང་ཚོགས་ཆུང་ཁག་གི་ལས་དོན་རྣམས་སྔོན་ནས་མཚམས་བཞག་ཟིན་འདུག ཐེ་ཝན་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་ཀྱང་སྨན་པ་དང་སྨན་ཞབས་པ། སྨན་ཁང་གི་ཡོ་བྱད་སོགས་ཀྱི་དཀའ་ངལ་མེད་ཟེར་གྱི་ཡོད་ཀྱང་། ཐེ་པེ་གྲོང་ཁྱེར་གྱི་སྨན་ཁང་ཁག་ལ་སྨན་པ་འདང་ངེས་མེད་པའི་དཀའ་ངལ་ཡོད་པའི་རྟགས་མཚན་མངོན། དཔེར་ན་རྒས་ཡོལ་དུ་ཕེབས་པའི་སྨན་པ་དང་སྨན་ཞབས་པ་རྣམས་རོགས་སྐྱོར་དུ་ཡོང་དགོས་ཞེས་འབོད་སྐུལ་ཞུ་ཡི་ཡོད་པ་དང་ཁ་སང་གཟའ་ལྷག་པའི་ཉིན་ཐེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་བརྒྱུད་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་༤༠༠༠༠༠་འཐོལ་བ་འབྱོར། སྔ་ལོ་ནས་ཐེ་ཝན་གཞུང་གིས་མི་གྲངས་འབུམ་༣་ལྷག་ལ་འགོག་ཁབ་བརྒྱབ་ཟིན། ད་ལྟ་ཐེ་ཝན་གཞུང་གིས་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་དང་ཨ་རིའི་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་བཅས་ཁྱོན་བསྡོམས་སྨན་ཁབ་ས་ཡ་༢༠་ཐམ་པ་མངགས་ཉོ་བྱས་ཡོད་པ་རྣམས་ཕྱི་ཟླ་༧་པར་འབྱོར་རྒྱུ། ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་གྱིས་ཨ་རིའི་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་འབྲེལ་བ་བྱེད་སྟངས་དང་གྲ་སྒྲིག་བྱེད་སྟངས་ལ་གཞིགས་ན་སྨན་ཁབ་རྣམས་མགྱོགས་མྱུར་འབྱོར་རྒྱུའི་རྟགས་མཚན་འདུག་ཅེས་བཤད། ཐེ་ཝན་ལ་མི་འབོར་ས་ཡ་༢༣་ཡོད་པ་དེའི་མི་འབོར་བརྒྱ་ཆ་གཅིག་ལ་མ་གཏོགས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་མ་ཐུབ། འགོག་ཁབ་རྒྱག་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཉེ་ཆར་བར་དུ་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་མ་སོང་བ། ན་ནིང་ཉི་མ་༢༥༠་ལྷག་གི་རིང་དུ་ཐེ་ཝན་གྱི་ས་ཐོག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མ་བྱུང་བ་བཅས་ཀྱིས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་མ་དགོས་པ་རེད།།

ཕྱི་ཟླ་༥་པའི་ཚེས་༡༩་ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་སྲིད་བློན་སཱུ་ཀྲེན་ཁྲང་སོགས་ནད་ཡམས་སྔོན་འགོག་བཀོད་འདོམས་ཁང་དུ་ཕེབས་ནས་སྤྱི་ཚོགས་རྒྱང་བཀྱེད་ཀྱི་ཁྲིམས་བསྡམས། མཚོ་གླིང་དེའི་རྒྱལ་ཡོངས་སུ་དཔེ་མཛོད་ཁང་རྣམས་དང་རྩེད་ཐང་ཁག སྤྱི་དམངས་ཚོགས་ཁང་རྣམས་དང་རྩལ་སྦྱོང་ཁང་རྣམས་སྒོ་བརྒྱབ་སྟེ་ཐེ་ཝན་མི་དམངས་རྣམས་ཕྱི་ལ་བསྐྱོད་ན་ཁ་རས་ངེས་པར་དུ་གྱོན་དགོས་པ་དང་ཁྱིམ་ཚང་ཁག་གི་ནང་དུའང་མི་༡༠་མང་བ་མཉམ་འདུ་བྱེད་མི་ཆོག་པ། འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཀྲུང་གིས་ང་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་བྱ་ཐབས་འདི་དག་ལག་ལེན་མ་བསྟར་ཀ་མེད་རེད། ཟླ་བ་གཅིག་གི་རིང་ལ་ཕྱི་རྒྱལ་བ་རྣམས་ཀྱང་ཐེ་ཝན་ལ་ཡོང་རྒྱུ་འགོག་དགོས་བྱུང་སོང་། ཐེ་ཝན་གཞུང་གིས་བཀག་སྡོམ་རིམ་པ་བཞི་པ་ལག་ལེན་བསྟར་ཚེ། རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་བྱས་ནས་མི་རྣམས་བཟའ་བཅའ་དང་སྨན་སོགས་ཉོ་ཆ་རྒྱག་རྒྱུ་གཅིག་པུར་ཕྱི་ལ་གཏོང་རྒྱུ་ཡིན། མི་ཚོགས་འདུ་འཛོམ་བྱེད་མི་ཆོག་པ་དང་སློབ་གྲྭ་ཁག་སྒོ་རྒྱག་རྒྱུ་ཡིན། འོན་ཀྱང་ད་སྔ་ཐེ་ཝན་རྒྱལ་ཡོངས་སུ་བཀག་སྡོམ་རིམ་པ་བཞི་པ་ལག་ལེན་བསྟར་རྒྱུའི་བསམ་བློ་གཏོང་གི་མེད་ཅེས་བཤད། ཐེ་པེ་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་བཀག་སྡོམ་རིམ་པ་བཞི་པ་ལག་ལེན་བསྟར་དགོས་སྲིད་པའི་གྲ་སྒྲིག་བྱས་ནས་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཁ་སྔོན་ཕྱི་ཟླ་༢་པའི་ལོ་སར་དུས་སུ་ཐེ་ཝན་གྱི་སྨན་ཁང་ཞིག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་སྒང་བཞུའི་དུས་ཆེན་ཡང་མ་འཚོགས། ཟླ་བ་སྔོན་མར་ཐེ་ཝན་གྱི་མཁའ་ལམ་ལས་ཁུངས་ཁག་གི་གནམ་གྲུའི་ཁ་ལོ་བ་དང་གནམ་གྲུའི་ལས་བྱེད་པ་སོགས་བརྒྱུད་ནས་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་གནས་ཚུལ་ཐོན། ཨ་མི་རི་ཀ་དང་རྒྱ་གར། བྷར་ཛིལ་སོགས་འཛམ་གླིང་རྒྱལ་ཁབ་གཞན་ཁག་ལ་ཁྱབ་ཀྱི་ཡོད་པར་བསྡུར་ན་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་ཚབས་ཆེན་ཞིག་གཏན་ནས་མིན་ཞིང་། ཡིན་ནའང་དེང་སྐབས་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་པ་དེར་མི་རྣམས་ཡིད་མ་ཆེས་པ་ཞིག་ཏུ་གྱུར་འདུག

རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་མ་ཐག་ཏུ་ཐེ་ཝན་གཞུང་གིས་ཕྱི་རྒྱལ་གྱི་འགྲུལ་པ་བཀག ཐེ་ཝན་གཞུང་གིས་ས་མཚམས་བཀག་སྡོམ་ནན་པོ་བྱས་པའི་སྟབས་ཀྱིས་མཚོ་གླིང་དེར་ཏོག་དབྱིབས་ནད་དུག་མ་ཁྱབ། ཐེ་ཝན་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་ཟུང་འབྲེལ་སློབ་དཔོན་ལིན་ཞིན་ཧའོ་ཡིས་བཤད་པ་ལྟར་ན། ཐེ་ཝན་གཞུང་གིས་བར་སྐབས་ཤིག་ནས་ཏོག་དབྱིབས་ནད་དུག་གི་ནད་རྟགས་འདྲ་པོ་ཡོད་པའི་ཚ་བ་འཕར་བ་དང་ཆམ་ནད་ཚབས་ཆེན་ཕོག་ཡོད་པ་སོགས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་མཚམས་བཞག་པར་མ་ཟད། ཐེ་ཝན་གྱི་ས་གནས་ཁག་གི་མི་མང་གིས་ཀྱང་ནད་ཡམས་ལ་དོགས་ཟོན་བྱ་རྒྱུ་འཐུས་ཤོར་ཕྱིན་སོང་། མི་མང་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་ཡང་མི་དེ་དག་གིས་རང་ལ་ཏོག་དབྱིབས་ནད་དུག་འགོ་སྲིད་པའི་གོ་སྐབས་ཤིན་ཏུ་ཕྲ་སྙམ་པའི་འདུ་ཤེས་འཛིན་པ་དང་སྨན་པ་ཚོས་ཀྱང་དོ་ནན་ཞིག་གཏན་ནས་བྱེད་ཀྱི་མི་འདུག སྨན་ཁང་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་སྲིད་པའི་སྔོན་བརྡ་མ་བཏང་བ་དང་ཏོག་དབྱིབས་ནད་དུག་འགོས་པའི་མི་རྣམས་མི་གཞན་པ་སུ་སུ་ལ་འབྲེལ་ཐུག་བྱུང་ཡོད་མེད་རྩད་གཅོད་བྱ་རྒྱུ་གཙིགས་སུ་མི་འཛིན་པ། ད་དུང་དེའི་ཁར་ཐེ་ཝན་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་མེད་པའི་གནམ་གྲུའི་ཁ་ལོ་བ་རྣམས་ཉིན་༡༤་ལ་ཟུར་འགོག་བྱེད་དགོས་པའི་དུས་ཡུན་ཉིན་ལྔ་ལ་ཐུང་དུ་བཏང་སོང་། དེའི་རྗེས་སུ་ཉི་མ་ལྔ་ཡང་ཉིན་གསུམ་ལ་ཐུང་དུ་བཏང་སོང་། དེ་ནས་ཅང་མ་འགོར་པར་ཐེ་ཝན་གྱི་ཏའོ་ཡོན་རྒྱལ་སྤྱིའི་གནམ་ཐང་གི་ཉེ་འཁྲིས་ཀྱི་ནོ་ཝྭོ་ཏོལ་མགྲོན་ཁང་དུ་བསྡད་པའི་གནམ་གྲུའི་ཁ་ལོ་བ་དང་ལས་བྱེད་པ་རྣམས་བརྒྱུད་ནས་ཐེ་ཝན་ལ་དབྱིན་ཡུལ་གྱི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་སོང་། གནམ་གྲུའི་ཁ་ལོ་བ་དང་ལས་བྱེད་པ་ཚོ་བརྒྱུད་ནས་ཐེ་ཝན་གྱི་ཇ་ཁང་ཁག་ལ་ནད་དུག་ཁྱབ་པ་རེད། དེ་ནི་ཇ་ཁང་བྱེ་བྲག་པ་གཅིག་མ་ཡིན་པར་སྲང་ལམ་ཧྲིལ་པོའི་ཇ་ཁང་ཆང་ཁང་དུ་མི་ཚོགས་འདུས་ཡོད་པ་ཚང་མར་ཁྱབ་པ་རེད་ཅེས་བྷི་བྷི་སི་གསར་འགྱུར་ལས་ཁུངས་ལ་བཤད་འདུག

ཐེ་ཝན་གྱི་ནད་རིགས་སྔོན་འགོག་ཁང་གི་གཙོ་འཛིན་གཞོན་པ་སློབ་དཔོན་ཁྲེན་ཅན་རེན་གྱིས་བཤད་པ་ལྟར་ན། ཏོག་དབྱིབས་ནད་དུག་འགོས་པའི་ཐེ་ཝན་པ་མང་དག་ཅིག་གིས་རང་ཉིད་ཇ་ཁང་ཆང་ཁང་དང་ཕོ་མོའི་སྤྲོ་སྐྱིད་ཁང་དུ་སོང་སྟེ་ཏོག་དབྱིབས་ནད་དུག་འགོས་སོང་ཞེས་གསལ་པོ་མ་བཤད་པར་སྦ་གསང་བྱེད་ཀྱི་འདུག ཏོག་དབྱིབས་ནད་དུག་འགོས་ཡོད་པ་སྦ་གསང་བྱེད་མཁན་མི་ཉུང་ཤས་ཤིག་ཡིན་རུང་སྤྱི་ཚོགས་ཧྲིལ་པོར་ནད་དུག་བགོ་ཁྱབ་བྱ་རྒྱུའི་ཉེན་ཁ་ཆེ། ཉི་ཧོང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་ཀྱི་མེད་པ་ནི་ཕོ་མོའི་སྤྲོ་སྐྱིད་ཁང་རྣམས་དུས་ཐོག་ཏུ་སྒོ་རྒྱག་མ་ཐུབ་པས་རེད། ཐེ་ཝན་གྱིས་ཉི་ཧོང་གི་དཀའ་ངལ་ལ་བལྟས་ནས་རང་ཡུལ་གྱི་ཕོ་མོའི་སྤྲོ་སྐྱིད་ཁང་རྣམས་སྒོ་མ་བརྒྱབ་པ་དང་ང་ཚོས་ཉི་ཧོང་གི་ཉམས་མྱོང་དེར་སློབ་སྦྱོང་བྱེད་ཐུབ་མ་སོང་། ཉི་ཧོང་དང་ཐེ་ཝན་གཉིས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་སྟངས་འདྲ་པོ་རེད་ཅེས་བཤད། སིངྒ་པུར་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཐའོ་ཞེས་པ་ཞིག་གིས་སྔོན་ཆད་ཏོག་དབྱིབས་ནད་དུག་མ་ཁྱབ་པའི་ཡུལ་གྲུ་ཁག་ལ་ནད་དུག་གསར་དུ་ཁྱབ་ཀྱི་ཡོད་པ་ནི་ཐེ་ཝན་གཅིག་པུ་མ་རེད། ཉེ་དུས་ཤིག་ནས་སིངྒ་པུར་ལའང་རྒྱ་གར་དུ་ཁྱབ་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁག་ཅིག་བསླེབས་འདུག ཡུ་རོབ་དང་ཨ་མི་རི་ཀ་སོགས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་དམ་དྲག་ཁག་ཕྱིར་འཐེན་བྱས་ནས་གུ་ཡངས་གཏོང་འགོ་ཚུགས་ཀྱི་འདུག ཡིན་ནའང་ཐེ་ཝན་དང་སིངྒ་པུར་ལ་ཅི་ཞིག་འབྱུང་གི་ཡོད་པ་རྣམས་རྒྱལ་ཁབ་གཞན་ཁག་ལའང་འབྱུང་སྲིད་པའི་ཉེན་ཁ་ཆེན་པོ་ཡོད། ཐེ་ཝན་དང་སིངྒ་པུར་སོགས་ལ་རང་གི་སྤྱི་དམངས་ཡོད་དོ་ཅོག་ལ་སྨན་ཁབ་ནང་འདྲེན་བྱེད་ཐུབ་པའི་དཔལ་འབྱོར་གྱི་སྟོབས་ཤུགས་ཡོད་ཀྱང་སྨན་ཁབ་བཟོ་སྦྱོར་བྱེད་ཐུབ་པ་ནི་ཨ་མི་རི་ཀ་དང་དབྱིན་ཇི། རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཉུང་ཤས་ཤིག་རེད། དེས་ན་འཛམ་གླིང་ཡོངས་ཀྱིས་ཏོག་དབྱིབས་ནད་དུག་འདིར་འཛེམ་ཟོན་བྱ་དགོས། ང་ཚོས་ཏོག་དབྱིབས་ནད་དུག་འཇོམས་སོང་ཞེས་ནམ་ཡང་སྣང་ཆུང་གཏོང་མི་ཉན་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG