ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཐེ་ཝན་གྱི་སྲིད་འཛིན་ཨ་རི་བརྒྱུད་ནས་འཚམས་འདྲིར་བསྐྱོད། 


༄༅།། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་ཕྱིའི་གནོན་ཤུགས་ལ་སྐྲག་ནས་འཛམ་གླིང་ཕྱི་ལ་འབྲེལ་བ་འཛུགས་རྒྱུ་འགོག་ཐུབ་ཀྱི་མ་རེད་ཅེས་གསལ་བསྒྲགས་སྤེལ་ནས་ཨ་མི་རི་ཀ་བརྒྱུད་དེ་དབུས་ཨ་མི་རི་ཀའི་རྒྱལ་ཁབ་གཉིས་ལ་འཚམས་འདྲིར་ཕེབས་རྒྱུ་འགོ་ཚུགས་འདུག ཕྱི་ཟླ་༣་པའི་ཚེས་༢༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྲིད་འཛིན་དང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཁེ་ཝེན་མར་ཁར་ཐི་གཉིས་ཐུག་འཕྲད་བྱེད་མི་ཆོག ཚེ་དབྱིན་ཝེན་དང་མར་ཁར་ཐི་གཉིས་ཐུག་འཕྲད་བྱས་ན་རྒྱ་ནག་གིས་ལན་པ་ནན་པོ་སློག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ན་ནིང་ཕྱི་ཟླ་༨་པར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་དང་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ནས་དམག་སྦྱོང་བྱས་ཤིང་། ཐེ་ཝན་གྱི་དམག་གིས་སྲིད་འཛིན་ཚེ་དབྱིན་ཝེན་ཕྱི་རྒྱལ་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་རྒྱ་ནག་གི་དམག་དཔུང་འགུལ་སྐྱོད་ལ་རྟོག་ཞིབ་གཟབ་ནན་བྱེད་བཞིན་ཡོད་ཅེས་བསྒྲགས།།

གཟའ་འཁོར་འདིར་ཐེ་ཝན་གྱི་སྲིད་འཛིན་དབུས་ཨ་མི་རི་ཀའི་རྒྱལ་ཁབ་གུ་ཊ་མ་ལ་དང་བྷེ་ལི་ཛི་གཉིས་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་ཅིང་། ཐོག་མར་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་ནེའུ་ཡོག་ཏུ་འབབ་སྡོད་བྱ་རྒྱུ་དང་ཕྱིར་ལམ་ཨ་མི་རི་ཀའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ལོ་སི་ཨན་ཇཱི་ལི་སིར་འབབ་སྡོད་བྱ་རྒྱུའི་གནས་ཚུལ་ཐོན་འདུག སྲིད་འཛིན་ཚེ་དབྱིན་ཝེན་ནས་ཐེ་ཝན་གྱི་ཏའོ་ཡོན་རྒྱལ་སྤྱིའི་གནམ་ཐང་དུ་རྒྱ་ནག་ལ་དམིགས་ནས་ཕྱིའི་གནོན་ཤུགས་ཀྱིས་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲེལ་བ་འཛུགས་རྒྱུ་འགོག་མི་ཐུབ། ང་ཚོ་ཞི་འཇམ་དང་གདེང་སྤོབས་ལྡན་པ། གཞན་ལ་མགོ་མི་སྒུར་བ་དང་འཁྲུག་རྩོད་མི་སློང་བ། ཐེ་ཝན་རང་དབང་དང་དམངས་གཙོའི་ལམ་ནས་ཕྱིར་ལྡོག་མེད་པར་གོ་ལའི་ཁྲོན་དུ་མདུན་སྐྱོད་བྱ་རྒྱུ་ཡིན། བཞུད་ལམ་འདི་རྩུབ་པོ་ཡིན་རུང་ཐེ་ཝན་ཁེར་རྐྱང་མིན་ཞེས་གསར་འགོད་པ་ཚོར་གླེང་མོལ་བྱས་པ་དང་གཟའ་ལྷག་པའི་ཕྱི་དྲོར་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀའི་ནེའུ་ཡོག་གྲོང་ཁྱེར་དུ་འབྱོར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་འཛིན་ཚེ་དབྱིན་ཝེན་ཕྱི་རྒྱལ་ལ་མ་ཕེབས་གོང་དེར་རྒྱ་ནག་སྐམ་ས་ཆེན་མོའི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལཱན་གྱིས་ཚེ་དབྱིན་ཝེན་ཨ་མི་རི་ཀ་བརྒྱུད་ནས་བསྐྱོད་ཀྱི་ཡོད་པ་ནི་གནམ་ཐང་དུ་གནམ་གྲུ་བརྗེ་བའམ། ཡང་ན་ལམ་བར་དུ་མགྲོན་ཁང་བཙལ་ནས་ཞག་སྡོད་བྱེད་ཀྱི་ཡོད་པ་ཞིག་མ་རེད། ཚེ་དབྱིན་ཝེན་ཨ་མི་རི་ཀ་བརྒྱུད་ནས་སྐྱོད་ཀྱི་ཡོད་པ་དེའི་དམིགས་ཡུལ་གཙོ་བོ་ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་དང་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་བྱེད་པའི་ཆེད་དུ་རེད། གལ་སྲིད་ཚེ་དབྱིན་ཝེན་གྱིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མར་ཁར་ཐིར་ཐུག་འཕྲད་བྱས་ན་རྒྱ་ནག་གཅིག་གི་རྩ་དོན་ལ་སླར་ཡང་འགལ་འཛོལ་ཚབས་ཆེན་བྱུང་སྟེ་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར། མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེ་བརྟན་ལྷིང་བཅས་ལ་གཏོར་བརླག་ཐེབས་ངེས་རེད། ང་ཚོས་འཚམས་འདྲི་འདིར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་དགོས་ངེས་ཀྱི་ལན་པ་སློག་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཡིན་ནའང་རྒྱ་ནག་གཞུང་གིས་ཐེ་ཝན་དང་ཨ་མི་རི་ཀར་ལན་པ་ཅི་ཞིག་སློག་རྒྱུ་ཡིན་མིན་གསལ་བཀྲོལ་མ་བྱུང་།།

ཉམས་ཞིབ་པ་ཚོས་༡༩༧༩་ལོར་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་བཟུང་། འདས་པའི་ལོ་༤༤་ཡི་རིང་བྱུང་མྱོང་མེད་པའི་ཨ་རྒྱའི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པའི་སྐབས་ཤིག་ལ་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀ་བརྒྱུད་ནས་དབུས་ཨ་མི་རི་ཀའི་རྒྱལ་ཁབ་གཉིས་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་རེད་ཟེར། ཨ་མི་རི་ཀའི་གཞུང་གིས་ཐེ་ཝན་གྱི་སྲིད་འཛིན་རྣམས་ཨ་མི་རི་ཀ་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ནི་ལམ་སྲོལ་གསར་པ་ཞིག་མིན། འདི་ནི་རྒྱུན་ལྡན་ཞིག་ཡིན་པ་དང་རྒྱ་ནག་གཞུང་གིས་སྲིད་འཛིན་ཚེ་དབྱིན་ཝན་གྱི་འཚམས་འདྲི་འདིར་ཁ་གཡར་ནས་ཐེ་ཝན་ལ་བཙན་དྲག་བཀོལ་ན་དགེ་ཚན་མེད། ཨ་མི་རི་ཀས་རྒྱ་ནག་ངར་ལངས་དགོས་པའི་རྒྱུ་མཚན་ཞིག་མཐོང་གི་མི་འདུག སྔོན་ཆད་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀ་བརྒྱུད་ནས་འཚམས་འདྲིར་ཕེབས་པའི་ཞོར་དུ་ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་དང་ཕྱི་སྡོད་ཐེ་ཝན་པའི་ཚོགས་སྡེ་ཁག་ལ་འཐུག་འཕྲད་བྱས་མྱོང་ཞིང་། དེས་ན་ཐེངས་འདིའི་འཚམས་འདྲིར་ལན་ཁག་དཀྲིས་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་དྲག་བཀོལ་དགོས་པའི་རྒྱུ་མཚན་ཅི་ཡང་མཐོང་གི་མི་འདུག་ཅེས་གསལ་བསྒྲགས་སྤེལ།།

ཕྱི་ཟླ་༣་པའི་ཚེས་༢༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མར་ཁར་ཐི་གཉིས་ཕྱི་ཟླ་༤་པའི་ཚེས་༥་ཉིན་ལོ་སི་ཨན་ཇཱི་ལི་སི་གྲོང་ཁྱེར་དུ་ཐུག་འཕྲད་བྱ་འཆར་ཡོད་པ་དང་རྒྱ་ནག་གིས་ཐུག་འཕྲད་དེ་གནད་དོན་ཚབས་ཆེན་ཞིག་ཏུ་བརྩིས། ཉེ་ཆར་རྒྱ་ནག་གིས་ཧུན་དྷུ་ར་སི་རྒྱལ་ཁབ་ལ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་འབྲེལ་བ་གཅོད་དུ་བཅུག་པར་མ་ཟད། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་གཞན་ཁག་ལའང་རྒྱ་ནག་གིས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད། ཧུན་དྷུ་ར་སིའི་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པའི་རྗེས་སུ་འཛམ་གླིང་འདིར་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ནས་རང་བཙན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་མཁན་རྒྱལ་ཁབ་༡༣་ལས་མ་མཆིས། ད་དུང་རྒྱ་ནག་གིས་དམག་འཐབ་གནམ་གྲུ་བཏང་སྟེ་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱས་ནས་འཇིགས་སྐུལ། རྒྱ་ནག་གིས་ཐེ་ཝན་ལ་དྲྭ་ལམ་ནས་གཏོར་རྒོལ་དང་ལོ་རྗེས་མའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ཤུགས་སྣོན་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་འཛིན་ཚེ་དབྱིན་ཝེན་ཉིན་བཅུར་དབུས་ཨ་མི་རི་ཀའི་རྒྱལ་ཁབ་གཉིས་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་ཐེ་ཝན་གྱི་དམངས་གཙོ་དང་རང་དབང་གི་ལམ་ལུགས་རྣམས་སྟོན་ཐབས་བྱ་འཆར་ཡོད། ངས་སེམས་ཐག་གཙང་བཅད་ཀྱིས་འཛམ་གླིང་ཡོངས་ལ་ཐེ་ཝན་གཞུང་གིས་དམངས་གཙོ་དང་རང་དབང་གི་ལྟ་གྲུབ་སྲུང་སྐྱོབ་བྱེད་ཀྱི་ཡོད། ཐེ་ཝན་འཛམ་གླིང་ཡོངས་སུ་དམངས་གཙོ་དང་རང་དབང་དར་སྤེལ་གཏོང་བའི་བཟང་ཕྱོགས་ཀྱི་སྟོབས་ཤུགས་ཤིག་ཡིན་པ་ར་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ནིང་ནས་རྒྱ་ནག་གིས་གཟབ་ནན་གྱི་སྒོ་ནས་བལྟས་བསྡད་ཡོད། རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་དེར་འགྱུར་བ་མེད། ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་འབྲེལ་བར་གཏོར་བརླག་མ་བྱས་ན་ལེགས་ཞེས་ནན་བརྗོད་བྱས་འདུག རྒྱ་ནག་གིས་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱས་མ་ཐུབ་ན་མི་དམངས་བཅིངས་འགྲོལ་དམག་གིས་བཙན་འཛུལ་བྱས་ནས་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་ལན་མང་བཏང་བའི་གནས་ཚུལ་ཐོན།།

སྲིད་འཛིན་ཚེ་དབྱིན་ཝེན་དབུས་ཨ་མི་རི་ཀའི་རྒྱལ་ཁབ་གུ་ཊ་མ་ལ་དང་བྷེ་ལི་ཛི་གཉིས་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་སྐབས་འདིར་ཐེ་ཝན་གྱི་གོ་མིན་ཏང་གི་འགོ་ཁྲིད་ཟུར་པ་དང་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་རྒྱ་ནག་ལ་ཉིན་༡༢་རིང་འཚམས་འདྲིར་བསྐྱོད། ༡༩༤༩་ལོར་ཅང་ཅེ་ཧྲིས་འགོ་ཁྲིད་པའི་གོ་མིན་ཏང་གི་སྲིད་གཞུང་ཐེ་ཝན་ལ་བྲོས་པའི་རྗེས་སུ་མཚོ་གླིང་དེའི་སྲིད་འཛིན་ཟུར་པ་ཞིག་རྒྱ་ནག་ལ་ཕེབས་པ་ཐེངས་དང་པོ་ཡིན་ཞིང་། མ་དབྱིན་ཇུག་རྒྱ་ནག་གི་ནན་ཅིང་དང་ཝུ་ཧན། ཧྲང་ཧེ་དང་ཁྲང་ཧྲ་བཅས་ལ་གཟིགས་ཞིབ་ཏུ་ཕེབས། ཁོང་ཧུ་ནན་ཞིང་ཆེན་དུ་ཕེབས་ནས་ཕ་མེས་ཀྱི་དུར་ས་ཁག་ཏུ་མཆོད་འབུལ། ནན་ཅིང་གྲོང་ཁྱེར་དུ་བཞེངས་ཡོད་པའི་སུང་ཀྲུན་ཧྲན་གྱི་རྗེས་དྲན་ཁང་དུ་མ་དབྱིན་ཇུག་གིས་མཚོ་འགག་ཕྱོགས་གཉིས་ཀྱི་མི་དམངས་རྣམས་རྒྱ་མི་རིགས་རེད། ཐེ་ཝན་དང་རྒྱ་ནག་གི་ན་གཞོན་ཚོའི་མཛའ་འབྲེལ་གོང་འཕེལ་གཏོང་དགོས་ཞེས་གཏམ་བཤད་བྱས། གོ་མིན་ཏང་གི་འགོ་ཁྲིད་ཚོས་རྒྱ་ནག་ལ་འབྲེལ་བ་ཡག་ཏུ་བཏང་སྟེ་ལོ་རྗེས་མར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱས་པའི་སྐབས་སུ་རྒྱལ་ཁབ་ཐོབ་ཐུབ་པའི་རེ་ལྟོས་འཆང་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༢༩་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱི་འཚམས་འདྲི་འདི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་ལ་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ནས་ཅི་བྱ་གཏོལ་མེད་དུ་གྱུར་འདུག ༢༠༢༢་ལོར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་དང་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ནས་དམག་སྦྱོང་བྱས་པ་ལྟར་ཐེངས་འདིར་སླར་ཡང་སྡིགས་ར་བསྐུལ་ཚེ། ལོ་རྗེས་མར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱས་པའི་སྐབས་སུ་དམངས་གཙོ་ཡར་ཐོན་ཚོགས་པར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐབ་སྲིད། རྒྱ་ནག་གཞུང་གིས་སྲིད་འཛིན་ཚེ་དབྱིན་ཝེན་གྱི་འཚམས་འདྲི་འདིར་དགག་བྱ་དང་ངོ་རྒོལ་དྲག་པོ་ཞིག་མ་བྱས་ན་ཐེ་ཝན་རང་བཙན་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་ཤུགས་ཇེ་ཆེ་དང་ཨ་རིའི་ཕྱོགས་སུ་མཐའ་གཅིག་ཏུ་འགྲོ་ཤས་ཆེ། སྲིད་འཛིན་ཚེ་དབྱིན་ཝེན་གྱི་དམངས་གཙོ་ཡར་ཚོགས་པས་རྒྱ་ནག་གིས་ཐེ་ཝན་ལ་བཙན་དྲག་ཅི་ཙམ་བཀོལ་ན་དེ་ཙམ་གྱིས་འོས་འདེམས་སྐབས་སུ་ཕན་ཐོགས་ཡོད་པ་དང་གོ་མིན་ཏང་ལ་ཕམ་ཉེས་འབྱུང་རྒྱུའི་རྩིས་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ཀྱང་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་བཙུགས། ཨ་མི་རི་ཀའི་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱས་ཀྱང་མཚོ་འགག་ཕྱོགས་གཉིས་ཀྱི་འགལ་ཟླ་རྣམས་ཞི་བའི་སྒོ་ནས་ཐག་གཅོད་བྱ་དགོས་པའི་ལངས་ཕྱོགས་བཟུང་། ཨ་རིའི་གྲོས་ཚོགས་ཀྱིས་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་འཚོང་དགོས་པའི་ཁྲིམས་ཡིག་གཏན་ལ་ཕབ། ད་ལོ་རྒྱ་ནག་གི་གསང་ཉུལ་གྱི་ལྒང་བུ་ཁག་ཅིག་ཨ་རིའི་མཁའ་དབྱིངས་སུ་བཏང་སྟེ་ཨ་མི་རི་ཀས་འཕུར་མདེལ་འཕངས་ནས་གཏོར། རྒྱ་ནག་གིས་ཨུ་རུ་སུའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་ཨ་མི་རི་ཀ་ཁོང་ཁྲོས་བརྟས། ཨ་རི་དང་རྒྱ་ནག་གི་འབྲེལ་བར་འགལ་རྐྱེན་སྣ་མང་ཞིག་ཕྲད་ནས་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འཐེན། གཟའ་འཁོར་འདིར་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ཕར་ལམ་ཚུར་ལམ་གཉིས་ཀར་ཨ་མི་རི་ཀ་བརྒྱུད་ནས་ཕེབས་ཀྱི་ཡོད་པ་བཅས་ཀྱིས་ཨ་རྒྱའི་འབྲེལ་བ་སྔར་ལས་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཁ་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG