ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

ཐེ་ཝན་མི་དམངས་ཚོཊ་པས་གྲོས་ཚོཊ་ཀྱི་ཚོཊ་གཙོ་གསར་པ་བསྐོ་རུ་འཇུག་ཐུབ།


གོ་མིན་ཏང་གི་འཐུས་མི་ཧན་གོ་ཡུའི་
གོ་མིན་ཏང་གི་འཐུས་མི་ཧན་གོ་ཡུའི་

༄༅།། ཉེ་ཆར་གཟའ་སྤེན་པའི་ཉིན་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱས་པའི་སྐབས་སུ་ཐེ་ཝན་མི་དམངས་ཚོགས་པའི་སྲིད་འཛིན་འོས་མི་ཁེ་ཝེན་ཅེ་(Ko Wen-je)་ལ་སྲིད་འཛིན་གྱི་འོས་ཤོག་མ་ཐོབ་ཀྱང་སྲིད་དོན་ཚོགས་པ་དེར་གྲོས་ཚོགས་འཐུས་མི་༨་ཀྱི་གདན་གྲངས་ཐོབ། ཕྱི་ཟླ་དང་པོའི་ཚེས་༡༦་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་མི་དམངས་ཚོགས་པས་རང་གི་འཐུས་མི་༨་ཀྱིས་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་མཉམ་འབྲེལ་བྱ་དགོས་ཚེ། ཁྲིམས་བཟོ་ལྷན་ཚོགས་ལ་ལེགས་བཅོས་གཏོང་དགོས་ཞེས་སྔོན་འགྲོའི་ཆ་རྐྱེན་བཏོན། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་དང་ཕྱོགས་འགལ་གོ་མིན་ཏང་གཉིས་ཀས་ཐེ་ཝན་མི་དམངས་ཚོགས་པ་བཀུག་ནས་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་གདན་ཐོབ་འཛིན་རྒྱུར་འབད། ཁ་སང་གཟའ་ཟླ་བའི་ཉིན་ཐེ་ཝན་མི་དམངས་ཚོགས་པས་ལྟ་གྲུབ་གཙིགས་སུ་མི་འཛིན་པར་གནས་ལུགས་ལ་བལྟས་ནས་གནད་དོན་བྱེ་བྲག་པ་རེའི་ཐོག་ཏུ་སྲིད་དོན་ཚོགས་པ་གཞན་ལ་མཉམ་འབྲེལ་བྱ་འདོད་ཡོད་ཅེས་བསྒྲགས།།

ཐའེ་ཝན་སྲིད་འཛིན་འོས་མི།
ཐའེ་ཝན་སྲིད་འཛིན་འོས་མི།

ཐེ་ཝན་གྱི་གྲོས་ཚོགས་ལ་ཁྱོན་བསྡོམས་གདན་གྲངས་༡༡༣་ཡོད་པ་དང་ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་ཁེ་ཝེན་ཅེས་འགོ་ཁྲིད་པའི་ཐེ་ཝན་མི་དམངས་ཚོགས་པས་རྒྱལ་ཡོངས་གྲོས་ཚོགས་ཀྱི་ལས་དོན་སྒྲུབ་ཕྱོགས་ཕྱི་གསལ་ནང་གསལ་དང་བཅའ་ཁྲིམས་གཏན་འབེབས་ཀྱི་རྒྱུད་རིམ་ཁག་ལ་ལེགས་བཅོས་གཏོང་དགོས་ཞེས་ནན་གྱིས་བསྐུལ། ཕྱི་ཟླ་༢་པའི་ཚེས་༡་ཉིན་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་གཉིས་གདམ་དགོས་ཤིང་། གལ་སྲིད་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ཡུག་ཧྲི་ཁུན་གྱིས་སྔར་བཞིན་ཚོགས་གཙོའི་གོ་གནས་འཛིན་དགོས་ན་ཐེ་ཝན་མི་དམངས་ཚོགས་པས་དགོས་འདུན་བཏོན་པ་ཁག་བསྒྲུབ་དགོས། དེ་ལྟར་མ་བསྒྲུབས་ན་གོ་མིན་ཏང་གི་འཐུས་མི་ཧན་གོ་ཡུའི་གྲོས་ཚོགས་ཀྱི་ཚོགས་གཙོར་འགྱུར་སྲིད། གྲོས་ཚོགས་སུ་འཐུས་མི་གྲངས་མང་མེད་པར་སྲིད་འཛིན་གསར་པ་ལེ་ཆིང་ཏེས་ལས་དོན་བསྒྲུབ་ཐུབ་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་འདུག

ཐེ་ཝན་གྱི་གྲོས་ཚོགས་གསར་པའི་ནང་དུ་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་འཐུས་མི་༥༡་དང་གོ་མིན་ཏང་ཚོགས་པར་འཐུས་མི་༥༢་ཀྱི་གདན་གྲངས་ལས་མ་ཐོབ། ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀར་རང་ངོས་ནས་གྲོས་ཚོགས་ལ་དབང་བསྒྱུར་བྱེད་ཐུབ་པའི་འཐུས་མིའི་གྲངས་ཚད་མ་ལོངས། ཐེ་ཝན་མི་དམངས་ཚོགས་པས་སྲིད་དོན་ཚོགས་པ་གང་ལ་རྒྱབ་སྐྱོར་བྱས་ན་སྲིད་དོན་ཚོགས་པ་དེས་གྲོས་ཚོགས་ལ་དབང་བསྒྱུར་བྱེད་ཐུབ། ཐེ་ཝན་གྱི་སུ་ཀྲུག་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་སློབ་དཔོན་སུའི་ཙི་ཅིའོ་ཡིས་བཤད་པ་ལྟར་ན། ཐེ་ཝན་མི་དམངས་ཚོགས་པ་ལྟ་གྲུབ་ཀྱི་ཆ་ནས་གོ་མིན་ཏང་ལ་ཉེ་པོ་ཡོད་ཀྱང་གཞུང་འཛིན་དམངས་གཙོ་ཡར་ཐོན་པར་མཉམ་འབྲེལ་བྱེད་མི་སྲིད་པ་ཞིག་མ་རེད། སྲིད་དོན་ཚོགས་པ་གཉིས་ཀས་གནད་དོན་ཁག་ཅིག་གི་ཐོག་ཏུ་ཕན་ཚུན་གུ་བཤངས་བྱེད་ཐུབ་པ་དང་སྲིད་གཞུང་གི་གོ་གནས་ཁག་ཅིག་ཐེ་ཝན་མི་དམངས་ཚོགས་པར་འཛིན་དུ་འཇུག་ཤས་ཆེ། ཁེ་ཝེན་ཅེས་འོས་བསྡུའི་སྔོན་ནས་ལས་དོན་ཁག་ཅིག་གི་ཐོག་ཏུ་སྲིད་དོན་ཚོགས་པ་གཞན་ལ་མཉམ་འབྲེལ་བྱ་རྒྱུའི་ཁས་ལེན་བྱས་པ་རེད་ཅེས་བསྟན།།

་ཝན་མི་དམངས་ཚོགས་པའི་གྲོས་ཚོགས་འཐུས་མི་ཧྭང་གོ་ཁྲང་
་ཝན་མི་དམངས་ཚོགས་པའི་གྲོས་ཚོགས་འཐུས་མི་ཧྭང་གོ་ཁྲང་

ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་ཐེ་ཝན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་སྔར་བཞིན་ཡུག་ཧྲི་ཁུན་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐོ་རྒྱུའི་འདོད་པ་ཡོད་ཅིང་། ཐེ་ཝན་མི་དམངས་ཚོགས་པའི་གྲོས་ཚོགས་འཐུས་མི་ཧྭང་གོ་ཁྲང་གིས་ང་ཚོས་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་གཉིས་ཀར་གྲོས་ཚོགས་ཀྱི་ཚོགས་གཙོར་སུ་ཞིག་བསྐོ་འཆར་ཡོད་མེད་འོས་མིའི་མཚན་ཐོ་དང་ཚོགས་གཙོ་གསར་པས་ཁྲིམས་བཟོ་ལྷན་ཁང་ལ་ལེགས་བཅོས་ཇི་ལྟར་གཏོང་རྒྱུ་ཡིན་མིན་གྱི་འཆར་གཞི་འཁྱེར་ཤོག་ཅེས་འབོད་སྐུལ་ཞུས་པ་ཡིན། གྲོས་ཚོགས་ཀྱི་ཚོགས་གཙོའི་གོ་གནས་འཛིན་འདོད་ཡོད་པའི་འོས་མི་དེས་ཆ་རྐྱེན་༤་ངེས་པར་དུ་བསྒྲུབ་དགོས། དེ་ནི་གྲོས་ཚོགས་སུ་ཉན་ཞིབ་འཚོགས་རྒྱུ་དང་ལས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། སྒེར་གྱི་ཁེ་ཕན་ལ་སྟངས་འཛིན། གྲོས་ཚོགས་ཀྱི་འགྲོ་གྲོན་གཏོང་ཕྱོགས་ཁག་ཅིག་ཕྱི་གསལ་ནང་གསལ་བྱ་དགོས་ཞེས་བཀྲལ།།

གོ་མིན་ཏང་ལ་གྲོས་ཚོགས་འཐུས་མི་མང་ཤོས་ཀྱི་གདན་གྲངས་ཐོབ་ཡོད་པས་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་ཧན་གོ་ཡུའི་གྲོས་ཚོགས་ཀྱི་ཚོགས་གཙོའི་འོས་མིར་གདམ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་མོད། ཐེ་ཝན་མི་དམངས་ཚོགས་པའི་འགོ་ཁྲིད་ཁེ་ཝན་ཅེས་ང་རང་སྒེར་ངོས་ནས་ཧན་གོ་ཡུའི་ལ་ལྟ་ཚུལ་ཅི་ཞིག་བཟུང་ཡོད་ཀྱང་ཁྱད་པར་མེད། གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་དེར་སུ་ཞིག་བསྐོ་དགོས་མིན་ཐད་ཐེ་ཝན་མི་དམངས་ཚོགས་པའི་འཐུས་མི་ཚོར་གྲོས་སྡུར་བྱས་ནས་ཐུན་མོང་གི་ཐག་གཅོད་བྱ་རྒྱུ་ཡིན་གསལ་བསྒྲགས་སྤེལ། སི་མི་ཐེ་མཐོ་སློབ་ཀྱི་སྲིད་གཞུང་འཛིན་སྐྱོང་ཉམས་ཞིབ་སློབ་དཔོན་གཞོན་པ་སེ་ར་ནེའུ་ལན་ཌིས་(Sara Newland)་ཐེ་ཝན་མི་དམངས་ཚོགས་པའི་ལངས་ཕྱོགས་ཀྱང་བརྟན་པོ་མ་རེད། ཁོ་ཚོས་གནད་དོན་མང་པོའི་ཐོག་ཏུ་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་ལ་མཉམ་འབྲེལ་བྱེད་ཐུབ། ཐེ་ཝན་གྱི་སྤྱི་ཚོགས་སུ་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ནུས་པ་ཉམས་ཡོད་པའི་སྐྱོན་བརྗོད་འཕོག་གི་ཡོད་པས་ཐེ་ཝན་མི་དམངས་ཚོགས་པས་མཉམ་འབྲེལ་བྱས་ན་སྲིད་དོན་ཚོགས་པ་དེར་ཁེ་ཕན་འཐོབ་སྲིད་ཅེས་བཤད་འདུག

བདམས་ཐོན་སྲིད་འཛིན་ལེ་ཆིང་ཏེ་
བདམས་ཐོན་སྲིད་འཛིན་ལེ་ཆིང་ཏེ་

ཕྱི་ཟླ་དང་པོའི་ཚེས་༡༦་ཉིན་ཐེ་ཝན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་བསྡུའི་གྲུབ་འབྲས་རྣམས་སྔོན་ནས་ཚོད་དཔག་བྱས་པ་ལྟར་བྱུང་ཞིང་། འོས་འདེམས་ལ་ཉི་མ་༡༠་ལས་མེད་པའི་མཚམས་སུ་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལེ་ཆིང་ཏེ་སྲིད་འཛིན་ལ་འདེམས་ཐོན་ཐུབ་རྒྱུ་དང་གོ་མིན་ཏང་གི་འོས་མི་ཧུག་ཡུག་དབྱི་ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་འཐོབ་རྒྱུ་མིན་པ། ཐེ་ཝན་གྱི་གྲོས་ཚོགས་སུ་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་ཕམ་ཉེས་བྱུང་སྟེ་གོ་མིན་ཏང་ལ་འཐུས་མི་མང་བ་འཐོབ་རྒྱུའི་སྔོན་དཔག་བྱས་པ་ལྟར་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་༡༠་ཐམ་པའི་གདན་ཐོབ་ཤོར། ཉམས་ཞིབ་པ་ཚོས་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་གཉིས་ཀར་གྲོས་ཚོགས་སུ་འཐུས་མི་གྲངས་མང་མ་ཐོབ་པ་ནི་མཚོ་གླིང་དེའི་ན་གཞོན་ཚོ་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ལ་སུན་སྣང་སྐྱེས་པས་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཕྱི་ཟླ་དང་པོའི་ཚེས་༡༤་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེ་ལ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་མེད་པར་དཀའ་ངལ་འཕྲད་རྒྱུ་སྨོས་ཅི་དགོས། གོ་མིན་ཏང་དང་དམངས་གཙོ་ཡར་ཐོན་ཚོགས་པ་གཉིས་ནི་ལྟ་བ་དང་ལངས་ཕྱོགས་ཐོག་ཏུ་མཉམ་འབྲེལ་བྱེད་ཐུབ་རྒྱུ་ཤིན་ཏུ་དཀའ། དེས་ན་ཁེ་ཝེན་ཅེས་འགོ་ཁྲིད་པའི་ཐེ་ཝན་མི་དམངས་ཚོགས་པའི་འཐུས་མི་ཚོས་གྲོས་ཚོགས་གསར་པར་ཁ་ལོ་བསྒྱུར་རྒྱུའི་རྟགས་མཚན་མངོན། ལེ་ཆིང་ཏེས་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཐོན་མ་ཐག་ཏུ་སྲིད་དོན་ཚོགས་པ་གཞན་ལ་མཉམ་འབྲེལ་དང་གུ་བཤངས་བྱས་ནས་རྒྱལ་ཁབ་འཛིན་སྐྱོང་བྱ་རྒྱུ་ཡིན་ཞེས་ཁས་བླངས། གོ་མིན་ཏང་ལ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་མེད་པས་གཞུང་འཛིན་ཚོགས་པའི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་འགོག་ཐུབ་རྒྱུ་ཁག་པོ་རེད་ཅེས་གསར་འགྱུར་སྤེལ།།

ཊེ་ནེའུ་ཉམས་ཞིབ་ཁང་གི་རྒྱ་ནག་གི་སྲིད་ཇུས་ཉམས་ཞིབ་པ་གྷེབ་རིལ་ཝིལ་ཌོས་བཤད་པ་ལྟར་ན། ཐེ་ཝན་གྱི་འོས་བསྡུའི་གྲུབ་འབྲས་ཀྱིས་ལེ་ཆིང་ཏེས་སྲིད་འཛིན་གྱི་ལས་ཁུར་བཞེས་པའི་རྗེས་སུ་རྒྱ་ནག་ལ་སྲིད་ཇུས་སྙོམས་པོ་ཞིག་འཛིན་དགོས་པར་གྱུར། གོ་མིན་ཏང་དང་ཐེ་ཝན་མི་དམངས་ཚོགས་པ་གཉིས་ཀས་རྒྱ་ནག་ལ་འབྲེལ་བ་ཉེ་པོ་འཛིན་དགོས་པའི་ལངས་ཕྱོགས་བཟུང་འདུག ལེ་ཆིང་ཏེས་རང་བཙན་གྱི་ལས་འགུལ་སྤེལ་བའམ། ཡང་ན་རྒྱ་ནག་ལ་འཁྲུག་རྩོད་སློང་མི་ཕོད། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱ་ནག་གི་སྟེང་དུ་ལངས་ཕྱོགས་མཁྲེགས་པོ་བཟུང་ཡང་འཁྲུག་རྩོད་མ་བསླངས། ལེ་ཆིང་ཏེས་སྲིད་འཛིན་ཚེ་དབྱིན་ཝེན་གྱི་སྲིད་ཇུས་རྣམས་རྒྱུན་འཁྱོངས་བྱེད་ངེས་རེད་ཅེས་བཤད་འདུག ཨ་རིའི་ནུབ་ཀན་ཊ་ཀི་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་སློབ་དཔོན་ཊི་མོ་ཐི་རི་ཆིས་ལེ་ཆིང་ཏེའི་སྲིད་གཞུང་གིས་ཐེ་ཝན་མི་དམངས་ཚོགས་པར་མཉམ་འབྲེལ་བྱས་ན་ལས་དོན་མང་པོ་བསྒྲུབ་ཐུབ་རྒྱུ་མིན་པར་མ་ཟད། ཁོ་ཚོ་གྲོས་མཐུན་ཡོང་སའི་ཐུན་མོང་གི་འབབ་ས་ཆེན་པོ་ཞིག་མི་འདུག ལེ་ཆིང་ཏེའི་རེ་བ་དང་འཆར་གཞི་རྣམས་འགྲུབ་ཐུབ་མིན་ནི་ཐེ་ཝན་མི་དམངས་ཚོགས་པར་རག་ལས་པ་རེད་ཅེས་བཤད་འདུག

གླེང་སྟེགས།

XS
SM
MD
LG