ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཐེ་ཝན་དང་ལི་ཐུ་ཝྭེ་ཎི་ཡ་གཉིས་ཀྱིས་དོན་གཅོད་ཁང་འཛུགས་རྒྱུ། 


༄༅།། ཐེ་ཝན་གཞུང་གིས་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ལི་ཐུ་ཝྭེ་ཎི་ཡའི་རྒྱལ་སར་དོན་གཅོད་ཁང་འཛུགས་རྒྱུའི་གསལ་བསྒྲགས་སྤེལ། འདི་ནི་ཐེ་ཝན་ལ་མཚོན་ལ་རྒྱ་ནག་གི་ཕྱི་འབྲེལ་གནོན་ཤུགས་འོག་ཏུ་རྒྱལ་ཁ་ཆེན་པོ་ཞིག་ཡིན་ཞིང་། ཕྱི་ཟླ་༧་པའི་ཚེས་༢༠་ཉིན་མཉམ་འབྲེལ་གསར་ཁང་གིས་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་གསར་འགོད་གསལ་བསྒྲགས་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་དོན་གཅོད་ཁང་གིས་ཕྱོགས་གཉིས་ཀྱི་ཚོང་ལས་དང་དཔལ་འབྱོར། ལས་རིགས་གཞན་ཁག་གི་ཐོག་ཏུ་མཉམ་འབྲེལ་བྱ་རྒྱུ་ཡིན་ཞེས་འཁོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་ཕལ་མོ་ཆེའི་སྒོ་བྱང་ལ་རྒྱ་ནག་པའི་ཐེ་པེ་ལས་ཁུངས་ཞེས་བཀོད་ནས་རྒྱ་ནག་ལ་ཕོག་ཐུག་མི་འགྲོ་བའི་ཐབས་སུ་འབད། ལི་ཐུ་ཎི་ཡར་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་གི་སྒོ་བྱང་ལ་ཐེ་ཝན་ཞེས་མིང་བྱང་འགོད་རྒྱུའི་ཐག་གཅོད་བྱུང་། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་ཐེ་ཝན་གཞུང་དང་ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་གྲོས་སྡུར་ལྷུག་པོ་བྱས་པའི་རྗེས་སུ་ཐེ་ཝན་གྱིས་མྱུར་དུ་ལི་ཐུ་ཝྭེ་ཎི་ཡའི་རྒྱལ་ས་ཝྭི་ལིན་ཡ་སི་གྲོང་ཁྱེར་དུ་སྐུ་ཚབ་དོན་གཅོད་ཁང་ཞིག་སྒོ་འབྱེད་རྒྱུའི་གཉིས་མོས་གྲོས་མཐུན་བྱུང་ཡོད། དོན་གཅོད་ཁང་གི་སྒོ་བྱང་ལ་ལི་ཐུ་ཝྭེ་ཎི་ཡར་བཅའ་སྡོད་ཐེ་ཝན་པའི་དོན་གཅོད་ཁང་ཞེས་འགོད་རྒྱུ་ཡིན། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་དེ་ལ་བྲེལ་མྱུར་གྱིས་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

ཐེ་ཝན་ཕྱི་སྲིད་ལས་ཁང་གི་ངོ་དེབ་སྟེང་ལི་ཐུ་ཝྭེ་ཎི་ཡས་ཐེ་ཝན་ལ་ཏོག་ནད་འགོག་ཁབ་ཀྱི་རོགས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ། ༢༠༢༡།༦།༢༢
ཐེ་ཝན་ཕྱི་སྲིད་ལས་ཁང་གི་ངོ་དེབ་སྟེང་ལི་ཐུ་ཝྭེ་ཎི་ཡས་ཐེ་ཝན་ལ་ཏོག་ནད་འགོག་ཁབ་ཀྱི་རོགས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ། ༢༠༢༡།༦།༢༢

ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་ཞིག་ལ་ཐེ་ཝན་པའི་དོན་གཅོད་ཁང་ཞེས་མིང་བྱང་ཐོག་མ་བཀོད་པ་ནི་༢༠༢༠་ལོར་ཐེ་ཝན་གྱིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་སོ་མ་ལི་ལཱན་ཌིར་བཙུགས་པའི་དོན་གཅོད་ཁང་གི་སྒོ་བྱང་ལ་ཐེ་ཝན་པའི་དོན་གཅོད་ཁང་ཞེས་བྲིས། རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༥་ལས་མེད་ཀྱང་རྒྱལ་ཁབ་དག་གི་ས་ཐོག་ཏུ་ཐེ་ཝན་གྱི་གཞུང་ཚབ་ཁང་བཙུགས་ཡོད་ཅིང་། ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་ལུ་ཐུ་ཝྭེ་ཎི་ཡའི་གཞུང་གིས་ལོ་འདིའི་སྟོན་ཁར་ཐེ་ཝན་གྱི་རྒྱལ་སར་སྐུ་ཚབ་དོན་གཅོད་ཁང་སྒོ་འབྱེད་འཆར་ཡོད། ང་ལ་ཐེ་ཝན་དང་ལི་ཐུ་ཝྭེ་ཎི་ཡའི་དཔལ་འབྱོར་དང་ཚོང་ལས་ཡར་རྒྱས། ང་ཚོར་ས་ཁམས་ཆགས་ཡུལ་གྱི་རྒྱང་ཁད་ཡོད་ཀྱང་ཕྱོགས་གཉིས་ཀྱི་མི་མང་གི་མཛའ་འབྲེལ་ཡར་རྒྱས་འགྲོ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསལ་བསྒྲགས་སྤེལ། ༢༠༠༣་ལོར་ཐེ་ཝན་གྱིས་ཡུ་རོབ་རྒྱལ་ཁབ་སི་ལ་ཝྭ་ཀི་ཡའི་རྒྱལ་སར་དོན་གཅོད་ཁང་ཞིག་བཙུགས། རྒྱ་ནག་གིས་ཕྱི་འབྲེལ་དང་དཔལ་འབྱོར་གྱི་སྟོབས་ཤུགས་བཀོལ་ནས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་བཙུགས་ཡོད་པ་རྣམས་ཀྱང་གཅོད་དུ་བཅུག ད་ལོའི་ཕྱི་ཟླ་༢་པར་རྒྱ་ནག་གི་གནོན་ཤུགས་འོག་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་གྷུ་ཡ་ནའི་གཞུང་གིས་ཐེ་ཝན་ལ་ཚོང་ལས་དང་མ་རྩ་འཛུགས་འཇོག་ལས་ཁུངས་ཤིག་སྒོ་འབྱེད་དུ་འཇུག་རྒྱུའི་ཆོག་མཆན་སྤྲད་པ་ཕྱིར་བསྡུ་བྱས་འདུག རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལཱེན་གྱི་སྤྱི་ཚོགས་དྲྭ་ལམ་དུ་ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱ་དགོས། ཐེ་ཝན་རང་བཙན་ཤོག་ཁག་ལ་གོ་བརྡ་ལོག་པ་ཞིག་མ་བཏང་ན་ལེགས་ཞེས་འཕྲིན་ཐུང་ཞིག་སྤེལ། ཀྲུའུ་ཧྥེང་ལཱེན་གྱིས་རྒྱ་ནག་གི་ལན་པ་ཇི་ལྟར་སློག་རྒྱུ་ཡིན་མིན་ཁ་གསལ་ཞིག་བཤད་བྱས་མེད་མོད། འོན་ཀྱང་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པས་འགོ་ཁྲིད་པའི་སྲིད་གཞུང་གིས་ཅི་ཞིག་བསྒྲུབས་ཀྱང་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་དོན་དངོས་ལ་འགྱུར་བ་ཐེབས་མི་ཐུབ་ཅེས་བཀྲལ།།

ཐེ་ཝན་གྱི་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་གཞུང་གིས་སྲིད་འཛིན་སྔོན་མ་ཌོ་ནལ་ཊམ་གྱིས་ཐེ་ཝན་ལ་འབྲེལ་བ་ཡར་རྒྱས་གཏོང་དགོས་པའི་སྲིད་ཇུས་ཤིག་གཏན་ལ་ཕབ་ཡོད་པ་རྒྱུན་བསྐྱངས། ཨ་རིའི་སྲིད་གཞུང་སྔ་རྗེས་གཉིས་ཀས་གསལ་བསྒྲགས་བྱེད་ཀྱི་མེད་ཀྱང་རྒྱ་ནག་གཅིག་གི་རྩ་དོན་ཞེས་ཆོ་ག་ཕྱག་ལེན་ལྟ་བུའི་སྲིད་ཇུས་བཟུང་ཡོད་པར་དངོས་སུ་འགྱུར་བ་ཆེན་པོ་ཞིག་ཐེབས་ཟིན་ཡོད་པ་རེད། དཔེར་ན་༡༩༩༨་ལོར་ཨ་རིའི་སྲིད་འཛིན་ཁེ་ལིན་ཊོན་པེ་ཅིང་ལ་འཚམས་འདྲིར་ཕེབས་ནས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད། རྒྱ་ནག་གཉིས་ལ་རྒྱབ་སྐྱོར་མེད། རྒྱ་ནག་གཅིག་དང་ཐེ་ཝན་གཅིག་ལ་རྒྱབ་སྐྱོར་མེད་ཅེས་མེད་གསུམ་སྲིད་ཇུས་ཤིག་གསལ་བསྒྲགས་སྤེལ་བ་ནུས་མེད་དུ་གྱུར་པ་རེད། དེར་བརྟེན་རྒྱ་ནག་གཅིག་དང་ཐེ་ཝན་གཅིག་ཚུགས་ཐུབ་སྲིད་ཅེས་རྩོམ་ཡིག་རིང་པོ་ཞིག་སྤེལ། ཟླ་བ་སྔོན་མར་ཨ་མི་རི་ཀ་དང་ཐེ་ཝན་གཉིས་ཀྱིས་༡༩༩༤་ལོར་མིང་རྟགས་བཀོད་པའི་ཚོང་ལས་དང་མ་རྩ་འཛུགས་འཇོག་གི་གྲོས་མཐུན་སླར་གསོ་བྱས་ནས་གྲོས་མོལ་འགོ་ཚུགས། ཨ་རི་དང་ཐེ་ཝན་གྱི་ཚོང་དོན་འགགས་དོན་ནི་མཚོ་གླིང་དེར་ཨ་མི་རི་ཀའི་ཕག་ཤ་དང་སྐམས་ཤ་ནང་འདྲེན་བྱ་རྒྱུ་བཀག སྔ་ལོ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཨ་རིའི་ཕག་ཤ་དང་སྐམས་ཤ་གཉིས་ཐེ་ཝན་ལ་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་ཕྱིར་བསྡུ་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་གྱི་འགོག་རྐྱེན་སེལ། ད་ལྟ་ཨ་མི་རི་ཀ་དང་ཐེ་ཝན་གཉིས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་རྒྱུར་གྲོས་མོལ་བྱ་རྒྱུ་སྟབས་བདེ་རུ་སོང་། ༢༠༢༠་ལོར་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཐེ་ཝན་ལ་བཙན་འཛུལ་འགོག་རྒོལ་ཁྲིམས་ཡིག་ཅིག་གྲོས་ཚོགས་སུ་མཚམས་སྦྱོར་ཞུས། ད་སྔ་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་དེ་ལ་ལག་པ་འཆང་གི་མེད་ཀྱང་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཁྲིམས་ཡིག་དེར་མོས་མཐུན་དང་སྲིད་འཛིན་གྱིས་མཚན་རྟགས་བཀོད་ཚེ། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱུང་ན་ཨ་རིའི་སྲིད་འཛིན་གྱིས་དམག་བཏང་ནས་ཐེ་ཝན་ལ་སྲུང་སྐྱོབ་བྱེད་དགོས་པའི་བཀའ་གཏོང་ཆོག

ཨོ་གླིང་རྒྱང་སྲིང་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པའོ་ཅཱི་གྲོང་ཁྱེར་གཞུང་གི་རྒྱ་ནག་དམར་ཤོག་ཚོགས་པའི་ཤཱི་ཀྭ་དྲྭ་ཚིགས་སུ་བརྙན་འཕྲིན་ཞིག་བཀྲམ་ནས་རྒྱ་ནག་གི་ཐེ་ཝན་ལས་དོན་ལ་ཉི་ཧོང་གིས་ཐེ་གཏོགས་བྱས་ན་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་རྒྱུ་ཡིན། ང་ཚོས་སྔོན་ལ་རྡུལ་ཕྲན་འབར་མདེལ་འཕེན་ཆོག ང་ཚོས་མུ་མཐུད་དུ་རྡུལ་ཕྲན་འབར་མདེལ་འཕེན་ཆོག ཉི་ཧོང་གིས་ཆ་རྐྱེན་མེད་པར་མགོ་བཏགས་ཐེངས་གཉིས་པ་མ་ཞུས་བར་དུ་ང་ཚོས་རྡུལ་ཕྲན་འབར་མདེལ་འཕེན་ཆོག་ཅེས་སྡིགས་ར་བསྐུལ། བརྙན་ཐུང་དེར་མི་གྲངས་ས་ཡ་༢་ལྷག་གིས་བལྟས་པའི་རྗེས་སུ་ཤཱི་ཀྭ་དྲྭ་ཚིགས་ནས་བསུབས་ཀྱང་དེའི་ངོ་བཤུས་རྣམས་ཡུ་ཊུབ་དྲྭ་ལམ་དུ་ཁྱབ། ཉེ་ཆར་ཉི་ཧོང་གི་སྲིད་བློན་གཞོན་པ་ཏ་རོ་ཨ་སོས་ཐེ་ཝན་གྱི་བདེ་འཇགས་ནི་ཉི་ཧོང་གི་བདེ་འཇགས་ལ་འབྲེལ་བ་ཡོད། ང་ཚོས་ངེས་པར་དུ་ཐེ་ཝན་གྱི་བདག་དབང་ལ་སྲུང་སྐྱོབ་བྱ་དགོས་ཞེས་བསྟན། དེའི་རྗེས་སུ་རྒྱ་ནག་གིས་བརྙན་ཐུང་དེ་བཀྲམ་ནས་ང་ཚོས་ཐེ་ཝན་བཅིངས་འགྲོལ་གཏོང་རྒྱུ་ཡིན། ཉི་ཧོང་གིས་དམག་མི་གཅིག་དང་གནམ་གྲུ་གཅིག དམག་གྲུ་གཅིག་ཀྱང་གཏོང་མི་ཆོག་ཅེས་སྡིགས། ཉི་ཧོང་གི་སྲིད་བློན་གཞོན་པ་ཏ་རོ་ཨ་སོས་ང་ཚོའི་རྩ་ཁྲིམས་ནང་དུ་ཕྱི་ལ་དམག་གཏོང་ཆོག་གི་མེད་ཀྱང་ཉི་ཧོང་ལ་རང་གི་བདེ་འཇགས་སྲུང་སྐྱོབ་བྱེད་ཆོག་པའི་ཐོབ་ཐང་ཡོད། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ན་ཉི་ཧོང་གི་བདེ་འཇགས་ལ་ཉེན་ཁ་འཕྲད་ཉག་ཅིག་རེད། དེས་ན་ཉི་ཧོང་གིས་རང་སྲུང་ཐོབ་ཐང་ལོངས་སུ་སྤྱོད་དགོས་ཞེས་བཤད། གསར་འགོད་པས་ཉི་ཧོང་གི་བློན་ཆེན་གཞན་ཞིག་ལ་ཏ་རོ་ཨ་སོའི་སྐད་ཆ་དེ་རྣམས་ཉི་ཧོང་གཞུང་གིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ཡིན་ནམ་ཞེས་དྲིས། ཉི་ཧོང་གི་བློན་ཆེན་དེས་ཐེ་ཝན་གྱི་གནད་དོན་ནི་འབྲེལ་ཡོད་ཤོག་ཁག་གཉིས་ཀས་ཞི་བའི་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཐུབ་པའི་རེ་བ་ཡོད་ཅེས་ལན་བཏབ།།

ཨོ་གླིང་གི་ནེའུ་ལྷོ་ཝེལ་སི་སློབ་གྲྭ་ཆེན་མོའི་དྲྭ་ལམ་དྲིལ་བསྒྲགས་དང་རྒྱ་ནག་ཉམས་ཞིབ་མཁས་པ་ཊོམ་ས་ཡེར་གྱིས་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་རྩེད་མོའི་བརྙན་ཐུང་ཞིག་བརྒྱུད་ནས་གཞུང་གི་བརྡ་ལན་རྣམས་ཉི་ཧོང་ལ་འཕྲོད་ཐབས་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་དངོས་སུ་ཉི་ཧོང་ལ་རྡུལ་ཕྲན་མཚོན་ཆས་གཏོང་རྒོལ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱེད་མི་ཕོད་ཀྱང་རྩེད་མོའི་རྣམ་པར་བཀོད་པའི་བརྙན་ཐུང་དེ་རྒྱ་ནག་མི་དམངས་ཀྱི་ལྟ་ཚུལ་ཡིན་པའི་བརྡ་ཞིག་བཏང་བ་རེད། རྒྱ་ནག་གིས་གསར་འགྱུར་དང་དྲྭ་ལམ་གྱི་བརྙན་རིས་ཁག་ལ་ཞིབ་བཤེར་བྱས་ནས་མི་དམངས་ལ་བལྟ་རུ་འཇུག་འདོད་མེད་ན་སུ་གཅིག་གིས་ཀྱང་མཐོང་མི་ཐུབ། བརྙན་ཐུང་དེ་རྒྱ་ནག་དམར་ཤོག་ཚོགས་པའི་སྐད་ཆ་མིན་ན་དྲྭ་ལམ་དུ་ནག་སུབ་བྱས་ནས་མེད་པར་གཏོང་ཆོག ཡིན་ནའང་བརྙན་ཐུང་དེ་ནག་སུབ་མ་བྱས་པར་དྲྭ་ལམ་ལ་ཁྱབ་ཏུ་བཅུག་པ་ནི་རྒྱ་གཞུང་གིས་མི་མངོན་པའི་སྒོ་ནས་དེ་ལ་ཆོག་མཆན་བཀོད་པ་མཚོན་ཐུབ་ཅེས་བཤད། ཨོ་གླིང་གི་འཐབ་ཇུས་ཞིབ་འཇུག་གི་ཉམས་ཞིབ་པ་ཇཱེཀ་ཝ་ལི་སི་ཡིས་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་རིམ་ཁག་པ་གིས་དྲྭ་ལམ་དུ་རྒྱ་ནག་གི་སྒྲུང་བཤད་དགོས་བཀའ་ཕབ་པ་རེད། དབུས་དམར་ཤོག་ཚོགས་པ་ནས་ཞིང་ཆེན་དང་ས་གནས་བར་གྱི་འབྲེལ་ཡོད་ཚན་པ་ཁག་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་ཀྱི་ཕྱོགས་སུ་ལངས་ཡོད་པའི་རྣམ་པ་སྟོན་ཐབས་ལ་འགྲན་སྡུར་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གོ་སྐབས་བཟུང་ནས་མི་རིགས་རིང་ལུགས་ཀྱི་ལ་ཞེན་སློང་གི་ཡོད་པས་བརྙན་ཐུང་དེས་དམར་ཤོག་ཚོགས་པའི་དགོས་དོན་འགྲུབ་ཐུབ། རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་རྒྱལ་སྤྱིའི་ཐོག་ཏུ་འབྲེལ་ལམ་མཐུད་ནས་རྒྱ་ནག་གི་ལྟ་ཚུལ་བརྗོད་དགོས། འཛམ་གླིང་མི་དམངས་ཀྱི་བསམ་བློ་བསྒྱུར་དགོས་པ་དང་རྒྱལ་སྤྱིའི་ལམ་སྲོལ་ཁག་བསྒྱུར་དགོས་པའི་ལས་འགན་བཅོལ་ཡོད་པ་རེད་ཅེས་བཤད་འདུག

XS
SM
MD
LG