ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱིས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ལ་ངོས་ལེན་མེད་ཟེར།


ཕྱི་ཟླ་༥་པའི་ཚེས་༢༠་ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིལས་དུས་ཐེངས་གཉིས་པའི་ཁྲི་སྟོན་མཛད་སྒོ་ཚོགས། ཁོང་གིས་ཐེ་ཝན་གཞུང་དམངས་གཉིས་ཀསརྒྱ་ནག་གིས་བཏོན་པའི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་ཁས་ལེན་གྱིས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་ཏུ་འགྱུར་དགོས་པ་དེར་ངོས་ལེན་བྱེད་མི་ཐུབ་ཅེས་ཐེ་ཝན་གྱི་བདག་དབང་རྒྱ་ནག་ལ་ཡོད་ཟེར་པའི་པེ་ཅིང་གི་ལངས་ཕྱོགས་་དགག་པ་བརྒྱབ། སྲིད་འཛིན་ཚེ་དབྱིན་ཝེན་གྱི་ཁྲི་སྟོན་མཛད་སྒོའི་གཏམ་བཤད་ནང་དུ་མཚོ་འགག་ཕྱོགས་གཉིས་ར་ཞི་བདེ་མཉམ་གནས་བྱེད་ཐུབ་པ་དང་དགྲར་འཛིན་གྱི་ངར་ཤུགས་ཆུང་དུ་གཏོང་རྒྱུ། ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་སེལཐབས་ཀྱི་ལམ་ཞིག་འཚོལ་དགོས་པའི་ལས་འགན་ཡོད། ངས་འདི་ནས་ཞི་བདེ་དང་འདྲ་མཉམདམངས་གཙོ་དང་འབྲེལ་མོལཞེས་བསྐྱར་ཟློས་བྱ་རྒྱུ་ཡིན། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ཞེས་ཐེ་ཝན་གྱི་གོ་གནས་དམའ་རུ་བཏང་བ། ད་ལྟའི་ཕྱོགས་གཉིས་ཀྱི་གནས་བབ་ལ་སྣང་ཆུང་བྱེད་ཀྱི་ཡོད་པར་ང་ཚོས་ངོས་ལེན་བྱེད་ཐུབ་ཐབས་མེད། ད་ལྟ་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་ནི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཏུ་སླེབས་ཡོད་ཅེས་གཏམ་བཤད་བྱས་འདུག

རྒྱ་ནག་གཞུང་གིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ནི་ལྡོག་ཐབས་མེད། རྒྱ་ནག་གིས་ཐེ་ཝན་རང་བཙན་ལ་ནམ་ཡང་བཟོད་སྒོམ་བྱེད་མི་སྲིད་ཅེས་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ཁྲི་སྟོན་མཛད་སྒོའི་གཏམ་བཤད་ལ་ལན་བཏབ རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་ང་ཚོས་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ཞེསབཏོན་པའི་གྲོས་གཞི་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཐེ་ཝན་གྱི་ཁ་བྲལ་རིང་ལུགས་པ་ཚོར་རང་བཙན་གྱི་ལས་འགུལ་སྤེལ་སའི་ཁོར་ཡུག་ཅིག་གཏན་ནས་སྤྲོད་རྒྱུ་མིན། གཅིག་གྱུར་ནི་ང་ཚོར་ལོ་རྒྱུས་ཀྱིས་བཞག་པའི་ལས་འགན་རེད། རྒྱ་ནག་ལ་རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུར་གཅིག་གྱུར་དེར་སྲུང་སྐྱོབ་བྱེད་ཐུབ་པའི་ཆོད་སེམས་བརྟན་པོ་དང་གདེང་ཚོད། སྟོབས་འབྱོར་བཅས་ཡོད། མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་དེར་གཡོལ་ཐབས་བྲལ་ཞེས་སྡིགས་ར་བསྐུལ། ལོ་ངོ་རེ་ཟུང་གོང་དེར་ཞིས་ཅིན་ཕིང་གིས་ཕྱི་ལོ་གསར་པའི་གཏམ་བཤད་སྐབས་སུ་ཐེ་ཝན་དང་རྒྱ་ནག་གཉིས་ཧོང་ཀོང་གི་ལམ་སྲོལ་ལྟར་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་གཅིག་གྱུར་བྱ་དགོས་ཞེས་གྲོས་གཞི་བཏོན།།

ཐེ་ཝན་གཞུང་གིས་སྐབས་དེར་ཞིས་ཅིན་ཕིང་གི་གྲོས་གཞི་ལའཐད་པ་མེད་ཅེས་དགག་པ་བརྒྱབ། སྔ་ལོ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོས་ཟླ་བ་མང་པོར་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་རང་སྐྱོང་གི་ཐོབ་ཐང་བརྩད། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཧོང་ཀོང་གི་ཚད་ཐོའི་རང་སྐྱོང་གི་ཐོབ་ཐང་རྣམས་ལོ་རེ་བཞིན་ཆུང་དུ་འགྲོ་བཞིན་ཡོད་པས་ཐེ་ཝན་མི་དམངས་རྣམས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་མོས་མཐུན་བྱེད་དཀའ་བ་ཞིག་ཏུ་གྱུརན་ནིང་ལོ་མཇུག་དེར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱས་པའི་སྐབས་སུ་སྲིད་འཛིན་ཚེ་དབྱིན་ཝེན་དང་དམངས་གཙོ་ཡར་ཐོན་ཚོགས་པར་སླར་ཡང་ཕྱོགས་ལས་རྣམ་པར་རྒྱལ་བའི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ནས་བཟུང་། ཐེ་ཝན་གྱི་སྤྱི་ཚོགས་སུ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་འཐད་པ་ཡོད་མཁན་ཇེ་ཉུང་དུ་སོང་། དེང་སྐབས་ཐེ་ཝན་མི་དམངས་ཀྱི་གྲས་སུ་མི་མང་བརྒྱ་ཆ་༧༠་ཡས་མས་ཤིག་གི་རང་ཉིད་ཐེ་ཝན་པ་ཡིན། ང་ཚོ་རྒྱ་ནག་པ་དང་རྒྱ་མི་རིགས་ལ་འབྲེལ་བ་ཅི་ཡང་མེད་ཅེས་བསམ་བློའི་འདུ་ཤེས་འཛིན་གྱི་ཡོད་པར་མ་ཟད། ཐེ་ཝན་གྱི་ན་གཞོན་ཚོར་རང་ཉིད་རྒྱ་མི་རིགས་ཡིན་པ་དང་རྒྱ་ནག་ལ་འབྲེལ་བ་ཡོད་པ། མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པ་དང་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་བསམ་བློའི་འདུ་ཤེས་དེ་བས་ཀྱང་མེད་ཅིང་། རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་དགོས་པའི་འདུ་ཤེས་འཛིན་མཁན་རྣམས་ནི་༡༩༤༩་ལོར་རྒྱ་ནག་ནས་ཐེ་ཝན་ལ་བྲོས་བྱོལ་དུ་སོང་བའི་གོ་མིན་ཏང་གི་རྗེས་འབྲང་བ་མི་རབས་རྒན་པ་རྣམས་དང་དེ་དག་གི་བུ་རབས་ཚ་རྒྱུད་ཁག་ཅིག་ཡིན་པ་རེད།།

སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། ཐེ་ཝན་གྱི་གཞུང་འབྲེལ་མིང་ལ་ཀྲུང་ཧྭ་མིན་གོ་ཟེར་གྱི་ཡོདང་ཚོ་པེ་ཅིང་གི་དབང་སྒྱུར་བྱེད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤིག་ལ་འགྱུར་འདོད་མེད། ང་ཚོས་མུ་མཐུད་དུ་རྒྱ་ནག་ལ་འབྲེལ་མོལ་བྱ་ཐབས་དང་མངའ་ཁུལ་འདིའི་ཞི་བདེ་བརྟན་ལྷིང་ལ་ལེགས་འབུལ་ཐུབ་པའི་འབད་བརྩོན་བྱ་རྒྱུཡིན། དམངས་གཙོའི་ལམ་ལུགས་དར་ཡོད་པའི་ཐེ་ཝན་དང་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་དར་ཡོད་པའི་རྒྱ་ནག་སྟེ། མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེ་བརྟན་ལྷིང་རྒྱུན་གནས་ཐུབ་པར་ཐེ་ཝན་གྱིས་འབད་བརྩོན་ཧ་ཅང་ཆེན་པོ་ཞིག་བྱས་ཡོད་ཅེས་ལས་ཁུར་ཐེངས་གཉིས་པ་བཞེས་པའི་ཁྲི་སྟོན་མཛད་སྒོའི་ཐོག་ཏུ་ནན་བརྗོད་བྱས་འདུག སྲིད་འཛིན་ཚེ་དབྱིན་ཝེན་གྱི་ཁྲི་སྟོན་མཛད་སྒོར་ཕེབས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ཏོག་དབྱིབས་རིམས་ནད་ལ་འཛེམ་ཟོན་བྱས་ནས་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བར་སྟོང་བཞག་སྟེ་མཛད་སྒོར་ཞུགས། ཡིན་ནའང་རྒྱ་ནག་གཞུང་གིས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་དང་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས། ཐེ་ཝན་གྱི་ཚོང་པ་དང་སློབ་ཕྲུག ཤེས་ཡོན་ཅན་དང་ཆེད་ལས་པ་རྣམས་རྒྱ་ནག་ལ་འགུགས་ཐབས་བྱ་རྒྱུ་ཤུགས་ཆེ་རུ་བཏང་བཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི། ས་གནས་ཁག་གི་འགོ་ཁྲིད་ཚོ་འོས་འདེམས་བྱེད་ཀྱི་ཡོད་པ་དེར་རྒྱ་ནག་གིས་ཐེ་གཏོགས་བྱ་རྒྱུའང་མཚམས་འཇོག་གི་མེད་པ་རེད།།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཁ་སང་གཟའ་མིག་དམར་ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ཁྲི་སྟོན་མཛད་སྒོ་ཐེངས་གཉིས་པར་བཀྲ་ཤེས་བདེ་ལེགས་ཀྱི་འཚམས་འདྲི་ཞུས། ཁོང་གིས་འཚམས་འཕྲིན་ནང་དུ་སྙིང་སྟོབས་དང་ཕུགས་བསམ་གྱིས་འཁྲུག་ཉམས་ལྡན་པའི་ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་ལ་སྣེ་ཁྲིད་བྱེད་ཀྱི་འདུག་ཅེས་བསྔགས་བརྗོད་བྱས་འདུག འདི་ནི་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ཐེ་ཝན་གྱི་ལས་ཐོག་སྲིད་འཛིན་དང་ཐེ་ཝན་གཞུང་ལ་ཐད་ར་འཚམས་འདྲི་ཞུ་རྒྱུ་འབྱུང་དཀོན་གྲས་ཤིག་ཡིན་ཞིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་འཕྲལ་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ཁྲི་སྟོན་མཛད་སྒོར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པར་ཁོང་ཁྲོ་ཆེན་པོས་ཁ་རྡུང་བཏང་བ་དང་རྒྱ་ནག་གིས་དེ་ལ་ཁ་གཏད་གཅོག་པར་དགོས་ངེས་ཀྱི་ལས་ཐབས་ཁག་ཅིག་ལག་ལེན་བསྟར་རྒྱུ་ཡིན་ཟེར། ཡིན་ནའང་རྒྱ་ནག་གཞུང་གིས་ཁ་གཏད་ཀྱི་ལས་ཐབས་གང་འདྲ་ཞིག་ལག་ལེན་བསྟར་རྒྱུ་ཡིན་མིན་གསལ་པོར་བཤད་མེད་དང་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གིས་ཀྱང་དེ་ནི་ཧ་ཅང་གི་ནོར་འཁྲུལ་ཞིག་དང་ཉེན་ཁ་ཅན་ཞིག་རེད་ཅེས་ཉེན་བརྡ་བཏང་འདུག

ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་ང་ཚོ་རྟག་ཏུ་རྒྱ་ནག་ལ་འབྲེལ་མོལ་བྱ་རྒྱུ་དེར་གྲ་སྒྲིག་ཡོད། འོན་ཀྱང་རྒྱ་ནག་གིས་ཐེ་ཝན་ལ་གུ་བཤངས་བྱ་རྒྱུའི་རྟགས་མཚན་མེད་པས་འབྱུང་འགྱུར་གྱི་ལོ་བཞིའི་རིང་ལ་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་འགྲོ་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད། ༢༠༡༦་ལོར་ཚེ་དབྱིན་ཝེན་ལ་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་དུས་སུ་རྒྱལ་ཁ་ཐེངས་དང་པོ་ཐོབ། སྔ་ལོའི་ཕྱི་ཟླ་༡༢་པའི་ནང་དུ་ཐེ་ཝན་མི་དམངས་ཀྱིས་སླར་ཡང་ལོ་ན་༦༣་ལ་སོན་པའི་སྲིད་འཛིན་ཚེ་དབྱིན་ཝེན་ལས་དུས་གཉིས་པར་བདམས། ཟླ་ཤས་གོང་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་པའི་རྗེས་སུ་ཐེ་ཝན་གྱི་རིམས་ནད་སྔོན་འགོག་བྱས་ནས་གྲུབ་འབྲས་ཆེན་པོ་ཐོན་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིག་དཔེར་བལྟ་འོས་ཤིག་ཏུ་གྱུར། དེར་བརྟེན་ཨ་མི་རི་ཀ་དང་ཁེ་ན་ཌཉི་ཧོང་དང་ཨོ་གླིང་རྒྱལ་ཁབ། ནེའུ་ཛི་ལན་ཌི་སོགས་རྒྱལ་ཁབ་དག་ཅིག་གིས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་དུ་འཇུག་དགོས་ཞེས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ེ་ཝན་གནད་དོན་དང་ཨ་རྒྱའི་ཚོང་ལས། རྒྱ་ནག་ནས་ཏོག་དབྱིབས་རིམས་ནད་ཁྱབ་པ་སོགསཀྱི་རྩ་དོན་མང་པོ་ཞིག་གི་ཐོག་ཏུ་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་སྟེ་ཐེ་ཝན་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་ཡོད་པ་རེད།

XS
SM
MD
LG