ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐེ་ཝན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས།


༄༅།། བདུན་ཕྲག་སྔོན་མ་ནས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་གིས་ཐེ་ཝན་ཞེས་པའི་མིང་ཚིག་དེ་བཀོལ་སྤྱོད་བྱ་རྒྱུ་མཚམས་བཞག ཐེ་ཝན་གྱི་བྱིས་པའི་མཆོད་དབྱངས་རུ་ཁག་ཅིག་ལའང་ཝྭི་ཡ་ན་གྲོང་ཁྱེར་དུ་ཚུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་བསྟོད་དབྱངས་འབུལ་དུ་བཅུག་མེད་པ། ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤར་ཨེ་ཤི་ཡའི་ན་གཞོན་གྱི་རྩེད་རིགས་འགྲན་སྡུར་ཆེན་མོའང་ཐེ་ཝན་ལ་འཚོགས་རྒྱུ་མིན་པའི་ཐག་གཅོད་བྱས་ཏེ། རྒྱ་ནག་གི་གནོན་ཤུགས་འོག་ཐེ་ཝན་ལ་ཕྱོགས་གང་ཐད་དུ་གནོན་ཤུགས་ཆེན་པོ་ཞིག་ཐེབས་ནས་ཁེར་རྐྱང་དུ་ལུས་རྒྱུའི་ཉེན་ཀ་འཕྲད་བཞིན་ཡོད། འོན་ཀྱང་ད་ལོའི་ཕྱི་ཟླ་༡༡་ཚེས་༡༠་ཉིན་ཐེ་ཝན་ལ་ཡུ་རོབ་རྒྱལ་ཁབ་ནོར་ཝེའི་ཨོ་སོ་ལོ་གྲོང་ཁྱེར་དུ་ཚུགས་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཀྱི་ཚོགས་ཆེན་དེ་ཉིད་ཐེ་ཝན་ལ་འཚོགས་རྒྱུ་གཏན་ཁེལ་འདུག འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཀྱི་ཚོགས་ཆེན་དེ་ཨེ་ཤི་ཡའི་ས་གནས་ཤིག་ཏུ་འཚོགས་ཀྱི་ཡོད་པ་ཐེངས་དང་པོ་ཡིན་པར་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཆེ་ཁག་གཅིག་གིས་ཐེ་ཝན་ལ་ངོས་འཛིན་དང་ཆེ་མཐོང་སྤྲད་པ་ཞིག་ཀྱང་ཡིན་ཞིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཀྱིས་འཛམ་གླིང་ཡུལ་གྲུ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པ། གཏོང་ཕོད་ཅན་དང་འཕྲུལ་རིག་ཁེ་ལས་པ་རྣམས་ཚོགས་འདུར་བསྐོངས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བགྲོ་གླེང་དང་། ད་ལོའི་ཚོགས་ཆེན་འདིར་ཁེམ་བྷོ་ཎི་ཡའི་ཕྱོགས་འགལ་ཚོགས་པའི་སྲིད་དོན་པ་དང་བཙན་བྱོལ་བ་མུ་སོ་ཊྭ་དང་བྱང་ཀོ་རི་ཡའི་བྲོས་བྱོལ་བ་ཡོ་མཱི་ཕཱག་བཅས་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས་ཐེ་ཝན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་མཉམ་ཞུགས་བྱེད་དུ་འཇུག་གི་མེད་པར་གོ་མིན་ཏང་གི་གྲོས་ཚོགས་འཐུས་མི་ཇཱེ་སན་ཚུ་ཡིས་བརྗོད་དོན་བྱས་དོན། ཐེ་ཝན་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཀྱི་ཚོགས་ཆེན་འཚོགས་འཆར་ཡོད་པ་ནི་གཏམ་བཟང་ཞིག་ཡིན། ཐེ་ཝན་ནི་རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཨེ་ཤི་ཡའི་མངའ་ཁུལ་དུ་དམངས་གཙོའི་མིག་དཔེར་འོས་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ཐེ་ཝན་གཞུང་དམངས་གཉིས་ཀས་དམངས་གཙོའི་དོན་དུ་དུས་ཡུན་རིང་པོར་འཐབ་རྩོད་དྲག་པོ་བྱས་ཡོད། ང་ཚོས་ད་དུང་ཡང་ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པར་འཐབ་རྩོད་བྱེད་བཞིན་ཡོད། ཐེ་ཝན་མི་དམངས་ལ་དམངས་གཙོ་དར་སྤེལ་ཇི་ལྟར་གཏོང་དགོས་མིན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་གཞན་ལ་ཁྱབ་སྤེལ་བྱ་རྒྱུ་དང་། གཞན་གྱི་ལེགས་ཆ་དང་ཡོན་ཏན་རྣམས་ཀྱང་ཐེ་ཝན་གྱིས་སྦྱོང་འདོད་ཡོད་ཅེས་བཤད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ནི་༢༠༠༩་ལོར་གསར་དུ་ཚུགས་ནས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་འཛིན་སྐྱོང་བྱེད་ཀྱི་ཡོད་པ་དང་། ད་ལོ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་གསར་དུ་ཚུགས་ནས་ལོ་བཅུ་ཐམ་པ་འཁོར་གྱི་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཀྱི་ཚོགས་ཆེན་ཁག་ཅིག་ཨ་མི་རི་ཀའི་ཁྱིམ་མཚེས་རྒྱལ་ཁབ་མེཀ་སི་ཀོ་དང་ལྷོ་ཨ་ཧྥི་རི་ཀ་བཅས་སུ་ཚོགས་མྱོང་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གི་འཐབ་ཇུས་ཉམས་ཞིབ་པ་གྷེ་ལ་ཌི་སི་ཊེན་གྱིས་བརྗོད་དོན། ང་ཚོས་ལྷོ་ཀོ་རི་ཡ་དང་ཐེ་ཝན་གཉིས་ལས་གང་རུང་དུ་ལོ་འདིའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཀྱི་ཚོགས་འདུ་འཚོགས་དགོས་མིན་ཞིབ་འཇུག་བྱས་པ་ཡིན། མཐའ་དོན་དེར་ལྷོ་ཀོ་རི་ཡ་ལས་ཀྱང་ཐེ་ཝན་ལ་འགྲོ་བ་མིའི་ཐོབ་ཐང་གི་ཁོར་ཡུག་བཟང་བ་ཡོད་པ་ར་འཕྲོད་བྱུང་སོང་། སྲིད་འཛིན་མུན་ཅེ་དབྱིན་གྱི་འགོ་ཁྲིད་འོག་ཏུ་ལྷོ་ཀོ་རི་ཡའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་གནད་འགག་ཆེན་པོ་ཞིག་ལ་རྩི་ཡི་མེད་པའི་རྣམ་པ་ཞིག་འདུག དེར་བརྟེན་ལོ་འདིའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཚོགས་ཆེན་ཐེ་ཝན་ལ་འཚོགས་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་བསྒྲགས། ཁེམ་བྷོ་ཌི་ཡའི་ཕྱོགས་འགལ་ཚོགས་པའི་སྲིད་དོན་པ་དང་བཙན་བྱོལ་བ་མུ་སོ་ཊྭས་ང་ཐེ་ཝན་ལ་ཐེངས་འགའ་ཞིག་སོང་མྱོང་ཡོད། ཐེ་ཝན་གྱི་སྤྱི་ཚོགས་སུ་མི་ཚང་མ་འདུ་ཐུབ་པ་དང་མི་རིགས་སྣ་མང་གི་སྤྱི་ཚོགས་ཤིག་ཡིན་པར་ང་ངོ་མཚར་སྐྱེས་བྱུང་། རྒྱ་ནག་གི་ཤུགས་རྐྱེན་འོག་ཏུ་ཁེམ་བྷོ་ཌི་ཡ་སྲིད་དབང་གཅིག་སྡུད་ཅིག་ལ་འགྱུར་བཞིན་ཡོད་པར་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་མ་རྩ་བཙུགས་ནས་ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་ཉོ་འགུགས་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས་པ་དང་། ཕྱི་ཟླ་༡༡་པའི་ཚོགས་ཆེན་དེར་རྒྱ་ནག་དང་ཨུ་རུ་སུ། ཨི་ཇེབ་དང་བྱང་ཀོ་རི་ཡ། ཁེམ་བྷོ་ཌི་ཡ་སོགས་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་རྣམས་མཉམ་ཞུགས་བྱེད་འཆར་ཡོད་པ་རེད།།

XS
SM
MD
LG