ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་སྨན་ཁབ་མངགས་ཉོ་རྒྱ་ནག་གིས་འགོག་གི་ཡོད་སྐད། 


ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཁྲུང་

༄༅།། ཐེ་ཝན་གཞུང་གིས་ཨ་རིའི་ཧྥེ་ཛར་དང་འཇར་མན་གྱི་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་མཉམ་དུ་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མངགས་ཉོ་བྱས་ཡོད། ཡིན་ནའང་དེ་ལ་ཕྱིའི་ཆབ་སྲིད་ཀྱི་གནོན་ཤུགས་འཕྲད་ནས་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་གིས་ཐེ་ཝན་ལ་འགོག་ཁབ་བཙོང་རྒྱུ་ཕྱིར་འཐེན་བྱས་སོང་ཞེས་བསྒྲགས། ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་མ་ཞའོ་ཀྭོང་གིས་ཐེ་ཝན་གྱི་སྐད་ཆ་དེ་ཚོ་རྟོག་བཟོ་འབའ་ཞིག་རེད། རྒྱ་ནག་གིས་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་ལ་གནོན་ཤུགས་སྤྲད་ནས་ཐེ་ཝན་ལ་འགོག་ཁབ་བཙོང་རྒྱུ་ནམ་ཡང་བཀག་འགོག་བྱས་མྱོང་མེད་ཅེས་དགག་པ་བརྒྱབ། ཉི་མ་གཅིག་གི་སྔོན་དེར་ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཁྲུང་གིས་ང་ཚོས་ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་ས་ཡ་༥་མ་ཟིན་ཙམ་ཞིག་མངགས་ཉོ་བྱ་རྒྱུའི་གན་རྒྱ་ཞིག་ལ་མིང་རྟགས་འགོད་གྲབས་ཡོད། དེ་ནས་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་གིས་གློ་བུར་དུ་འགོག་ཁབ་བཙོང་རྒྱུ་ཕྱིར་འཐེན་བྱས་སོང་། ང་ཚོས་གྲོས་མོལ་དེར་ཕྱི་ལོགས་ནས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་རྒྱུའི་བློ་འཚབ་བྱུང་སོང་། ང་ཚོས་འགོག་ཁབ་མངགས་ཉོ་ཟིན་པའི་གསར་འགོད་གསལ་བསྒྲགས་ཀྱང་སྤེལ་བ་ཡིན། མི་ཁག་ཅིག་ཐེ་ཝན་ལ་ལམ་ལྷོངས་བྱུང་ན་དགའ་མོས་མེད་པ་འདྲ་ཞེས་བཤད། ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་གྱིས་རྒྱ་ནག་ཅེས་དངོས་སུ་མིང་འབོད་མ་བྱས་ཀྱང་སྐད་ཆ་དེའི་དམིགས་འབེན་རྒྱ་ནག་ཡིན་པ་ཧ་ཅང་གསལ་པོ་ཡིན་ཞིང་། རྒྱ་ནག་གཞུང་གིས་ཐེ་ཝན་དང་རྒྱལ་སྤྱིའི་གཞུང་སྒེར་སྒྲིག་འཛུགས་ཁག་འབྲེལ་བ་ཚུགས་ཀྱི་ཡོད་པར་གཏོར་བརླག་དང་བཀག་འགོག་བྱེད་ཀྱི་ཡོད་པ་བདེན་པ་རེད།།

ཨ་རིའི་ཧྥེ་ཛར་དང་འཇར་མན་གྱི་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་མཉམ་དུ་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ
ཨ་རིའི་ཧྥེ་ཛར་དང་འཇར་མན་གྱི་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་མཉམ་དུ་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ

འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་དང་ཨ་རིའི་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་མཉམ་དུ་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ནི་༢༠༢༠་ལོའི་ཕྱི་ཟླ་༡༢་པའི་ནང་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཛ་དྲག་གི་ཆེད་དུ་བཀོལ་སྤྱོད་བྱེད་ཆོག་ཅེས་ཆོག་མཆན་བཀོད་པའི་སྨན་ཁབ་དང་པོ་དེ་ཡིན་པར་མ་ཟད། རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་མ་ཞའོ་ཀྭོང་གིས་འཇར་མན་གྱི་སྨན་སྦྱོར་བཟོ་ཚོང་ཁང་དང་རྒྱ་ནག་གི་ཧྲང་ཧེ་ཧྥོ་སུན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་གན་རྒྱ་བཞག་ཡོད་པར་ཐེ་ཝན་གྱིས་གཏོར་བརླག་བྱ་ཐབས་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། སྔ་ལོའི་ཕྱི་ཟླ་༣་པར་རྒྱ་ནག་གཞུང་གིས་འཇར་མན་གྱི་སྨན་སྦྱོར་བཟོ་ཚོང་ཁང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གསར་བཟོ་བྱེད་བཞིན་པ་རྣམས་རྒྱ་ནག་དང་ཧོང་ཀོང་། ཐེ་ཝན་བཅས་ཀྱི་ཆེད་དུ་རྒྱ་ནག་གིས་ས་ཐོག་ཏུ་ཧྲང་ཧང་ཧྥོ་སུན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོ་ཆོག་པའི་ཚོང་ལས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཁྲེན་ཧྲི་ཁྲུང་གིས་ང་ཚོས་ཐེ་ཝན་ལ་དགོས་པའི་འགོག་ཁབ་རྣམས་ཧྲང་ཧྲེ་ཧྥོ་སུན་སྨན་སྦྱོར་བཟོ་ཚོང་ཁང་ལ་བཟོ་རོགས་བྱོས་ཞེས་དགོས་འདུན་ཞིག་གཏན་ནས་བཏོན་མེད། ང་ཚོས་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་ལ་ཐད་ཀར་གྲོས་མོལ་བྱས་པ་ཡིན། འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་གིས་ཀྱང་ཐེ་ཝན་གཞུང་གིས་ཧྲང་ཧེ་ཧྥོ་སུན་སྨན་སྦྱོར་བཟོ་ཚོང་ཁང་ལ་གྲོས་མོལ་བྱ་དགོས་པའི་བརྡ་བརྒྱབ་མ་སོང་ཞེས་རྒྱ་ནག་གི་ལྐོག་ཇུས་དེར་ངོ་རྒོལ་བྱས་འདུག

ཕྱི་ཟླ་༢་པའི་ཚེས་༡༨་ཉིན་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ཁོ་ཚོས་ཐེ་ཝན་ལ་གྲོས་མོལ་བྱེད་བཞིན་ཡོད། གོ་ལ་ཧྲིལ་པོ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་འོག་ནས་ཐར་ཐབས་སུ་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་གིས་འཛམ་གླིང་མི་དམངས་ཀྱི་དགོས་མཁོ་བསྐོང་རྒྱུ་དེར་འགྱུར་བ་མེད། ང་ཚོས་འཛམ་གླིང་མི་དམངས་ལ་འགོག་ཁབ་མཁོ་སྦྱོར་བྱ་རྒྱུའི་ཁས་ལེན་བྱས་པ་ལྟར་ཐེ་ཝན་ལའང་འགོག་ཁབ་མཁོ་སྦྱོར་བྱ་འཆར་ཡོད་ཅེས་བསྒྲགས། ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཁྲུང་གིས་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་ལ་ཆབ་སྲིད་ཀྱི་གནོན་ཤུགས་ཐེབས་ཀྱི་ཡོད་པའི་སྟབས་ཀྱིས་ང་ཚོས་ཡོངས་གྲགས་སུ་དཀའ་ངལ་འདི་གླེང་སློང་བྱས་པ་ཡིན། ད་ལྟ་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་གིས་བསམ་བློ་གཉིས་པ་ཞིག་བཏང་ནས་གསར་འགོད་གསལ་བསྒྲགས་སྤེལ་བར་དགའ་བསུ་ཡོད། ང་ཚོས་ཐོག་མའི་འབའ་ཡིག་དེར་མིང་རྟགས་བཀོད་ནས་གྲོས་མཐུན་མཇུག་བསྒྲིལ་ཐུབ་པའི་རེ་བ་ཡོད་ཅེས་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་གི་གསར་འགོད་གསལ་བསྒྲགས་ལ་ལན་འདེབས་བྱས་ཤིང་། ན་ནིང་ལོ་མཇུག་དེར་ཐེ་ཝན་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་༢༠༠༠༠༠༠༠་ཉོ་འཆར་ཡོད། འགོག་ཁབ་དེ་རྣམས་འཇར་མན་སྦྱོར་བཟོ་ཚོང་ཁང་ནས་འགོག་ཁབ་༤༧༦༠༠༠༠་དང་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་ནས་འགོག་ཁབ་༡༠༠༠༠༠༠༠་ཐམ་པ། འགོག་ཁབ་༥༠༠༠༠༠༠་རྒྱལ་ཁབ་གཞན་གྱི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་ནས་ཉོ་འཆར་ཡོད་ཅེས་བསྒྲགས། དེ་ནས་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་གིས་ཐེ་ཝན་ལ་འགོག་ཁབ་བཙོང་རྒྱུ་ཕྱིར་འཐེན་བྱས་འདུག

ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཁྲུང་
ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་ཁྲེན་ཧྲི་ཁྲུང་

ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་གྱིས་ང་ཚོ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སུ་ཞུགས་ཐབས་བྱེད་ཀྱི་ཡོད་པར་འགོག་རྐྱེན་འབྱུང་གི་ཡོད་པ་ལྟར་ཐེ་ཝན་གྱིས་འགོག་ཁབ་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་དེ་ལའང་འགོག་རྐྱེན་འབྱུང་གི་འདུག་ཅེས་བཤད། ༢༠༡༦་ལོར་ཚེ་དབྱིན་ཝེན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་ནས་བཟུང་སྟེ་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་འབད་བརྩོན་ལན་མང་བྱས་མོད། རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཞུགས་མི་ཆོག་ཅེས་བཀག གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པས་ནད་ཡམས་ཀྱི་གོ་སྐབས་བཟུང་ནས་ཆབ་སྲིད་ཀྱི་སྐྱོན་འཛུགས་བྱེད་ཀྱི་འདུག དེ་ལས་ཁོ་ཚོས་ཐེ་ཝན་མི་དམངས་ཀྱི་བདེ་ཐང་ལ་དོ་ཁུར་དང་འཕྲོད་བསྟེན་ལྟ་སྐྱོང་ཡར་རྒྱས་བཏང་ན་ལེགས་ཞེས་སྐྱོན་བརྗོད་བྱས་འདུག ཐེ་ཝན་ལ་མི་འབོར་ས་ཡ་༢༤༠༠༠༠༠༠་ལྷག་ཡོད་པ་དེའི་གྲས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༠༠༠་མ་ཟིན་ལས་ཐོན་མེད། མཚོ་གླིང་དེའི་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་གྲུབ་འབྲས་ནི་འཛམ་གླིང་ཡོངས་ཀྱིས་མིག་དཔེ་བལྟ་འོས་པ་ཞིག་ཏུ་གྱུར་ཀྱང་ཐེ་ཝན་གཞུང་གིས་ཕུགས་ལ་བསམ་བློ་བཏང་ནས་འགོག་ཁབ་གསོག་འཇོག་བྱ་རྒྱུ། ཨེ་ཤི་ཡའི་རྒྱལ་ཁབ་གཞན་ཁག་ལ་བསྡུར་ན་ཐེ་ཝན་གྱིས་རང་གི་མི་དམངས་ལ་འགོག་ཁབ་རྒྱག་རྒྱུ་རྗེས་ལུས་ཐེབས་ཀྱི་ཡོད་པ་སྟེ། ཐེ་ཝན་གཞུང་གིས་ལོ་འདིའི་ཕྱི་ཟླ་༦་པ་ཡས་མས་སུ་མི་དམངས་ལ་འགོག་ཁབ་རྒྱག་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།།

ད་ལྟའི་བར་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་འཛམ་གླིང་ཡོངས་སུ་མི་གྲངས་༢༤༠༠༠༠༠་ལྷག་ལ་འཆི་སྐྱོན་ཕོག ཨ་མི་རི་ཀ་དང་རྒྱ་གར། དབྱིན་ཇི་དང་ཨུ་རུ་སུ། ཡུ་རོབ་རྒྱལ་ཁབ་ཁག་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་སོགས་ལ་བསྡུར་ན་ཐེ་ཝན་ནི་ཏོག་དབྱིབས་ནད་ཡམས་གཏན་ནས་ཁྱབ་གདལ་མ་བྱུང་བ་ལྟ་བུ་ཞིག་ལ་བརྩི་ཆོག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འགོག་ཁབ་རེག་གི་ཡོད་མེད་ཀྱི་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་བར་དུ་འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་༡༣༥་ལ་འགོག་ཁབ་གཅིག་ཀྱང་རེག་མེད་པའི་གནས་ཚུལ་ཐོན། དེར་བརྟེན་འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་སོགས་ཀྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་ཆུང་ལ་གཞིགས་ནས་སྔོན་ལ་མངགས་ཉོ་ཟིན་པའི་རྒྱལ་ཁབ་ཁག་ལ་སྨན་ཁབ་དུས་ཐོག་ཏུ་མཁོ་སྤྲོད་བྱེད་ཀྱི་མེད་པའམ། ཡང་ན་ནད་པ་མང་ས་དང་ཛ་དྲག་ཆེ་སའི་རྒྱལ་ཁབ་ཁག་ལ་སྨན་ཁབ་མྱུར་དུ་སྤྲོད་རྒྱུ། ནད་པ་ཉུང་བའི་རྒྱལ་ཁབ་ཁག་ལ་འགོག་ཁབ་བཙོང་རྒྱུ་ངང་འཐེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག འཇར་མན་སྨན་སྦྱོར་བཟོ་ཚོང་ཁང་དང་ཐེ་ཝན་གཉིས་ཀྱི་རྩོད་གཞི་འདི་མིའི་བདེ་ཐང་ལ་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པས་རྒྱ་ནག་གཞུང་གིས་ཀྱང་རང་ཉིད་དེ་ལ་ཐེ་གཏོགས་མེད་ཅེས་དཀར་འདོན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG