ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དུ་སེར་ར་ཕུར་མཇལ་ཆེན་མོ་གནང་བ། 


ལོ་ལྟར་བོད་ཟླ་བཅུ་གཉིས་པའི ཚེས་༢༧ ཉིན་བོད་དབུས་ཁུལ་དུ་ཡོངས་གྲགས་དར་ཁྱབ་ཆེ་བའི་སེ་ར་ཕུར་མཇལ་ཆེན་མོ་ཞེས་པའི་སེར་བྱེས་གྲྭ་ཚང་གི་ནང་རྟེན་ཕུར་པའི་མཇལ་ཁ་གཏོང་སྲོལ་ཡོད་པ་བཞིན་དེ་རིང་ཡང་སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་ཐར་མཆོག་ནས་སྔར་སྲོལ་བཞིན་བསྙེན་མཚམས་སྔོན་སོང་ཐོག་བོད་ཟླ་བཅུ་གཉིས་པའི་ཚེས་༢༧ སྔ་དྲོ་ཕྱག་ཚོད་༨་ པ་ནས་དབུ་་འཛུགས་ཀྱིས་སྐུ་ལ་ཆོས་གོས་རྣམ་གསུམ་དང་དབུ་ལ་པཎ་ཞྭ་གསོལ་བ་དང་ཕྱག་ཏུ་ཕུར་པ་བསྣམས་ཤིང་ཞལ་ནས་ཡི་དམ་རྟ་མགྲིན་གྱི་གཟུངས་སྔགས་བགྲང་གནང་བཞིན་སེར་བྱེས་གྲྭ་ཚང་གི་གཙུག་ལག་ཁང་གི་བཞུགས་ཁྲིའི་ཐོག་ནས་དད་ལྡན་སེར་སྐྱ་མི་མང་རྣམས་ལ་རེ་རེ་བཞིན་ཕུར་པའི་མཇལ་ཁ་གནང་བ་རེད།

གཞན་ཡང་གྲྭ་ཚང་གི་གཙུག་ལག་ཁང་ནང་ཡི་དམ་རྟ་མགྲིན་གྱི་ཞལ་ཐང་དང་མཆོད་རྫས་སྣ་ཚོགས་བཤམས་འདུག་པ་མ་ཟད་ཕྱོགས་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཕོ་མོ་བརྒྱ་ཕྲག་མང་པོས་ལུས་ལ་རང་ལུགས་ཀྱི་གཟབ་འཆོར་དང་ཕྱག་ཏུ་མཇལ་དར་བསྣམས་ནས་དད་གུས་ཆེན་པོས་མཇལ་ཁ་རེག་རྒྱུར་བང་རིམ་བསྒྲིགས་ནས་མཇལ་ཁ་ཞུ་་བཞིན་འདུག དེ་དང་ཆབས་ཅིག་རྟ་མགྲིན་བསྐང་གསོལ་བ་རྣམས་ནས་ཀྱང་ཡི་དམ་རྟ་མགྲིན་གྱི་རྟེན་ཁང་ནས་བསྐང་གསོལ་བཏང་གནང་བཞིན་འདུག་པ་མང་ཚོགས་ནས་མཇལ་ཁ་ཞུས། ཕུར་མཇལ་ཞུ་མཁན་ཁྲོད་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་གཞིས་ཆགས་ནང་ལོ་གསར་དང་གཉེན་འཕྲད་དུ་ཕེབས་པའི་བོད་མི་མི་ཉུང་བ་ཞིག་དང་ད་དུང་ལ་དྭགས་དང་མོན་པ་བལ་ཡུལ་སོགས་ཧི་མ་ལ་ཡའི་ས་ཁུལ་གྱི་དད་ལྡན་པ་ཡང་ཡོད་པའི་ཁྲོད་ནས་མི་སྣ་ཁག་ཅིག་གིས་ཕུར་མཇལ་ཞུས་ནས་དགའ་ཚོར་ཆེན་པོ་བྱུང་བ་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་སོང་།
སྤྱིར་ཏོག་དབྱིབས་ནད་ཡམས་ཀྱི་ལོ་གཉིས་རིང་མང་ཚོགས་ལ་སེ་ར་ཕུར་མཇལ་གཏང་ཐུབ་མེད་ཀྱང་སྔ་ལོ་ནས་མང་ཚོགས་ལ་ཕུར་མཇལ་གཏང་ཡོད་པ་རེད། ཡིན་ན་ཡང་སྔ་ལོ་ལས་ད་ལོར་ཕུར་མཇལ་ཞུ་མཁན་མང་ཚོགས་ཉུང་བ་ཕེབས་འདུག

ཡང་ཕུར་པ་དེའི་ལོ་རྒྱུས་དེབ་ཐེར་ནང་གསལ་བ་ལྟར་ན། ཕུར་པ་དེ་ནི་ཐོག་མར་ཆོས་སྐུ་སྣང་བ་མཐའ་ཡས་དང་ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས་བཅས་ནས་རིམ་བཞིན་བརྒྱུད་དེ་བྱུང་བ་ཞིག་ཡིན་པ་སོགས་དང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་བསིལ་བ་ཚལ་གྱི་མཆོད་རྟེན་དྲུང་ནས་གཏེར་བཞེས་ཤིང་ཡི་དམ་གྱི་ཐུགས་རྟེན་གཙོ་བོར་མཛད་གནང་བ་དང་། དུས་ཕྱིས་སུ་ལྷོ་ནུབ་སྲིན་པོའི་གླིང་དུ་ཕེབས་སྐབས་ཡེར་བ་སེ་བ་ལུང་གི་བྲག་ཕུག་ལ་གཏེར་དུ་སྦས་གནང་བ་དང་། གྲུབ་ཐོབ་མདའ་ཕྱར་བ་ཆེན་པོས་གཏེར་ནས་བཞེས་གནང་ཤིང་དེ་ནས་རིམ་པར་བརྒྱུད་དེ་ཀྱི་རྟོགས་ལྡན་ཡོན་ཏན་མགོན་པོའི་ཕྱག་ཏུ་སོན་པ་དང་། ཁོང་གིས་རང་གི་སྲས་སེར་བྱེས་གྲྭ་ཚང་ཕྱག་འདེབས་པ་པོ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེར་བསྩལ་བ་དང་དེ་རྗེས་སེར་བྱེས་གྲྭ་ཚང་གི་ནང་རྟེན་གཙོ་བོར་བཞུགས་ཡོད་པ་སོགས་གསལ་འདུག

དེ་རྗེས་གོང་ས་ལྔ་པ་ཆེན་པོས་ཕུར་མཇལ་ཐོག་མར་གནང་ཡོད་པ་དང་དེ་ནས་རིམ་བཞིན་སེར་བྱེས་གྲྭ་ཚང་གི་མཁན་པོ་རིམ་པས་ལོ་ལྟར་བོད་ཟླ་དང་པོའི་ཚེས་༢༧ ཉིན་ཕུར་མཇལ་གཏོང་སྲོལ་བྱུང་ཡོད་པ་རེད། ཕུར་བུ་འདིས་ལྷ་སྲིན་སྡེ་བརྒྱད་དང་ས་བདག་ཀླུ་གཉན་སོགས་ཀྱི་གནོད་འཚེ་ལྷག་མེད་དུ་འཇོམས་ཤིང་སྐལ་ལྡན་ལས་འཕྲོ་ཅན་ལ་དངོས་གྲུབ་ཆར་ལྟར་འབེབས་པ་སོགས་ཕན་ཡོན་ཡོད་པ་གསལ་འདུག
རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཡིན།

XS
SM
MD
LG