༄༅།། ཕྱི་ཟླ་༡༢་པའི་ཚེས་༨་ཀྱི་ཕྱི་དྲོར་ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གིས་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རང་གི་མངའ་སྡེ་དེའི་འོས་འདེམས་ཀྱི་གྲུབ་འབྲས་ངེས་གཏན་བྱེད་མི་ཆོག ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ཀྱིས་འོས་འདེམས་གྲུབ་འབྲས་ངེས་གཏན་བྱས་ཡོད་པ་འཕྲུལ་སློག་གཏོང་དགོས་ཞེས་ཁྲིམས་གཏུག་བྱས་ཀྱང་ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་གཏུག་དེར་ཐེ་གཏོགས་བྱ་རྒྱུ་མིན། པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་ཅི་ཞིག་བྱས་པ་རྣམས་རང་སོར་འཇོག་དགོས་པའི་ལངས་ཕྱོགས་བཟུང་སྟེ་ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དགུས་སྤྱི་མོས་ཀྱིས་ཐག་གཅོད་བྱས་འདུག ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་དཔོན་༩་ཡོད་པ་དེའི་གྲས་སུ་རྙིང་ཞེན་གྱི་ལྟ་བ་འཛིན་པའི་ཁྲིམས་དཔོན་༦་དང་གུ་ཡངས་ཀྱི་ལྟ་བ་འཛིན་པའི་ཁྲིམས་དཔོན་༣་ཡོད་ཅིང་། ཐ་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་བསྐོ་བཞག་བྱས་པའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གྷོར་སེ་ཆི་དང་ཁེ་ཝྭ་ནོ། ཨེ་མཱི་བྷ་རེ་ཊི་གསུམ་གྱིས་ཀྱང་སྲིད་འཛིན་ཊམ་ལ་དཔང་རྟགས་དང་ཁུངས་སྐྱེལ་ར་སྤྲོད་མེད་པར་སྲིད་འཛིན་འོས་འདེམས་དྲང་སྙོམས་བྱུང་མ་སོང་། ༢༠༢༠་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་གཡོ་ཁྲམ་བྱས་ནས་ང་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་རྐུ་འཕྲོག་བྱས་སོང་ཞེས་ཁྲིམས་གཏུག་བྱེད་ཀྱི་ཡོད་པའི་ཁ་མཆུ་དེར་་རྒྱབ་སྐྱོར་བྱས་མེད་པས་ཌོ་ནལ་ཊམ་གྱིས་ཡུན་རིང་ཞིག་ལ་ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་ལ་རེ་བ་འཆང་བ་སྟོང་ཟད་དུ་གྱུར་འདུག
ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་བྱུང་མིན་གྱི་ཁ་མཆུ་དེ་ཚོར་ཁྲིམས་ཞིབ་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་པ་ནི་སྲིད་འཛིན་ཌོ་ནལ་ཊམ་ལ་མཚོན་ན་ཆེས་ཕམ་ཉེས་ཆེན་པོ་ཞིག་ཡིན་ཞིང་། སྲིད་འཛིན་ཊམ་དང་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་བ་ཚོས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཇཱོ་བྷ་ཌན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་ཡོད་པ་དང་མི་དམངས་ཀྱིས་དམངས་གཙོའི་ལམ་ནས་ཐག་གཅོད་བྱས་པའི་འོས་འདེམས་ཀྱི་གྲུབ་འབྲས་ཆོད་སློག་གཏོང་དགོས་པའི་དམིགས་ཡུལ་རྣམས་མ་གྲུབ། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་མ་བྱས་གོང་གི་ཆུ་ཚོད་འགའ་ཞིག་གི་སྔོན་དེར་སྲིད་འཛིན་ཊམ་གྱིས་གསར་འགོད་པ་ཚོར་ཨ་རིའི་མངའ་སྡེ་ཁག་གི་འགོ་ཁྲིད་ཚོ་དང་ཆེས་མཐོའི་ཁྲིམས་ཁང་ལ་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་རྩིས་མེད་གཏོང་དགོས་ཞེས་ཐད་ཀར་འབོད་སྐུལ་ཞུས། ཁོང་གིས་ང་ཚོས་ཁྲིམས་བཟོ་བ་དང་ཁྲིམས་ཁང་། ཡང་ན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཚོའི་གྲས་སུ་སྐྱེ་བོ་སྙིང་སྟོབས་ཅན་རེ་ཨེ་ཡོད་བལྟ་དགོས། ཁོ་ཚོར་རྒྱལ་ཁབ་འདིའི་མི་དམངས་ཀུན་གྱི་མངོན་འདོད་ལྟར་ཐག་གཅོད་བྱེད་པའི་སྙིང་སྟོབས་ཡོད་མེད་བལྟ་དགོས་ཞེས་བསྒྲགས། ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་ཡིན་མིན་ལ་ཁྲིམས་ཞིབ་བྱ་རྒྱུ་མིན་པའི་ཐག་གཅོད་ཡིག་ཕྲེང་གཅིག་སྤེལ་ཡོད་པར་གཞིགས་ཚེ། ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཚོས་མི་དམངས་ཀྱི་ཐག་གཅོད་ལ་ཆོད་སློག་གཏོང་རྒྱུ་མིན་པ་དང་ཆོད་སློག་གཏོང་མི་འོས་པ། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་གང་ཟག་ཅིག་གི་འདོད་དོན་ལས་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་ལ་བརྩི་བཀུར། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཨ་མི་རི་ཀའི་དམངས་གཙོའི་ལམ་ལུགས། ཨ་རིའི་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་བཅས་ལ་གོང་བཀུར་དང་སྲུང་སྐྱོབ་བྱ་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱས་པའི་དན་རྟགས་འབུར་དུ་ཐོན། ད་ལྟའི་ཨ་མི་རི་ཀའི་ཁྲིམས་མེད་ལུགས་མེད་ཀྱི་དུས་སྐབས་འདིར་ཡང་ཨ་མི་རི་ཀའི་དམངས་གཙོའི་ལམ་ལུགས་དང་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས། ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་སྲིད་གཞུང་གི་བཀོད་ཇུས་འོག་ཏུ་བསྡུ་མ་ཐུབ་པར་རྒྱལ་ཁབ་ཀྱི་ལམ་ལུགས་དེའི་རྩ་བ་བརྟན་པོར་གནས་ཡོད་པ་ར་འཕྲོད་པ་རེད།།
ཨ་རིའི་ཊེཀ་སེ་སི་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་དཔོན་ཝྭེ་ལ་ཌེག་གིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དགུའི་གྲས་ཀྱི་གཅིག་གིས་ཀྱང་ལྟ་ཚུལ་མི་མཐུན་པའི་གླེང་སློང་བྱས་མེད་པ་ནི་ཧ་ཅང་གི་བརྡ་ལན་གསལ་པོ་དང་ནུས་པ་ཅན་ཞིག་རེད། ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གིས་མངའ་སྡེ་སོ་སོས་སྲིད་འཛིན་འོས་འདེམས་ཀྱི་འོས་ཤོག་གྲངས་བཤེར་དང་ངེས་གཏན་བྱས་པ་རྣམས་རང་སོར་འཇོག་རྒྱུའི་ལངས་ཕྱོགས་བཟུང་བ་རེད། ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་བྱུང་མིན་ལ་གསལ་བཀྲོལ་ཚིག་གཅིག་མ་བྱས་པར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་གཏུག་བྱེད་ཀྱི་ཡོད་པ་དེ་དག་ལ་ངོས་ལེན་བྱ་རྒྱུ་མིན་པའི་གོ་བརྡ་གསལ་པོ་ཞིག་བཏང་ཡོད་པར་མ་ཟད། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་འདི་ལས་ལྷག་པའི་འུར་ཟིང་མེད་པར་ཐབས་མཁས་ཀྱི་ཐག་གཅོད་བྱེད་སྟངས་ཤིག་མེད་ཅེས་བཀྲལ། ཕྱི་ཟླ་༡༢་པའི་ཚེས་༨་ནི་ཨ་མི་རི་ཀའི་ཁྲིམས་ལུགས་ལྟར་མངའ་སྡེ་ཁག་གིས་འོས་འདེམས་ཀྱི་གྲུབ་འབྲས་མཐའ་མའི་ངེས་གཏན་བྱ་དགོས་པའི་ཆུ་ཚོད་ཡིན་ཞིང་། ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་མངའ་སྡེ་སོ་སོས་བསྐོ་བཞག་བྱས་པའི་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་རང་གི་མངའ་སྡེ་དེར་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་ཅི་ཙམ་ཡོད་པ་རྣམས་མི་དམངས་ཀྱི་འོས་ཤོག་མང་བ་ཐོབ་མཁན་དེར་འཕངས་ནས་སྲིད་འཛིན་ལ་དངོས་སུ་འདེམས་དགོས། དེ་ནས་ཕྱི་ཟླ་དང་པོའི་ཚེས་༨་ཉིན་མངའ་སྡེ་ཁག་གི་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་འཕངས་པའི་འོས་ཤོག་རྣམས་ཨ་རིའི་གྲོས་ཚོགས་སུ་གྲངས་བཤེར་བྱ་རྒྱུ། སྐབས་དེར་ཨ་རིའི་གྲོས་ཚོགས་སུ་འཐུས་མི་ཁག་ཅིག་གིས་འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་བྱུང་མིན་ལ་རྩོད་པ་རྒྱག་ཆོག་ཀྱང་མངའ་སྡེ་སོ་སོས་འོས་འདེམས་ཀྱི་གྲུབ་འབྲས་ངེས་གཏན་བྱས་ཡོད་པར་གྲོས་ཚོགས་འཐུས་མི་ཚོས་ངེས་པར་དུ་ངོས་ལེན་བྱ་དགོས་ཞེས་བཅའ་ཁྲིམས་སུ་བཀོད།།
པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཚོས་མངའ་སྡེའི་སྤྱི་ཁྱབ་ཀྱིས་འོས་འདེམས་ཀྱི་གྲུབ་འབྲས་ངེས་གཏན་བྱས་པ་འགྲིག་མ་སོང་། མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་མངའ་སྡེའི་སྤྱི་ཁྱབ་ཀྱིས་འོས་འདེམས་གྲུབ་འབྲས་ངེས་གཏན་བྱས་པར་འཕྲུལ་སློག་གཏོང་དགོས་ཞེས་ཁ་མཆུ་བརྒྱབ། པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་མངའ་སྡེའི་སྤྱི་ཁྱབ་ཀྱིས་འོས་འདེམས་གྲུབ་འབྲས་ལ་ངེས་གཏན་བྱས་པ་དེར་ཁྲིམས་ཁང་གིས་ཆོད་སློག་གཏོང་གི་མིན། མི་དམངས་ཀྱིས་འོས་ཤོག་འཕངས་ནས་ཐག་གཅོད་བྱས་པར་ཁྲིམས་ཁང་གི་ཐེ་གཏོགས་བྱས་ནས་འོས་འདེམས་ཀྱི་གྲུབ་འབྲས་ལ་འགྱུར་བ་བཏང་ན་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་ལམ་ལུགས་ལ་མི་དམངས་རྣམས་ཡིད་ཆེས་བརླག་གི་རེད། ཁྲིམས་ཁང་གིས་དབང་ཚད་བཀོལ་ནས་འོས་འདེམས་ཀྱི་གྲུབ་འབྲས་བསྒྱུར་ན་དེའི་མཇུག་འབྲས་ལ་མིག་ལྟོས་ངན་པ་ཞིག་འབྱུང་གི་རེད་ཅེས་བཀག དེ་ནས་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཚོས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་གཏུགས། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཀྱང་ཁ་མཆུ་དེར་དང་ལེན་མ་བྱས་པར་ཕམ་ཉེས་བྱུང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་སྔར་བཞིན་ང་ཚོར་རྒྱལ་ཁ་འཐོབ་ངེས་ཡིན་ཞེས་རང་ལ་འོས་འདེམས་ཀྱི་ཕམ་ཉེས་བྱུང་བར་ངོས་ལེན་མ་བྱས་པར་རྒྱབ་སྐྱོར་བ་ཚོར་དངུལ་སྒོར་ཞལ་འདེབས་སྤྲོད་དགོས། ང་ཚོའི་ཁྲིམས་གཏུག་ཁག་ལ་འགྲོ་གྲོན་དགོས་ཀྱི་འདུག་ཅེས་ཨ་སྒོར་དུང་ཕྱུར་༢་ལྷག་འདུ་འགོད་བྱས་འདུག ཡིན་ནའང་རོགས་དངུལ་འདུ་འགོད་ཀྱི་ཞིབ་ཕྲའི་འགྲེལ་བཤད་ནང་དུ་དངུལ་སྒོར་འདུ་འགོད་བྱས་པའི་བརྒྱ་ཆ་༧༥་ཁྲིམས་གཏུག་གི་ལས་དོན་ལ་འགྲོ་གྲོན་གཏོང་རྒྱུ་མིན། མ་འོངས་པའི་ཆབ་སྲིད་ཀྱི་ལས་འགུལ་ཁག་ལ་འགྲོ་གྲོན་གཏོང་རྒྱུ་ཡིན་ཞེས་འཁོད། སྲིད་འཛིན་ཊམ་གྱི་སྐུ་སྒེར་ཁྲིམས་རྩོད་པ་རུ་ཌི་ཇཱུ་ལི་ཡ་ཎི་སོགས་ལ་ཉི་མ་རེར་ཁྲིམས་རྩོད་ཀྱི་གླ་ཕོགས་ཨ་སྒོར་༢༠༠༠༠་རེ་སྤྲོད་དགོས་པས་ཌོ་ནལ་ཊམ་གྱིས་མི་མང་གི་ལག་ནས་འདུ་འགོད་བྱས་པའི་དངུལ་སྒོར་བརྒྱ་ཆ་༡༥་ཡས་མས་ཤིག་ཁྲིམས་རྩོད་པར་གླ་ཕོགས་སྤྲོད་རྒྱུ། འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་བྱུང་མིན་གྱི་རྩོད་ཁྲིམས་དེར་དངུལ་སྒོར་འདུ་འགོད་བྱས་པ་དེའི་ཁོངས་ནས་བརྒྱ་ཆ་༡༠་ཡས་མས་ཤིག་ལས་འགྲོ་གྲོན་གཏོང་གི་མེད་པའི་གནས་ཚུལ་ཐོན་འདུག
བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་ཨ་རིའི་མངའ་སྡེ་ཁག་གི་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་འོས་ཤོག་འཕངས་ནས་ཇཱོ་བྷ་ཌན་དང་ཀ་མ་ལ་ཧེ་རི་སི་གཉིས་དངོས་སུ་ཨ་མི་རི་ཀའི་སྲིད་འཛིན་དང་སྲིད་འཛིན་གཞོན་པར་འདེམས་བསྐོ་བྱ་རྒྱུ་ཡིན་པས་ཌོ་ནལ་ཊམ་གྱི་ཁྲིམས་གཏུག་ཁག་གིས་ཁུངས་འཁྱོལ་རྒྱུ་མིན་ཞིང་། ད་ལྟའི་བར་དུ་སྲིད་འཛིན་ཊམ་གྱིས་ཁྲིམས་གཏུག་བྱས་པ་ཁག་ལ་འབྲས་བུ་ཅི་ཡང་མ་སྨིན། ད་ནི་ཕྱི་ཟླ་དང་པོའི་ཚེས་༨་ཉིན་ཨ་རིའི་གྲོས་ཚོགས་སུ་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་འཕངས་པའི་འོས་ཤོག་རྣམས་གྲངས་བཤེར་བྱ་རྒྱུ། སྐབས་དེར་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་གྲོས་ཚོགས་གོང་འོག་གི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་གིས་སྐད་ཅོར་བརྒྱབ་ནས་འོས་འདེམས་ཀྱི་གྲུབ་འབྲས་ལ་རྩོད་པ་རྒྱག་ཆོག རྩོད་པ་འདིའི་རིགས་ནི་སྔོན་ཆད་ཕྱི་ལོ་༢༠༠༠་ལོ་དང་༢༠༠༤་ལོ། ༢༠༡༦་བཅས་ལའང་ཨ་རིའི་གྲོས་ཚོགས་སུ་བརྒྱབ་མྱོང་ཡོད་ཀྱང་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་སྲིད་འཛིན་གསར་པའི་ཁྲི་སྟོན་མཛད་སྒོ་འཚོགས་རྒྱུ་འགོག་ཐུབ་མེད། ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མཱི་ཊི་རོམ་ནེས་བྱ་སྤྱོད་འདི་སྨྱོ་རྟགས་རེད། ང་ཚོར་འོས་ཤོག་བསྐྱར་དུ་གྲངས་བཤེར་དང་ཞིབ་འཇུག ཁྲིམས་གཏུག་བཅས་ཀྱི་རྒྱུད་རིམ་ཞིག་ཡོད་པ་རྣམས་བརྒྱུད་ཟིན་པ་རེད། ཡིན་ནའང་ང་ཚོས་མི་དམངས་ཀྱིས་འོས་ཤོག་འཕངས་ནས་ཐག་བཅད་པ་རྣམས་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོར་ཐག་གཅོད་ལོག་པ་ཞིག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་ནི་སྨྱོ་རྟགས་རེད། སྤྱི་མཐུན་ཚོགས་པའི་བྱ་སྤྱོད་འདི་མི་དམངས་ཀྱིས་འོས་ཤོག་འཕངས་ནས་ཐག་བཅད་པ་བརྩི་མེད་གཏོང་དགོས། ང་ཚོར་འདོད་པ་ཅི་ཞིག་ཡོད་པ་རྣམས་བསྒྲུབ་ཐབས་བྱ་དགོས་ཟེར་གྱི་ཡོད་པ་རེད། འདི་ནི་དམངས་གཙོའི་ལམ་སྲོལ་ཞིག་མིན་པ་དང་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་གི་ལས་དོན་སྒྲུབ་ཕྱོགས་ཀྱང་མ་རེད ཅེས་ཁ་རྡུང་བཏང་འདུག