ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

སི་ཀོ་ཊི་ལན་ཌིར་རང་བཙན་གྱི་མང་མོས་འོས་བསྡུ་བྱ་རྒྱུའི་གླེང་སློང་།


༄༅།། དབྱིན་ཇིའི་མངའ་ཁོངས་སུ་འདུས་པའི་སི་ཀོ་རི་ལན་ཌིའི་འགོ་ཁྲིད་ཎི་ཀོ་ལ་སི་ཊར་ཇཱན་གྱིས་ས་གནས་དེའི་འོས་འདེམས་རྗེས་སུ་གསར་འགོད་པ་ཚོར་བཤད་པ་ལྟར་ན། ང་ཚོས་སི་ཀོ་ཊི་ལན་ཌིའི་རང་བཙན་ལ་མང་མོས་འོས་བསྡུ་བྱ་དགོས་མིན་གྱི་སྐད་ཆ་བཤད་ཀྱི་མེད། ང་ཚོས་སི་ཀོ་ཊི་ལན་ཌི་རང་བཙན་བྱ་རྒྱུའི་མང་མོས་འོས་བསྡུ་ནམ་བྱ་དགོས་མིན་གྱི་སྐད་ཆ་ཞིག་བཤད་ཀྱི་ཡོད་ཅེས་སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཐེངས་བཞི་པ་ཐོབ་པའི་རྗེས་སུ་དབྱིན་ཇིའི་གཞུང་ལ་སི་ཀོ་ཊི་ལན་ཌི་རང་བཙན་གྱི་མང་མོས་འོས་བསྡུ་བསྐྱར་དུ་བྱ་དགོས་པའི་གྲོས་གཞི་འདོན་རྒྱུའི་སྔོན་བརྡ་བཏང་འདུག ཁ་སང་གཟའ་ཉི་མར་དབྱིན་ཇིའི་སྲིད་བློན་ཇཱོན་སན་གྱིས་སི་ཀོ་ཊི་ལན་ཌི་དང་ཝེལ་སི། བྱང་ཕྱོགས་ཨར་ལན་ཌི་བཅས་དབྱིན་ཇི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ཕྲན་ཁག་གི་ས་གནས་འོས་འདེམས་རྗེས་སུ་ས་གནས་དེ་དག་གི་འགོ་ཁྲིད་ཚོ་མགྲོན་འབོད་བྱས་ནས་མཉམ་འབྲེལ་བྱ་དགོས། དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་རྣམས་གཅིག་སྒྲིལ་བྱས་ནས་ལས་དོན་བསྒྲུབ་ན་ཀུན་ལ་ཁེ་ཕན་ཡོད། སི་ཀོ་ཊི་ལན་ཌི་དང་ཝེལ་སི། བྱང་ཕྱོགས་ཨར་ལན་ཌི་བཅས་ཀྱི་ས་གནས་སྲིད་གཞུང་ཁག་གིས་དབུས་གཞུང་ལ་མཉམ་འབྲེལ་བྱས་ནས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གཞུག་ཏུ་རྒྱལ་ཁབ་སླར་གསོ་བྱ་རྒྱུ་དེར་འབད་པ་མཉམ་བརྩོན་བྱ་དགོས་ཞེས་པའི་ཁ་ཏ་བྱས་འདུག

སི་ཀོ་ཊི་ལན་ཌིའི་གཙོ་བློན་དང་སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པའི་འགོ་ཁྲིད་ཎི་ཀོ་ལ་སི་ཊར་ཇཱན་གྱིས་སྲིད་བློན་ཇཱོན་སན་ལ་ཁ་པར་ཐོག་ཏུ་སི་ཀོ་ཊི་ལན་ཌི་འཕྲལ་དུ་དབྱིན་ཇིའི་མངའ་ཁོངས་ནས་ལོགས་སུ་རང་བཙན་བྱེད་མིན་གྱི་མང་མོས་འོས་བསྡུ་བྱ་དགོས་པའི་ཁ་ཕྱོགས་དེར་མི་བསྐྱོད་ཐབས་མེད་བྱུང་སོང་། ཏོག་དབྱིབས་ནད་དུག་གི་ཛ་དྲག་འཇོམས་པའི་རྗེས་སུ་ཀི་སི་ཊི་བ་མི་དམངས་ལ་རང་གི་ལས་དབང་རང་གིས་ཐག་གཅོད་བྱེད་དུ་འཇུག་རྒྱུའི་ཐོབ་ཐང་སྤྲོད་དགོས། སི་ཀོ་ཊི་ལན་ཌིའི་རང་བཙན་ནི་འབྱུང་རྒྱུ་ཡིན་མིན་གྱི་སྐད་ཆ་ཞིག་མིན་པར་དུས་ཚོད་སྔ་འཕྱིའི་སྐད་ཆ་ཞིག་རེད་ཅེས་ལན་བཏབ། འོས་འདེམས་སྐབས་སུ་ཎི་ཀོ་ལ་སི་ཊར་ཇཱོན་གྱིས་༢༠༢༢་ལོའི་མགོ་སྟོད་དུ་སི་ཀོ་ཊི་ལན་ཌི་རང་བཙན་བྱ་དགོས་མིན་ལ་མང་མོས་འོས་བསྡུ་ཐེངས་གཉིས་པ་བྱ་དགོས་པའི་གྲོས་གཞི་མཚམས་སྦྱོར་བྱ་རྒྱུ་མིན་པའི་ཁས་ལེན་བྱེད་མི་ཐུབ་ཅེས་བཤད། སི་ཀོ་ཊི་ལན་ཌིའི་ས་གནས་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་མེད་ཀྱང་གཙོ་བློན་སི་ཊར་ཇཱན་གྱིས་འགོ་ཁྲིད་པའི་སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པར་ས་གནས་གྲོས་ཚོགས་དེར་འཐུས་མི་༡༢༩་ཡོད་པའི་ཁོངས་ནས་འཐུས་མི་༦༤་ཐོབ། སྲིད་དོན་ཚོགས་པ་དེར་འཐུས་མི་གཅིག་གི་གདན་ཐོབ་ཀྱིས་འཐུས་མི་གྲངས་མང་གི་གནས་བབ་ཐོབ་མེད་པའི་རྟགས་མཚན་མངོན། སྲིད་དོན་ཚོགས་པ་དེར་འཐུས་མི་གྲངས་མང་གི་གནས་བབ་ཐོབ་མེད་ཀྱང་སི་ཀོ་ཊི་བའི་སྔོ་ལྗང་ཚོགས་པ་ཡང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཡིན་ཞིང་། སྲིད་དོན་ཚོགས་པ་དེར་འཐུས་མི་༨་གྱི་གདན་གྲངས་ཐོབ།།

དབྱིན་ཇིའི་སྲིད་བློན་ཇཱོན་སན་ལ་སི་ཀོ་ཊི་ལན་ཌི་རང་བཙན་གྱི་མང་མོས་འོས་བསྡུ་བྱེད་དུ་འཇུག་དགོས་མིན་གྱི་མཐར་ཐུག་གི་དབང་ཆ་ཡོད། ཁོང་གིས་གཟའ་སྤེན་པའི་ཉིན་དར་འཕྲིན་ཉིན་རེའི་ཚགས་པར་གྱི་གསར་འགོད་པར་སི་ཀོ་ཊི་ལན་ཌི་རང་བཙན་གྱི་མང་མོས་འོས་བསྡུ་གཞན་ཞིག་བྱ་དགོས་ཟེར་གྱི་ཡོད་པ་ནི་ཏོག་དབྱིབས་ནད་ཡམས་ཀྱི་སྐབས་སུ་འགན་འཁྲི་གཏན་ནས་མི་ལེན་པའི་ཉེན་མཆོང་གི་བྱ་བ་ཞིག་རེད། ༢༠༡༤་ལོར་སི་ཀོ་ཊི་ལན་ཌི་རང་བཙན་བྱ་དགོས་མིན་ལ་མང་མོས་འོས་བསྡུ་བྱས་ནས་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༥༥་ལྷག་གིས་སི་ཀོ་ཊི་ལན་ཌི་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་ཁོངས་སུ་འདུག་རྒྱུའི་འོས་ཤོག་འཕངས་པ་རེད། དེ་ནས་བཟུང་སྟེ་སི་ཀི་ཊི་ལན་ཌི་རང་བཙན་གྱི་མང་མོས་འོས་བསྡུ་བྱ་རྒྱུའི་སྐད་ཆ་བཤད་མི་དགོས་པའི་ཐག་གཅོད་བྱུང་བ་རེད་ཅེས་སྒྲུབ་བྱེད་བཀོད། སི་ཀོ་ཊི་ལན་ཌིའི་རང་བཙན་འཐབ་རྩོད་པ་ཚོས་དབྱིན་ཇིའི་གནས་བབ་ལ་འགྱུར་བ་ཕྱིན་པ་རེད། སི་ཀོ་ཊི་ལན་ཌིའི་མི་དམངས་རྣམས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འདུག་འདོད་ཡོད་ཀྱང་དབྱིན་ཇིའི་གཞུང་གིས་སི་ཀོ་ཊི་ལན་ཌིའི་མི་དམངས་ཀྱི་མངོན་འདོད་ལ་བརྩི་མེད་བཏང་ནས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པ་རེད། དེས་ན་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་སི་ཀོ་ཊི་ལན་ཌིར་སླར་ཡང་རང་བཙན་གྱི་མང་མོས་འོས་བསྡུ་བྱེད་དུ་འཇུག་དགོས་པའི་ཆ་རྐྱེན་ཚང་ཡོད་ཅེས་རྩོད་པ་བརྒྱབ། དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཕྲན་ཆེ་ཁག་སི་ཀོ་ཊི་ལན་ཌི་དང་བྱང་ཕྱོགས་ཨར་ལན་ཌི་གཉིས་ཀར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་འདོད་མེད་པར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པར་ངོ་རྒོལ་བྱས་འདུག

༢༠༢༠ ལོའི་ཟླ་༡ ཚེས་༡༡་ཉིན་སི་ཀོ་ཊི་ལན་ཌི་རང་བཙན་བྱེད་དགོས་པའི་རྔམ་སྟོན་ཁྲོམ་སྐོར་བྱས།
༢༠༢༠ ལོའི་ཟླ་༡ ཚེས་༡༡་ཉིན་སི་ཀོ་ཊི་ལན་ཌི་རང་བཙན་བྱེད་དགོས་པའི་རྔམ་སྟོན་ཁྲོམ་སྐོར་བྱས།

སི་ཀོ་ཊི་ལན་ཌིའི་གཙོ་བློན་སི་ཊར་ཇཱན་གྱི་སྲིད་དོན་ཚོགས་པའི་རང་བཙན་གྱི་ལངས་ཕྱོགས་བཟུང་། ཁོང་གིས་ས་གནས་འོས་འདེམས་ཀྱི་གྲུབ་འབྲས་ལ་གཞིགས་ན་སི་ཀོ་ཊི་ལན་ཌི་རང་བཙན་གྱི་མང་མོས་འོས་བསྡུ་ཐེངས་གཉིས་པ་ཞིག་མ་བྱས་ཐབས་མེད་རེད། རང་བཙན་གྱི་མང་མོས་འོས་བསྡུ་བྱ་རྒྱུ་ནི་སི་ཀོ་ཊི་ལན་ཌིའི་རྒྱ་ཆེའི་མང་ཚོགས་ཀྱི་འདུན་པ་ཡིན་ཞིང་། རྒྱལ་ས་ལོན་ཌོན་གྱི་སྲིད་དོན་པ་ཚོས་མང་མོས་འོས་བསྡུ་དེར་འགོག་རྐྱེན་བཟོས་ན་སི་ཀོ་ཊི་ལན་ཌིའི་མི་དམངས་ཀྱི་དམངས་གཙོའི་ཐོབ་ཐང་ལ་རྡོག་བརྫིས་བཏང་བ་ཞིག་རེད་ཅེས་བཤད། གསར་འགོད་པ་ཚོས་གཟའ་ཉི་མར་སྲིད་བློན་ཇཱོན་སན་གྱིས་སི་ཀོ་ཊི་ལན་ཌིར་རང་བཙན་གྱི་མང་མོས་འོས་བསྡུ་ཐེངས་གཉིས་པ་ཞིག་བྱེད་དུ་འཇུག་རྒྱུ་ཡིན་ནམ་ཞེས་དྲིས། དབྱིན་ཇིའི་བློན་ཆེན་ལྷན་ཁང་གིས་བློན་ཆེན་མཱེ་ཁལ་གྷབ་ཀྱིས་སྐབས་འདིར་སི་ཀོ་ཊི་ལན་ཌི་རང་བཙན་གྱི་མང་མོས་འོས་བསྡུ་བྱེད་དུ་འཇུག་དགོས་མིན་ནི་གནད་དོན་ཞིག་མ་རེད། དབྱིན་ཇི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལས་དོན་གཙོ་བོ་ཏོག་དབྱིབས་ནད་ཡམས་གཞུག་ཏུ་དཔལ་འབྱོར་སླར་གསོ་དང་ནད་ཡམས་འོག་ནས་ཡོངས་སུ་ཐར་ཐབས་ལ་དམིགས་པ་གཏོད་དགོས། ད་ལོ་སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པར་འཐུས་མི་གྲངས་མང་ཐོབ་མེད་པ་ནི་རྒྱ་ཆེའི་མང་ཚོགས་ཀྱི་ངོ་ཚབ་མཚོན་མི་ཐུབ། ༢༠༡༡་ལོར་སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པར་ས་གནས་གྲོས་ཚོགས་སུ་མི་འཐུས་མི་༦༩་ཐོབ་པ་རེད། ད་ལོ་འོས་འདེམས་ཀྱི་གྲུབ་འབྲས་དེ་འདྲ་ཞིག་བྱུང་མེད་པ་དང་སི་ཀོ་ཊི་ལན་ཌིའི་མི་དམངས་རྣམས་ཀྱང་རང་བཙན་གྱི་མང་མོས་འོས་བསྡུར་སུན་གྱི་ཡོད་ཤས་ཆེ་ཞེས་གསར་འགོད་པའི་དྲི་བར་ལན་བཏབ།།

སི་ཀོ་ཊི་ལན་ཌིའི་རྙིང་ཞེན་ཚོགས་པ་དང་དབྱིན་ཇིའི་ཕྱོགས་གཏོགས་ཚོགས་པ་ཁག་གིས་འོས་འདེམས་ལས་འགུལ་སྐབས་སུ་དབྱིན་སྒོར་འབུམ་ཕྲག་མང་པོ་འགྲོ་གྲོན་བཏང་ནས་སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པར་འོས་ཤོག་མ་འཕེན། གྲུབ་འབྲས་ཐོན་རྒྱུ་མེད་པའི་སི་ཀོ་ཊི་ལན་ཌིའི་རང་བཙན་ལ་མང་མོས་འོས་བསྡུ་ཟེར་བ་དེར་མགོ་བོ་མ་འཐོམས་ཞེས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ། སི་ཀོ་ཊི་ལན་ཌིའི་རྙིང་ཞེན་ཚོགས་པ་དང་ལས་རྩོལ་ཚོགས་པར་དམངས་གཙོ་ཡུ་གུར་ཚོགས་པའི་རྒྱབ་སྐྱོར་བ་ཚོས་འོས་ཤོག་འཕངས་ནས་ཕྱོགས་འགལ་ཚོགས་པར་གྱུར། སི་ཀོ་ཊི་ལན་ཌིའི་ཕྱོགས་འགལ་ཚོགས་པ་དེ་དག་གིས་རང་བཙན་གྱི་མང་མོས་འོས་བསྡུ་ལ་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། ད་ལོའི་འོས་བསྡུ་དེར་སི་ཀོ་ཊི་ལན་ཌིའི་མི་དམངས་འོས་ཤོག་འཕེན་མཁན་བརྒྱ་ཆ་༧༠་ལྷག་གིས་འོས་ཤོག་འཕངས། འདི་ནི་༢༠༡༦་ལོའི་འོས་འདེམས་ལ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༥༥་ཙམ་གྱིས་འོས་ཤོག་འཕངས་པར་བསྡུར་ཚེ། སི་ཀོ་ཊི་ལན་ཌིའི་སྲིད་དོན་ཚོགས་པ་ཁག་གིས་འོས་འདེམས་ཀྱི་དྲིལ་བསྒྲིགས་ལས་འགུལ་སྤེལ་ནས་ནད་ཡམས་ཁྱབ་གདལ་དུས་སུ་རང་གི་རྒྱབ་སྐྱོར་བ་ཚོར་འོས་ཤོག་འཕེན་དུ་འཇུག་ཐུབ་ཡོད་པའི་རྟགས་མཚན་མངོན། ༢༠༡༡་ལོར་སི་ཀོ་ཊི་ལན་ཌིའི་ས་གནས་གྲོས་ཚོགས་གསར་དུ་བཙུགས། སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པའི་ནང་ཁུལ་དུ་ལོ་༡༤་ལ་སྲིད་དབང་བཟུང་བའི་རིང་དེར་མི་དམངས་ཀྱི་མངོན་འདོད་རྣམས་ཡོངས་སུ་སྐུང་ཐུབ་མ་སོང་། ༢༠༢༡་ལོའི་འོས་འདེམས་དུས་སུ་སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པར་སྔར་བཞིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཨེ་ཡོང་སྙམ་སྟེ་བློ་འཚབ་ཀྱི་གནས་སུ་ལྷུང་། ཡིན་ནའང་གཙོ་བློན་སི་ཊར་ཇཱན་གྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ལ་སྔོན་འགོག་བྱས་ནས་གྲུབ་འབྲས་ཆེན་པོ་ཐོན་པས་རྐྱེན་ངན་གྲོགས་ཤར་དུ་སོང་སྟེ་སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ།།

སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པའི་འགོ་ཁྲིད་ཎི་ཀོ་ལ་སི་ཊར་ཇཱན།
སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པའི་འགོ་ཁྲིད་ཎི་ཀོ་ལ་སི་ཊར་ཇཱན།

དབྱིན་ཇིའི་སྲིད་དོན་ཉམས་ཞིབ་པ་ཚོས་སི་ཀོ་ཊི་ལན་ཌིའི་གཙོ་བློན་སི་ཊར་ཇཱན་གྱིས་ཛ་དྲག་གི་དུས་སྐབས་ཡོལ་བ་དང་རང་བཙན་གྱི་མང་མོས་འོས་བསྡུའི་གྲོས་གཞི་འདོན་འཆར་ཡོད་ཅེས་བསྒྲགས། ཁོ་མོས་ཛ་དྲག་གི་དུས་སྐབས་ཞེས་པ་ནི་གང་ལའང་གོ་ཆོག དེ་ནི་ངེས་གསལ་མེད་པའི་རྗོད་ཚིག་ཅིག་ཡིན་རུང་སི་ཊར་ཇཱན་གྱིས་བསྐྱར་དུ་སི་ཀོ་ཊི་ལན་ཌི་རང་བཙན་གྱི་མང་མོས་འོས་བསྡུ་བྱེད་དགོས་པའི་ལྟ་བ་བཟུང་ཡོད་པ་ཧ་ཅང་གསལ་པོ་ཞིག་རེད་ཅེས་གླེང་། སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པའི་རྩ་འཛིན་ནི་སྲིད་དོན་ཚོགས་པ་དེར་འཐུས་མི་གྲངས་མང་གི་རྒྱལ་ཁ་འཐོབ་ན་རང་བཙན་གྱི་ཁྲིམས་གཞི་མཚམས་སྦྱོར་བྱ་དགོས་ཞེས་བཀོད། ད་ཐེངས་ཀྱི་འོས་འདེམས་གྲུབ་འབྲས་ཁག་ལ་བལྟས་ན་སི་ཀོ་ཊི་བའི་རྒྱལ་ཡོངས་ཚོགས་པ་དང་དེའི་མཐུན་གྲོགས་སྔོ་ལྗང་ཚོགས་པ་གཉིས་བསྡོམས་པའི་འཐུས་མི་གྲངས་མང་གི་གདན་གྲངས་འཐོབ་རྒྱུ་ཚོད་དཔག་བྱེད་ནུས། སི་ཀོ་ཊི་ལན་ཌིའི་གཙོ་བློན་སི་ཊར་ཇཱན་གྱི་སྲིད་དོན་ཚོགས་པར་ས་གནས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་གདན་གྲངས་ཐོབ་ཀྱང་དབྱིན་ཇིའི་སྲིད་བློན་ཇཱོན་སན་གྱིས་སི་ཀོ་ཊི་ལན་ཌིའི་རང་བཙན་ལ་མང་མོས་འོས་བསྡུ་བྱེད་དུ་མ་བཅུག་ན་ཁྲིམས་ཁང་ལ་གཏུག་རྒྱུ་ཡིན། དབྱིན་ཇིའི་ཁྲིམས་ཁང་གིས་སི་ཀོ་ཊི་ལན་ཌིར་རང་བཙན་གྱི་མང་མོས་འོས་བསྡུ་བྱེད་ཆོག་པའི་ཐོབ་ཐང་ཐེངས་གཉིས་པ་སྤྲོད་དགོས་མིན་ཐག་གཅོད་བྱ་དགོས་ཐུག་སྲིད་ཅེས་བཤད། དབྱིན་ཇིའི་ཁྲིམས་ཁང་ལ་གཏུགས་ན་སི་ཀོ་ཊི་ལན་ཌིའི་མི་དམངས་ལ་ངར་བསླངས་ནས་རང་བཙན་གྱི་ཕྱོགས་སུ་འོས་ཤོག་འཕེན་རྒྱུ་རྩིས་རྒྱག་གི་ཡོད་པར་མ་ཟད། ༢༠༡༤་ལོའི་མང་མོས་འོས་བསྡུ་ཐེངས་དང་པོའི་སྐབས་སུ་དབྱིན་ཇིའི་གཞུང་གིས་སི་ཀོ་ཊི་ལན་ཌིའི་ཕྱི་ལོགས་སུ་བསྡད་ཡོད་པའི་སི་ཀོ་ཊི་བ་ཚོར་འོས་ཤོག་འཕེན་དུ་མ་བཅུག་པར་སི་ཀོ་ཊི་ལན་ཌིའི་ས་ཐོག་ཏུ་གནས་འཁོད་དབྱིན་ཇིའི་སྤྱི་དམངས་རྣམས་དང་སི་ཀོ་ཊི་ལན་ཌིར་གནས་འཁོད་དབྱིན་ཇིའི་སྐྱིད་སྡུག་མཉམ་འབྲེལ་རྒྱལ་ཁབ་ཁག་གི་སྤྱི་དམངས། སི་ཀོ་ཊི་ལན་ཌིར་གནས་འཁོད་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་སྤྱི་དམངས། སི་ཀོ་ཊི་ལན་ཌིར་གནས་འཁོད་དབྱིན་ཇིའི་གྲོས་ཚོགས་གོང་མའི་འཐུས་མི་བཅས་ལ་འོས་ཤོག་འཕེན་དུ་བཅུག གཟའ་འཁོར་སྔོན་མར་སི་ཀོ་ཊི་ལན་ཌིར་ས་གནས་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱས་པའི་གྲུབ་འབྲས་དེར་དབྱིན་ཇིའི་རྒྱལ་ཡོངས་ཀྱིས་དོ་སྣང་བྱེད་དགོས་པ་ཞིག་ཏུ་གྱུར། ཝེལ་སི་ས་གནས་ཀྱི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལའང་ཕྱོགས་འགལ་ལས་རྩོལ་ཚོགས་པར་གདན་ཐོབ་གཅིག་གིས་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་མེད་ཀྱང་སྲིད་དོན་ཚོགས་པ་དེར་རྒྱལ་ཁ་ཐོབ་ནས་སྲིད་དབང་བཟུང་བའི་ལོ་༢༢་པ་དེ་འགྲོ་བཞིན་ཡོད་པ་རེད།།

XS
SM
MD
LG