ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༠༦

ལ་དྭགས་པ་བསོད་ནམས་དབང་ཕྱུག་མི་དམངས་ཀྱི་ལས་འགུལ་ལ་ཞུགས།


ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག
ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག

༄༅།། ལ་དྭགས་ཀྱི་ཤེས་ཡོན་སློབ་གསོ་བ་དང་ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གིས་ཉི་མ་༢༡་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ། ཕྱི་ཟླ་༤་པའི་ཚེས་༡་ཉིན་རྒྱལ་ཡོངས་ཧི་རེལ་ཌི་ཚགས་པ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་༥༠་ལྷག་གིས་ཧི་མ་ལ་ཡའི་ལྗོངས་ཀྱི་མི་དམངས་ལ་རྒྱབ་སྐྱོར་ཡོད་ཅེས་ལས་འགུལ་སྤེལ་གྱི་ཡོད་པ་དེར་བསོད་དབང་ཕྱུག་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། ཁོང་གིས་ཕྱི་ཟླ་༣་པའི་ཚེས་༢༦་ཉིན་ཟས་བཅད་ངོ་རྒོལ་མཚམས་བཞག་ནས་བཟུང་། ཁ་སང་བར་དུ་ལུས་ཟུངས་གསོས་ཏེ་སྨན་ཁང་དུ་སྨན་བཅོས་བྱས་ནས་བསྡད། རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་པ་ཚོས་ལ་དྭགས་ཀྱི་སྐྱེ་ཁམས་གཉོམ་པོ་དེར་སྲུང་སྐྱོབ་བྱ་དགོས། རང་བྱུང་ཁམས་ལ་བསམ་ཤེས་མེད་པར་གཏེར་ཁ་སྔོག་འདོན་དང་བཟོ་གྲྭ་འཛུགས་ཀྱི་ཡོད་པ་ནི་ཁོར་ཡུལ་ལ་གནོད་ཚབས་ཆེ་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ད་ཐེངས་ཀྱི་གཟའ་ཉི་མ་སྟེ། ཕྱི་ཟླ་༤་པའི་ཚེས་༧་ཉིན་བསོད་ནམས་དབང་ཕྱུག་གཙོས་ལ་དྭགས་པ་ཚོ་ཧིན་བོད་ས་མཚམས་སུ་གོམ་སྐྱོད་བྱས་ནས་མངའ་ཁུལ་དེའི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་འཕོག་གི་ཡོད་པ་འགོག་ཐབས་དང་རྒྱ་ནག་གིས་ལ་དྭགས་ཀྱི་འབྲོག་པའི་རྩྭ་ས་བཙན་འཕྲོག་བྱེད་ཀྱི་ཡོད་པ་འགོག་དགོས་ཞེས་ལས་འགུལ་སྤེལ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གིས་རྒྱ་གར་གཞུང་ནས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་ཁ་གཡར་ནས་ཧི་མ་ལ་ཡའི་ལྗོངས་སུ་ཆག་སྒོ་ཆེན་པོ་ཞིག་སློང་ས་རེད་ཅེས་བསྒྲགས། རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་༥༠་ལྷག་ཆིག་སྒྲིལ་བྱས་ནས་མཐུན་ཚོགས་རྩ་འཛུགས་པ་མན་ཤི་ཨ་ཤཱེར་གྱིས་ཧི་མ་ལ་ཡའི་ལྗོངས་ཀྱི་མངའ་སྡེ་ཁག་གི་སྒྲིག་འཛུགས་ཐམས་ཅད་ལ་རང་རང་གི་ས་གནས་ཁག་གི་གནས་སྟངས་ཐད་བློ་འཚབ་ཡོད་པའི་གཏམ་བཤད་བྱས་སོང་ཞེས་ཨེཀ་སི་དྲྭ་ཚིགས་འཕྲིན་ཐུང་ཞིག་སྤེལ།།

བསོད་ནམས་དབང་ཕྱུག་གིས་ཉི་མ་༢༡་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ།
བསོད་ནམས་དབང་ཕྱུག་གིས་ཉི་མ་༢༡་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ།

ལ་དྭགས་ཀྱི་ཤེས་ཡོན་སློབ་གསོ་བ་བསོད་ནམས་དབང་ཕྱུག་གིས་དགོས་འདུན་དོན་ཚན་༥་བཏོན་པ་དེའི་ནང་དུ་ཡུལ་སྡེ་བརྒྱུད་ནས་འཛིན་སྐྱོང་སྲ་བརྟན་གཏོང་དགོས། ཤེས་ཡོན་སློབ་གསོ་ཀུན་མཉམ་དང་ཕྱི་གསལ་ནང་གསལ་ཆེ་རུ་གཏོང་དགོས། ཧི་མ་ལ་ཡའི་ལྗོངས་ཀྱི་སྐྱེ་ཁམས་རང་སྐྱ་འཕེར་བ་ཞིག་བྱ་དགོས་པ་དང་རྐྱེན་ངན་གོད་ཆག་བྱུང་ན་གདོང་ལེན་ཇི་ལྟར་བྱ་དགོས་མིན་གྲ་སྒྲིག་བྱ་དགོས། ལས་གཞི་ཁག་ལ་གོ་རིམ་ལྡན་པའི་འཆར་འགོད་དང་སྟངས་འཛིན་ཚུལ་བཞིན་བྱ་དགོས་ཞེས་འཁོད། སྤྱི་ཚོགས་ལས་འགུལ་བ་གཞན་ཁག་དང་ཧི་མ་ལ་ཡའི་ལྗོངས་ཀྱི་མང་ཚོགས་ནས་འགྲོ་བ་མིས་བཟོས་པའི་ཆག་སྒོ་དེ་རྣམས་ཧི་མ་ལ་ཡའི་ལྗོངས་སུ་འཚོ་གནས་བྱེད་བཞིན་པའི་མང་ཚོགས་ཀྱིས་མྱོང་དགོས་ཀྱི་འདུག སྐྱེ་ཁམས་གཏོར་བཤིག་དང་གནོད་འཚེ་ཕོག་པའི་རྒྱུ་རྐྱེན་ནི་གཞུང་གི་རིམ་པ་ཁག་གི་འགོ་ཁྲིད་ཚོས་ལས་དོན་འཐུས་ཤོར་བྱུང་བའི་ཉེར་ལན་རེད་ཅེས་ཐུན་མོང་གི་སྤྱི་བསྒྲགས་སྤེལ།།

ཉེ་ཆར་ཕྱི་ཟླ་༣་པའི་ཚེས་༡༩་ཉིན་ལྡི་ལི་གསར་པ་བརྙན་འཕྲིན་ཁང་གིས་བཅར་འདྲིའི་ཞུས་པའི་སྐབས་སུ་ལ་དྭགས་པ་བསོད་ནམས་དབང་ཕྱུག་གིས་ང་ཚོར་དབུས་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་སྤྲད་པ་ནི་ལ་དྭགས་སུ་བཟོ་གྲྭ་བཙུགས་ཏེ་རང་བྱུང་གཏེར་ཁ་སྔོག་འདོན་བྱ་རྒྱུའི་ཆེད་དུ་མགོ་སྐོར་བཏང་བ་འདྲ། རྒྱ་གར་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་ལ་དྭགས་སུ་གཏེར་ཁ་སྔོག་ཆོག་པ་དང་བཟོ་གྲྭ་འཛུགས་ཆོག་པའི་འཁྲོལ་ཆ་སྤྲོད་དགོས་ཞེས་གཞུང་གི་འགོ་ཁྲིད་ཚོར་སྐུལ་ལྕག་གཏོང་གི་ཡོད་པ་གསལ་པོ་རེད། ད་སྔ་རྒྱ་གར་གཞུང་གིས་ཁས་ལེན་བྱས་པ་རྣམས་བསྒྲུབས་མེད་ཀྱང་ཕྱིས་སུ་ཁས་ལེན་དམ་བཅའ་ཁག་བསྒྲུབ་ཐུབ་རྒྱུའི་ཁག་ཐེག་བྱ་དགོས། ལ་དྭགས་པ་ཚོར་ཁྲིམས་ཐོག་ཏུ་འགན་ལེན་ཡོད་པའི་གྲོས་མཐུན་འཇོག་དགོས་ཞེས་ལན་བཏབ།།

ལ་དྭགས་ཀྱི་ཤེས་ཡོན་སློབ་གསོ་བ་དང་ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གིས་དབུས་གཞུང་ནས་ཁས་ལེན་རྫུན་མ་བྱས་པ་རྣམས་རྒྱ་གར་མི་དམངས་དང་ལ་དྭགས་མི་དམངས་ལ་གསལ་བཀྲོལ་བྱ་དགོས། ང་ཚོའི་འཐབ་རྩོད་ནི་ལ་དྭགས་གཅིག་པུའི་དོན་དུ་མིན་པར་རྒྱ་གར་རྒྱལ་ཡོངས་ཀྱི་ཆེད་དུ་ཡིན། བྷི་ཇེ་པི་གཞུང་འཛིན་ཚོགས་པས་ལ་དྭགས་ལ་ཁས་ལེན་ཐེངས་གཉིས་བྱས་པ་ཁ་དན་ཚིག་ལ་མ་གནས་པ་རེད། ཁོ་ཚོས་ཁས་ལེན་དེ་འོས་ཤོག་འཐོབ་རྒྱུའི་ཆེད་དུ་བྱས་པ་ཞིག་ཡིན་པར་མ་ཟད། ལ་དྭགས་ལ་རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་གསལ་བའི་ཐོབ་ཐང་རྣམས་སྤྲོད་ཆོག ལ་དྭགས་པའི་ངོ་བོར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་སྐད་ཆ་སྙན་པོ་བཤད་པ་རེད། ལ་དྭགས་པ་ཚོར་དམངས་གཙོའི་ཐོབ་ཐང་མེད་པ་ནི་ཐབས་རྡུགས་ཤིག་རེད་ཅེས་བཤད་འདུག

༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེ་༥་ཉིན་རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་རྩ་ཁྲིམས་དོན་ཚན་༣༧༠་ཐམ་པ་ལག་ལེན་བསྟར་རྒྱུ་མེད་པར་བཏང་ཞིང་། ཇམ་མུ་ཀསྨིར་དང་ལ་དྭགས་བཅས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གཉིས་སུ་བསྒྱུར། ཐོག་མར་ལ་དྭགས་ཀྱི་ནང་པ་ཚོས་འགྱུར་བཅོས་དེར་དགའ་བསུ་ཞུས། དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་འོག་ཏུ་ལ་དྭགས་ཀྱི་ཁོར་ཡུག་དང་སྐྱེ་ཁམས་ལ་གཏོར་བཤིག་ཕོག ས་གནས་དེའི་ལས་ཀ་དང་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་རྣམས་ཕྱིའི་མི་ལ་ཐོབ། ལ་དྭགས་ཀྱི་ས་ཆ་རྣམས་རྒྱ་གར་གྱི་བཟོ་ཚོང་བདག་པོ་འབྱོར་ལྡན་པ་ཚོས་ཉོས་ནས་གཏེར་ཁ་སྔོན་འདོན་དང་འཛུགས་སྐྲུན། ལ་དྭགས་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག མི་རིགས་ཀྱི་ངོ་བོ་རྣམས་བརླག་གྲབས་སུ་གྱུར།།

ཁ་སྔོན་ཕྱི་ཟླ་༣་པའི་ཚེས་༤་ཉིན་གླེའི་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་འཐུས་མི་༦་གི་སྐུ་ཚབ་ཚོགས་པ་ཞིག་ལྡི་ལི་གསར་པའི་ནང་སྲིད་ལྷན་ཁང་ལ་བཅར་ནས་ནང་སྲིད་བློན་ཆེན་ཨ་མེ་ད་ཤཱ་སོགས་ལ་ཐུག་འཕྲད་གྲོས་མོལ་བྱས་ནས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་དགོས་ཞེས་དགོས་འདུན་བཏོན། ནང་སྲིད་བློན་ཆེན་གྱིས་རྒྱ་གར་གཞུང་ནས་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་ལ་དྭགས་པའི་ཐོབ་ཐང་ཁག་སྲུང་སྐྱོབ་བྱ་རྒྱུ་ཡིན། རྒྱ་གར་གཞུང་གིས་དབང་ཚད་ཆེན་པོ་སྤྲད་པའི་ཚོགས་ཆུང་ཞིག་བཙུགས་ཡོད་པ་དེས་ལ་དྭགས་པའི་དགོས་འདུན་ཁག་ལ་ཞིབ་འཇུག་བྱ་རྒྱུ་ཞེས་ལན་བཏབ་སྟེ་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུའི་གྲོས་འཆམ་མ་བྱུང་། དེ་ནས་ལ་དྭགས་པ་བསོད་ནམས་དབང་ཕྱུག་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མགོ་བརྩམས།།

དེང་སྐབས་རྒྱ་གར་གྱི་གྲོང་ཁྱེར་ཁག་༢༠་ལྷག་གི་མང་ཚོགས་ཀྱིས་ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་རྩོད་ཀྱི་ཡོད་པར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན། ལ་དྭགས་པ་ཚོས་རྒྱ་གར་གཞུང་ནས་བསམ་བློ་མ་བཏང་བའི་རྨང་གཞིའི་མཐུན་རྐྱེན་ཏེ། ཆུ་ཤུགས་གློག་ཁང་ཆེན་པོ་དང་རྒྱ་ལམ་ཆེན་པོ། མེ་འཁོར་ལྕགས་ལམ་འཛུགས་སྐྲུན། དཔལ་འབྱོར་དང་ཚོང་ལས་ཀྱི་ཆེད་དུ་ཡུལ་སྐོར་སྤྲོ་འཆམ་པ་འདུ་འགུགས། འདས་པའི་ལོ་མང་རིང་ས་ཞིང་བཀོལ་སྤྱོད་ཚད་ལས་བརྒལ་བ་ཞིག་བྱས་ནས་ཆུ་བོ་རྣམས་བསྐམས། ཤིང་ནགས་བཅད་པ་དང་རྩྭ་ས་བྱེ་ཐང་དུ་གྱུར། རི་བོ་རྣམས་ཤུན་ལྤགས་བཞུས་ནས་དམར་རྗེན་དུ་ཐོན། ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་མེད་ན་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ། ལ་དྭགས་ཀྱི་སྐྱེ་ཁམས་ལ་གཏོར་བཤིག་འཕོག་གི་ཡོད་པ་འགོག་མི་ཐུབ་ཅེས་རྩོད་པ་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG