ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

རྒྱ་ནག་གི་ཕྱི་སྐྱོད་ལམ་ཡིག་འཁྱེར་ནས་ཕྱི་རྒྱལ་ལ་སྐྱོད་མཁན་གྱི་བོད་མིའི་ལམ་ཡིག་གཞུང་བཞེས་བཏང་པ།


རྒྱ་ནག་གི་ཕྱི་སྐྱོད་ལམ་ཡིག
རྒྱ་ནག་གི་ཕྱི་སྐྱོད་ལམ་ཡིག

ཉེ་འཆར་བོད་ནང་གི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་མངའ་ཁོངས་ཀྱི་བོད་མི་ཁག་ཅིག་གིས་ཁྲིམས་མཐུན་ཐོག་རྒྱ་ནག་གི་ཕྱི་བསྐྱོད་ལམ་ཡིག་བཟོས་དེ་སང་གྷ་ཕོར་དང་ཐེ་ལེན་ཌི་རྒྱལ་ཁབ་གཉིས་ལ་སྤྲོ་འཆམ་དུ་སོང་རྗེས་བལ་ཡུལ་ནང་གནས་མཇལ་དུ་འགྲོ་རྩིས་བྱས་བར་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་བྱས་ཡོད་པའི་སྐོར་ལ་མིང་དངོས་སུ་བརྗོད་འདོད་མེད་མཁན་གྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན་ཁོང་དང་སྡེ་མི་གསུམ་གྱིས་རང་གི་སྡེ་བ་ནས་བཟུང་རིམ་བཞིན་རྫོང་དང་ཁུལ་རིམ་པར་བརྒྱུད་ཡིག་ཆ་ཚང་མ་ཐོ་འགོད་བྱས་དེ་རྒྱ་ནག་གི་ཕྱི་བསྐྱོད་ལམ་ཡིག་བཟོས་བ་ཡིན། མཐར་སང་གྷ་ཕོར་དང་ཐེ་ལེན་གྲུ་རྒྱལ་ཁབ་གཉིས་ལ་སྤྲོ་འཆམ་ལ་སོང་ནས་ཕྱིར་རང་གི་ས་གནས་སུ་འབྱོར་མ་ཐག་བལ་ཡུལ་ནང་ཡོད་པའི་ནང་བའི་གནས་ཆེན་ཁག་ལ་མཇལ་སྐོར་ཅིག་བྱེད་དུ་འགྲོ་འདོད་ཀྱི་ལམ་ལ་ཆས་སྐབས་ས་གནས་ཉེན་རྟོག་པའི་ང་ཚོའི་ལག་ནས་ཕྱིར་བསྐྱོད་ལམ་ཡིག་ཕྱིར་བསྡུ་བྱས་སོང་།

ཐེ་ལེན་ཌི་རྒྱལ་ཁབ་ལ་སྤྲོ་འཆམ་
ཐེ་ལེན་ཌི་རྒྱལ་ཁབ་ལ་སྤྲོ་འཆམ་

རྒྱལ་ཁབ་ཀྱི་མི་སྣའི་བརྗོད་ན། གནས་སྐབས་རིང་བལ་ཡུལ་ནང་སོང་ཆོག་གི་མ་རེད་ལ་གལ་སྲིད་ངེས་བར་དུ་འགྲོ་དགོས་ན་རྒྱལ་ཁབ་ཀྱི་ངོས་ལེན་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ནང་ཐོ་འགོད་དང་ལྷན་ཡུལ་སྐོར་ལས་ཁུངས་ཀྱི་མི་སྣའི་སྣེ་ཁྲིད་འོག་ཉེན་གྲངས་༡༥་ཡས་མས་ལ་བལ་ཡུལ་ནང་སོང་ཆོག་གི་རེད། དེ་ཡང་ཕྱིར་རང་གནས་སུ་མ་འབྱོར་བར་དུ་ཕྱི་བསྐྱོད་ལམ་ཡིག་ཡུལ་སྐོར་ལས་ཁུངས་ཀྱི་མི་སྣའི་ལག་དུ་འཛིན་དགོས་བ་ལས་དོ་བདག་སོ་སོར་མི་སྤྲོད་པ་དང་། བལ་ཡུལ་དུ་སླེབས་མ་ཐག་ནས་བཟུང་ཕྱིར་རང་ཡུལ་དུ་མ་འབྱོར་བར་དོ་བདག་སོ་སོ་སྒེར་ངོས་ནས་ཆུ་ཚོད་སྐར་མ་ཁ་ཤས་ལའང་འགྲོ་ཆོག་གི་མ་རེད།དམིག་གསལ་བལ་ཡུལ་ནང་ཡོད་པའི་བོད་མི་ལ་ཁ་བརྡ་དང་དངུལ་དངོས་ཕར་སྤྲོད་ཚུར་ལེན་སོགས་གང་ཡང་བྱས་ཆོག་གི་མ་རེད། གལ་སྲིད་དེ་འདྲའི་གནས་ཚུལ་ཕྲན་བུ་ཙམ་བྱུང་ཚེ་ཁྲིམས་འགལ་ནག་ཉེས་ཅན་དུ་གྱུར་བ་རེད་དེར་བརྟེན་ལམ་ཡིག་ཕྱིར་བསྡུ་བྱས་བ་ཡིན། མི་འགྱངས་བར་རྒྱ་ནག་གི་ལོ་གསར་བ་ཚེས་ལ་ཡོད་སྟབས་ལོ་སར་རྗེས་སུ་འགྲོ་ཆོག་མིན་གྱི་ལན་སྟེར་རྒྱུ་ཡིན་མ་གཏོགས་གནས་སྐབས་རིང་བལ་ཡུལ་དུ་སོང་ཆོག་གི་མ་རེད་ཟེར།

སྦྱིར་ན་ཕྱིར་བསྐྱོད་ལམ་ཡིག་བཟོ་རྒྱུར་ལས་སླ་བོ་ཞིག་གཏན་ནས་མ་རེད། རང་གི་ཁྱིམ་ཐོ་ནས་བཟུང་སྦྱི་མང་ཐོབ་ཐང་ཡི་གེ་སོགས་ཆ་རྐྱེན་ཆ་ཚང་ཚང་དགོས་བ་མ་ཟད་ཁྲིམས་འགལ་ནག་ཉེས་ཅི་ཡང་མེད་པའི་མི་ཞིག་ཡིན་དགོས་ཀྱིན་འདུག།དམིག་གསལ་རྒྱལ་ཁབ་གཞུང་གིས་ལས་བྱེད་ཡིན་པ་མི་གཉིས་ཙམ་གྱིས་ངེས་བར་དུ་ཁག་ཐེག་འགན་ལེན་བྱེད་དགོས་ཀྱིན་འདུག གཙོ་བོ་མི་འདི་ལ་རྒྱལ་ཁབ་གཞུང་གིས་ཕྱི་བསྐྱོད་ལམ་ཡིག་སྤྲད་པ་ཡིན་ན་དེངས་ཕྱིན་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ལས་ཀ་སྣ་གཅིག་ཀྱང་མི་བྱེད་པ་དང་གལ་སྲིད་མི་འདིས་ཕྱི་བསྐྱོད་ལམ་ཡིག་སྟེང་རྒྱལ་ཁབ་གཞན་ལ་སོང་ནས་ཁྲིམས་འགལ་ནག་ཉེས་བྱས་བ་ཡིན་ན་འགན་ལེན་བྱེད་མཁན་དོ་བདག་རྒྱལ་ཁབ་ཀྱི་ལས་གནས་སུ་ཕྱིར་ཕུད་གཏོང་ཆོག་ཅེས་ཁེས་ལེན་བྱེད་དགོས་བ་མ་ཟད་ཁེས་ལེན་བྱེད་མཁན་གྱིས་ཐོབ་དབང་ཡི་གེ་དང་འདྲ་པར་བཅས་པར་བཤུས་བརྒྱབ་ནས་གཞུང་གི་ལས་ཁུངས་ལ་སྤྲོད་དགོས་ཀྱིན་འདུག་སྦྱིར་བཏང་གི་མང་ཚོགས་ཤིག་དང་དམིག་གསལ་བོད་མི་ཞིག་ལ་མཚོན་ན་ཕྱི་བསྐྱོད་ལམ་ཡིག་བཟོ་རྒྱུར་ཧ་ཅང་གི་དཀའ་ངལ་ཆེན་པོ་རེད་འདུག་ཅེས་སོགས་བརྗོད་སོང་། གནས་ཚུལ་མཁོ་སྤྲོད་པ་ཁོང་ད་ལྟ་བོད་ནང་དུ་བཞུགས་ཡོད་སྟབས་ཁོང་གི་མིང་དང་སྡེ་བའི་མིང་དངོས་སུ་གསར་འགྱུར་མཁོད་རྒྱུར་ཉེན་ཁ་ཆེ་བའི་དབང་གིས་གནས་སྐབས་རིང་མཁོད་མེད།

གླེང་སྟེགས།

XS
SM
MD
LG