ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཡུཀ་རེན་ལ་བཙན་འཛུལ་བྱུང་རྗེས་ཨུ་རུ་སུའི་ཕྱུག་བདག་༦་ཤི། 


༄༅།། གཟའ་འཁོར་སྔོན་མར་ཨུ་རུ་སུའི་ཕྱུག་བདག་གཉིས་ཆུ་ཚོད་༢༤་ཡི་ནང་ཚུད་དུ་རང་རང་གི་རྒྱས་སྤྲོས་ཆེ་བའི་ཁྱིམ་དུ་ཤི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༤་པའི་ཚེས་༢༢་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་ཨུ་རུ་སུའི་ཕྱུག་བདག་འཆི་སྐྱོན་བྱུང་བ་དེ་དག་གི་ཐོ་གཞུང་ཞིག་ཕྱོགས་བསྒྲིགས་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཕྱུག་བདག་པཱ་རོ་ཊོ་སན་ཡ་ཞེས་པ་དེ་སི་པེན་གྱི་ས་གནས་ཤིག་ཏུ་ཁང་པ་ཡོད་པ་དེའི་ནང་དུ་ཤི། ཕྱུག་བདག་གཞན་པ་ཨ་ཝ་ཡེབ་ནི་རྒྱལ་ས་མོ་སི་ཀོའི་རང་ཁྱིམ་དུ་ཤི་འདུག་ཅེས་བསྒྲགས། སི་པེན་དང་ཨུ་རུ་སུའི་ཉེན་རྟོག་པ་ཚོས་ཕྱུག་བདག་དེ་དག་གིས་སོ་སོའི་བཟའ་ཟླ་བུ་ཕྲུག་རྣམས་སྔོན་ལ་བསད། དེ་ནས་ཁོ་ཚོས་རང་སྲོག་བཅད་པའི་རྟགས་མཚན་གསལ་པོ་འདུག་ཅེས་གནས་ཚུལ་སྤེལ། ད་ལོའི་ཕྱི་ཟླ་༡་ནས་བཟུང་སྟེ་ཨུ་རུ་སུའི་ཕྱུག་བདག་༦་གིས་བཟའ་ཟླ་བུ་ཕྲུག་རྣམས་བསད་པ་དང་དེའི་རྗེས་སུ་རང་སྲོག་བཅད་ནས་ཤི་བའི་གནས་ཚུལ་ཐོན། ལྐོག་གྱུར་དང་ཁྱད་མཚར་གྱི་གནས་སྟངས་འོག་ཏུ་ཤི་བའི་ཨུ་རུ་སུའི་ཕྱུག་བདག་དེ་རྣམས་པཱ་རོ་ཊོ་སན་ཡ་དང་ཨ་ཝེ་ཡེབ། མཱེལ་ནི་ཀོབ། ཝ་ཊི་ཧྥོར་ཌི། ཊི་ཡུལ་ཡ་ཀོབ། ཤུལ་མན་བཅས་ཡིན་ཞིང་། བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་ལོ་ན་༥༥་ལ་སོན་པའི་ཨུ་རུ་སུའི་ཕྱུག་བདག་པཱ་རོ་ཊོ་སན་ཡ་ལྡུམ་རའི་ནང་དུ་ལྕེབས་ནས་ཤི་ཡོད་པ་དང་ཆུང་མ་དང་བུ་མོ་གཉིས་མལ་སའི་ནང་དུ་གྲི་བཙུགས་ཏེ་བསད་ཡོད་པ་ཉེན་རྟོག་པས་རྙེད། སི་པེན་གྱི་ཉེན་རྟོག་པ་ཚོས་ཨུ་རུ་སུའི་ཕྱུག་བདག་དེ་དང་བཟའ་མི་རྣམས་སྟོན་པ་ཡེ་ཤུའི་འདས་ལོག་དུས་ཆེན་སྐབས་སུ་སི་པེན་ལ་གུང་སེང་དུ་བསླེབས་པ་རེད། པཱོ་རོ་ཊོ་སན་ཡས་རང་སྲོག་མ་བཅད་སྔོན་དེར་བཟའ་ཟླ་དང་བུ་མོ་གཉིས་བསད་པ་འདྲ། ཅིའི་ཕྱིར་ཞེ་ན་པཱ་རོ་ཊོ་སན་ཡའི་ཕུང་པོའི་འཁྲིས་སུ་སྟ་རེ་ཞིག་དང་གྲི་ཞིག་གཡུགས་འདུག་ཅེས་གནས་ཚུལ་སྤེལ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཨུ་རུ་སུའི་གསར་འགྱུར་ལས་ཁང་ཁག་གིས་ཀྱང་ཕྱུག་བདག་པཱ་རོ་ཊོ་སེན་ཡ་གྲོངས་པ་རེད་ཅེས་ངེས་གཏན་བྱས་འདུག ཁོ་པ་ཨུ་རུ་སུའི་རང་བྱུང་སོལ་རླངས་ཚོང་གཉེར་ཁང་ནོ་ཝ་ཏེག་གི་བདག་པོ་ཡིན་པ་དང་སོལ་རླངས་བཟོ་ཚོང་ཁང་དེ་ཨུ་རུ་སུའི་སོལ་རླངས་བཟོ་ཚོང་ཁང་ཆེ་ཤོས་ཨང་གཉིས་པ་ཡིན་ཞིང་། ཁོ་པའི་བཟའ་མི་རྣམས་དུས་ཚོད་མང་ཆེ་བར་ཧྥ་རན་སིར་གནས་སྡོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་ཕྱུག་བདག་ཁག་ཅིག་གི་པར་རིས།
ཨུ་རུ་སུའི་ཕྱུག་བདག་ཁག་ཅིག་གི་པར་རིས།

དབྱིན་ཇིའི་དཔལ་འབྱོར་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་གྷ་ཛི་པོ་རོམ་དངུལ་ཁང་གི་གཙོ་འཛིན་གཞོན་པ་ཟུར་པ་ཨ་ཝ་ཡེབ་ཨ་སྒོར་ཡ་ས་མང་པོའི་རྒྱས་སྤྲོས་ཆེ་བའི་རང་ཁྱིམ་དུ་ཆུང་མ་དང་བུ་མོའི་མཉམ་དུ་ཤི་ཡོད་པའི་གནས་ཚུལ་ཐོན། ཨ་ཝ་ཡེབ་ཚང་ལ་ཉི་མ་འགའ་ཞིག་གི་རིང་འབྲེལ་བ་བྱེད་མ་ཐུབ་པས་གཉེན་ཚན་ཞིག་བལྟ་རུ་སོང་སྟེ་བཟའ་མི་རྣམས་ཤི་ཡོད་པ་ཤེས་རྟོགས་བྱུང་། ཁང་པ་དེར་ནང་ནས་སྒོ་ལྕགས་བརྒྱབ་ཡོད་པ་དང་ཨ་ཝ་ཡེབ་ཀྱི་ལག་ཏུ་ཐུང་མདའ་ཞིག་བཟུང་ནས་ཤི་ཡོད་ཅིང་། ཨུ་རུ་སུའི་རྩད་གཅོད་པ་ཚོས་ཨ་ཝ་ཡེབ་ཀྱིས་སྔོན་ལ་ཆུང་མ་དང་ལོ་༡༣་ལ་སོན་པའི་བུ་མོ་བསད། དེ་ནས་ཁོ་པས་སོ་སོར་མེ་མདའ་བརྒྱབ་སྟེ་རང་སྲོག་བཅད་པའི་རྟགས་མཚན་འདུག་ཅེས་བཀྲལ། གྷ་ཛི་པོ་རོམ་དངུལ་ཁང་ནི་ཨུ་རུ་སུའི་སྒེར་གཉེར་དངུལ་ཁང་ཆེ་ཤོས་ཨང་གསུམ་པ་ཡིན་འདུག ཕྱི་ཟླ་༣་པའི་ཚེས་༢༤་ཉིན་ཨུ་རུ་སུའི་ཀོམ་མེར་སན་ཊི་ཚགས་པར་ལ་ཨ་སྒོར་ཐེར་འབུམ་གྱི་བདག་པོ་མཱེལ་ཎི་ཀོབ་རྒྱས་སྤྲོས་ཆེ་བའི་རང་ཁྱིམ་དུ་ཤི། ཁོ་པ་ཨུ་རུ་སུའི་ཎི་ཞིས་ཎི་གྲོང་ཁྱེར་དུ་བསྡད་ཡོད་པ་དང་གྲོང་ཁྱེར་དེ་ཨུ་རུ་སུའི་གྲོང་ཁྱེར་ཆེ་ཁག་ཨང་༦་པ་རེད། ཁོ་པ་ཆུང་མ་གྷ་ལི་ན་དང་བུ་གཉིས་ཀྱི་མཉམ་དུ་ཤི་འདུག མི་གསོད་ཁྲག་སྦྱོར་སྐབས་སུ་འབྱུང་གི་ཡོད་པ་ལྟར་བཟའ་མི་ཚང་མའི་ལུས་སྟེང་དུ་གྲི་བཙུགས་པའི་རྨ་རྗེས་འདུག་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་རྩད་གཅོད་པ་ཚོས་མཱེལ་ཎི་ཀོབ་ཀྱིས་རང་སྲོག་མ་བཅད་གོང་དུ་ལོ་ན་༤༡་ལ་སོན་པའི་ཆུང་མ་དང་ལོ་༡༠་དང་༤་ལ་སོན་པ་བུ་གཉིས་བཅས་བཟའ་མི་གསུམ་པོ་བསད་པ་འདྲ་ཞེས་འགྲེལ་བཤད་བརྒྱབ། ཡིན་ནའང་ཁྱིམ་མཚེས་དང་གཉེན་ཚན་ཚོས་རྩད་གཅོད་པའི་སྐད་ཆ་དེ་ཚོར་ཡིད་ཆེས་བྱེད་དཀའ་བ་ཞིག་ཏུ་གྱུར།།

ཡུཀ་རེན་གྱི་གྷ་ལཱབ་རེ་ཌི་གསར་ཁང་གིས་ཨུ་རུ་སུའི་ཕྱུག་བདག་ཚོར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། ཁོ་ཚོའི་དངུལ་སྒོར་དང་རྒྱུ་དངོས་རྣམས་འགོག་ཉར་བྱས་ནས་བཟུང་། མཱེལ་ཎི་ཀོབ་ཀྱི་བཟོ་ཚོང་ལས་ཁང་ལ་གྱོང་གུད་ཆེན་པོ་འཕོག་གི་ཡོད་པ་རེད། གལ་སྲིད་དངུལ་སྒོར་གྱོང་གུད་ཕོག་པའི་སྟབས་ཀྱིས་མིན་ན་ཚོང་གྲོགས་ཟུར་པ་དང་འཁྲུག་རྩོད་བྱུང་བ་ཡིན་སྲིད་ཅེས་རྒྱུ་རྐྱེན་གཞན་ཞིག་གླེང་། ཡིན་ནའང་ཀོམ་མེར་སན་ཊི་གསར་ཁང་གིས་མཱེལ་ཎི་ཀོབ་ཀྱི་ཁྱིམ་དུ་ཕྱི་ནས་མི་ཡོང་སྟེ་རྒོལ་འཛིང་བྱུང་བའི་རྟགས་མཚན་གཅིག་ཀྱང་ཉེན་རྟོག་པ་ཚོས་རྙེད་མི་འདུག བུ་གཉིས་རང་རང་གི་ཤག་ཏུ་ཤི་ཡོད་པ་དང་ཆུང་མ་མལ་ཁང་དུ་ཤི། མཱེལ་ཎི་ཀོབ་ཀྱིས་ཁྲུས་ཁང་དུ་ཁྲག་རྩ་བཅད་ནས་ཤི་འདུག་ཅེས་གནས་ཚུལ་སྤེལ། ཕྱི་ཟླ་༢་པའི་ཚེས་༢༨་ཉིན་ཨུ་རུ་སུའི་ཕྱུག་བདག་ཝ་ཊི་ཧྥོར་ཌི་དབྱིན་ཡུལ་གྱི་རང་ཁྱིམ་དུ་ཤི། ཁོ་པ་༡༩༥༥་ལོར་ཡུཀ་རེན་དུ་སྐྱེས་ཏེ་མིང་ལ་ཊོལ་སི་ཏོ་ཤེ་ཡ་ཞེས་བཏགས་ཀྱང་ཕྱིས་སུ་ཝ་ཊི་ཧྥོར་ཌི་ཞེས་མིང་བསྒྱུར། ཨུ་རུ་སུ་དམར་ཤོག་འཐོར་ཞིག་ཕྱིན་པའི་རྗེས་སུ་རྡོ་སྣུམ་དང་སོལ་རླངས་ཀྱི་ཚོང་ལས་གཉེར་ནས་འབྱོར་པ་རྒྱས། དབྱིན་ཇིའི་ཉིན་རེའི་སྦྲག་འཕྲིན་ཚགས་པར་གྱིས་ལོ་ན་༦༦་ལ་སོན་པའི་ཝ་ཊི་ཧྥོར་ཌི་ལྡུམ་རའི་འཁྲིས་ཀྱི་རླངས་འཁོར་འཇོག་ཁང་དུ་ལྕེབས་ནས་ཤི་འདུག་ཅེས་གནས་ཚུལ་སྤེལ། དབྱིན་ཇིའི་བྷི་བྷི་སི་གསར་ཁང་གིས་ཝ་ཊི་ཧྥོར་ཌི་ཤི་སྟངས་དེར་དོགས་པ་ཟ་དགོས་ས་མི་འདུག་ཅེས་ཉེན་རྟོག་པའི་ཞིབ་འཇུག་གྲུབ་དོན་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ། ཝ་ཊི་ཧྥོར་ཌི་དང་ཨེ་སི་ཊོ་ཎི་ཡའི་མི་རིགས་ཡིན་པའི་ཆུང་མ་ཇཱེན། ཕྲུ་གུ་གསུམ་བཅས་བཟའ་མི་ལྔ་པོ་དབྱིན་ཡུལ་དུ་གཞིས་ཆགས་ཡོད་པ་རེད།།

གཟའ་འཁོར་གསར་འགྱུར་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༢་པའི་ཚེས་༢༥་ཉིན་ཨུ་རུ་སུའི་རྡོ་སྣུམ་དང་སོལ་རླངས་བཟོ་ཚོང་ཁང་སྟེ། གྷེ་ཛི་པོ་རོམ་ཚོང་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཊི་ཡུལ་ཡ་ཀོབ་རྒྱལ་ས་རྙིང་པ་སིན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་རང་ཁྱིམ་དུ་ཤི་འདུག་ཅེས་ཨུ་རུ་སུའི་གྷ་ཛེ་ཊ་གསར་ཤོག་ལ་གནས་ཚུལ་ཐོན། ཉེན་རྟོག་པ་ཚོས་ཊི་ཡུལ་ཡ་ཀོབ་རླངས་འཁོར་འཇོག་ཁང་དུ་ལྕེབས་ཡོད་པའི་ཕུང་པོ་རྙེད། ཁོ་པའི་ཕུང་པོའི་འཁྲིས་སུ་ཡིག་ཆུང་ཞིག་བཞག་ཡོད་པར་བལྟས་ན་རང་སྲོག་བཅད་པ་འདྲ་ཞེས་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་ས་གནས་ཀྱི་རྩད་གཅོད་ལས་ཁུངས་ཀྱི་མི་ཞིག་གིས་གསར་འགོད་པར་བརྟག་དཔྱད་པ་ཚོས་ཉེས་དོན་འབྱུང་ཡུལ་རྣམས་བཀག་ནས་མི་ལ་སྐད་ཆ་འདྲི་ཡི་འདུག ཊི་ཡུལ་ཡ་ཀོབ་ཀྱི་ཁང་པའི་ཕྱི་ལོགས་སུ་ཉེན་རྟོག་པ་བཀྲམ་འདུག་ཅེས་བཤད། ལོ་ན་༦༡་ལ་སོན་པའི་ཊི་ཡུལ་ཡ་ཀོབ་ཀྱིས་ལོ་བཅུ་ལ་གྷ་ཛི་པོ་རོམ་བཟོ་ཚོང་ཁང་དུ་སྲི་ཞུ་བསྒྲུབས། དེའི་སྔོན་དེར་རང་བྱུང་ནུས་ཤུགས་ལས་ཁུངས་ཤིག་གི་བདེ་འཇགས་དང་ལས་བྱེད་བདག་གཉེར་གྱི་འགན་འཛིན་གཞོན་པའི་གོ་གནས་བཟུང་། ཨུ་རུ་སུའི་ཕྱུག་བདག་ཤུལ་མན་ནི་དམག་འཁྲུག་མ་ལངས་གོང་གི་ཕྱི་ཟླ་དང་པོའི་ནང་དུ་ཤི། སྐབས་དེར་ཁོ་པ་ལོ་ན་༦༠་ཐམ་པ་ཡིན་པར་མ་ཟད། ཤུལ་མན་ཁྲུས་ཁང་ནང་དུ་ཤི་ཡོད་པ་དང་རང་སྲོག་བཅད་ནས་ཤི་བ་ཡིན་ཤས་ཆེ། ཁོ་པས་རང་སྲོག་གཅོད་དོན་ཅི་ཡིན་རྩད་གཅོད་བྱེད་ཀྱི་འདུག་ཅེས་གྷ་ཛེ་ཊ་ཚགས་པར་ལ་གནས་ཚུལ་ཐོན། གོང་གི་ཨུ་རུ་སུའི་ཕྱུག་བདག་དེ་དག་གིས་དམག་འཁྲུག་ལ་ངོ་རྒོལ་དང་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་སྐྱོན་བརྗོད་བྱས་པའི་སྐད་ཆ་གོ་རྒྱུ་མེད་མོད། འོན་ཀྱང་ཕུ་ཊིན་ལ་ངོ་རྒོལ་བྱེད་མཁན་མང་དག་ཅིག་བཙོན་དུ་བཅུག་སྟེ་གར་སོང་ཆ་མེད་དུ་གྱུར། སྐབས་འགར་ཨུ་རུ་སུའི་གསང་ཉུལ་ཚོས་དུག་དྲངས་ནས་གསོད་ཀྱི་ཡོད་པའི་གནས་ཚུལ་མང་དག་ཅིག་ཐོན་ཡོད་པ་རེད།།

ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས། ཕྱི་ཟླ་༣་པའི་ཚེས་༡༢་ནས་ཨུ་རུ་སུའི་ཕྱུག་བདག་པཱོ་ཊ་ནིན་གྱིས་ཨུ་རུ་སུའི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གི་རྒྱུ་དངོས་རྣམས་བཙན་འཕྲོག་བྱེད་ཀྱི་ཡོད་པར་དགེ་མཚན་མེད། ཕུ་ཊིན་གྱིས་ང་ཚོ་༡༩༡༧་ལོའི་དུས་སྐབས་དེར་ལྟག་ལོག་རྒྱག་ཏུ་འཇུག་གི་འདུག ཨུ་རུ་སུའི་གཞུང་གིས་གོ་ལོག་ཆེན་པོ་ཞིག་རྩེད་ས་རེད། ང་ཚོས་གཟབ་ནན་དང་ཐབས་མཁས་བྱ་དགོས་ཞེས་ཕུ་ཊིན་ལ་འབོད་སྐུལ་ཞུས། ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པཱོ་ཊ་ནིན་གྱིས་དར་འཕྲིན་དྲྭ་ལམ་དུ་ཕུ་ཊིན་གྱིས་ང་ཚོ་ལོ་བརྒྱ་ལྷག་གི་ཡར་སྔོན་དུ་ཨུ་རུ་སུར་དམར་ཤོག་གི་གསར་བརྗེ་ལངས་པའི་དུས་སྐབས་དེར་འཁྲིད་ས་རེད། རྒྱལ་སྤྱིའི་མ་རྩ་འཛུགས་མཁན་རྣམས་ཨུ་རུ་སུར་ཡིད་ཆེས་བརླགས་ཏེ་ཆག་སྒོ་ཆེན་པོ་ཞིག་འབྱུང་ཉེན་ཆེ། ཨུ་རུ་སུར་ལོ་བཅུ་ཕྲག་མང་པོར་དཔལ་འབྱོར་ཉམས་རྒུད་འཕོག་གི་རེད་ཅེས་ནན་བརྗོད་བྱས་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་པའི་རྗེས་སུ་ཕུ་ཊིན་ནས་ཨུ་རུ་སུའི་མཁའ་ལམ་ལས་ཁུངས་ཁག་གིས་ཕྱི་རྒྱལ་གྱི་འགྲུལ་སྐྱེལ་གནམ་གྲུ་༤༠༠་ལྷག་གླས་ཡོད་པ་རྣམས་ཕྱིར་སློག་མ་བྱས་པར་བཙན་འཕྲོག་བྱས་པར་མ་ཟད། ཨུ་རུ་སུའི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གི་རྒྱུ་དངོས་རྣམས་གཞུང་བཞེས་གཏོང་རྒྱུ་ཁྲིམས་མཐུན་དུ་བསྒྱུར། དེར་བརྟེན་པཱོ་ཊ་ནིན་གྱིས་ང་ཚོས་ལོ་མང་རིང་ཕྱི་རྒྱལ་གྱི་མ་རྩ་ནང་འགུགས་བྱས་ནས་དཀའ་ལས་བརྒྱབ་པ་ཆུད་ཟོས་སུ་གཏོང་གི་འདུག ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་ཆེད་དུ་ཕྱི་ལ་སྒོ་མ་བརྒྱབ་ན་ལེགས་ཞེས་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་རྒྱག་གི་ཡོད་པར་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG