ངོ་འཕྲད་བདེ་བའི་དྲ་འབྲེལ།

ཟི་ལིང་གི་ཨ་རབ་ཀྱི་བཟོ་བཀོད་ལྡན་པའི་ཁ་ཆེའི་ལྷ་ཁང་རྣམས་གཏོར་བཤིག


༄༅།། བོད་ཀྱི་གནའ་མཁར་ཟི་ལིང་གྲོང་ཁྱེར་ནི་ཉིན་ལྟར་རྒྱ་བོད་ཧོར་གསུམ་དང་ཧུས་ཧུས། ཏུར་ཀི་བ་དང་ཟ་ལར་སོགས་མི་རིགས་སྣ་ཚོགས་ཤིག་འདུས་ནས་འཚོ་གནས་བྱ་ཡུལ་གྱི་ལྟེ་གནས་གཙོ་བོ་ཞིག་ཡིན་ཞིང་། ཕྱི་ཟླ་༡༠་པའི་ཚེས་༡་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གནའ་མཁར་ཟི་ལིང་གི་ཏུང་གྭན་ཁ་ཆེའི་ལྷ་ཁང་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ཁ་ཆེའི་ལྷ་ཁང་ཆེ་ཤོས་སུ་གྱུར། ད་ལྟ་ཞིན་ཅང་དང་མཚོ་སྔོན་ཞིང་ཆེན། རྒྱ་ནག་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཨ་རབ་ཀྱི་བཟོ་བཀོད་ལྡན་པའི་ཁ་ཆེའི་ལྷ་ཁང་བཞེངས་ཡོད་པ་རྣམས་གཏོར་བཤིག་བཏང་སྟེ་རྒྱ་ནག་གི་བཟོ་བཀོད་ལྡན་པའི་ཁ་ཆེའི་ལྷ་ཁང་རྣམས་བཞེང་རྒྱུ། རྒྱ་ནག་གཞུང་གིས་ལོ་ཤས་སྔོན་ནས་ཆོས་ལུགས་དང་ལྷ་ཁང་གི་བཟོ་བཀོད་རྣམས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ལས་འགུལ་སྤེལ་བ་ཤུགས་ཆེ་རུ་གཏོང་གི་འདུག དཔེར་ན་རྒྱ་ནག་གཞུང་གིས་ཟི་ལིང་གྲོང་ཁྱེར་གྱི་ཏུང་གྭན་ཁ་ཆེའི་ལྷ་ཁང་ཉམས་གསོ་བྱེད་ཀྱི་ཡོད་ཅེས་ཨ་རབ་ཀྱི་བཟོ་བཀོད་ལྡན་པའི་ཁ་ཆེའི་ལྷ་ཁང་དེའི་རྒྱ་ཕིབས་ཟླུམ་པོ་དང་གཡས་གཞོན་གྱི་ལྕོག་མཁར་རྩེ་རྣོན་རྣམས་བཤིག་གི་ཡོད་པར་ཧུས་ཧུས་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཉེ་བའི་ལོ་ཤས་སྔོན་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་ཁག་གི་ཁ་ཆེའི་ལྷ་ཁང་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་བ་དངོས་སུ་མཐོང་ཐོས་བྱུང་ཡང་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དུ་ཁ་ཆེའི་ལྷ་ཁང་གཏོར་བཤིག་གཏོང་གི་ཡོད་པ་མཐོང་ཐོས་དཀོན། ༢༠༢༡་ལོའི་ཕྱི་ཟླ་༧་པའི་ཚེས་༩་ཉིན་ཟི་ལིང་གྲོང་ཁྱེར་གཞུང་གིས་ཏུང་གྭན་ཁ་ཆེའི་ལྷ་ཁང་གི་མདུན་སྒོ་ཆེན་མོ་ཉམས་གསོ་བྱེད་དགོས་ཞེས་བཀོད་ཁྱབ་བཏང་བའི་ཡིག་ཆ་དེ་མི་མང་གིས་པར་བརྒྱབ་སྟེ་སི་ན་ཝེའི་པོ་དང་ཀྲི་ཧུ་སོགས་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་འགྲེམ་སྤེལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༢༨་ཉིན་ཨོ་གླིང་གི་ཁ་བརྡ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་ས་གནས་གཞན་ཁག་གི་ཁ་ཆེའི་ལྷ་ཁང་ཁག་ལ་ཨ་རབ་ཀྱི་བཟོ་བཀོད་ལྡན་པའི་བ་གམ་དང་མཁར་ལྕོག་བཞེངས་ཡོད་པ་རྣམས་བཤིག་སྟེ་རྒྱ་ནག་གི་བཟོ་བཀོད་ལྡན་པའི་རྒྱ་ཕིབས་དང་མཁར་ལྕོག་རྣམས་བཞེང་འགོ་ཚུགས་འདུག ཉུང་མཐར་ཡང་ཟི་ལིང་གྲོང་ཁྱེར་གྱི་ས་གནས་ཁག་བཅུའི་ཁ་ཆེའི་ལྷ་ཁང་ཁག་གི་ཨ་རབ་ཀྱི་བཟོ་བཀོད་ལྡན་པའི་ཆ་བྱད་རྣམས་མེད་པར་གཏོང་གི་འདུག་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་སྤེལ། ཟི་ལིང་གྲོང་ཁྱེར་གྱི་མི་འབོར་བརྒྱ་ཆ་༡༦་ཧུས་ཧུས་ཡིན་པ་དེ་དག་ལ་ཕོག་ཐུག་ཆེན་པོ་སོང་། ཕྱི་ཟླ་༧་པའི་ཚེས་༡༥་ཉིན་ཧུས་མོ་མགོ་རས་དཀྲིས་པ་ཞིག་གིས་རྒྱ་ལམ་ནང་དུ་ཕྱག་འཚལ་ཏེ་ངུད་མོ་བྱས་ནས་ཨ་རབ་ཀྱི་བཟོ་བཀོད་ལྡན་པའི་ཁ་ཆེའི་ལྷ་ཁང་ཁག་གི་རྒྱ་ཕིབས་དང་མཁར་ལྕོག་རྣམས་བཤིག་གི་ཡོད་པར་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན། ཧུས་མོ་གཅིག་པུ་དེའི་ངོ་རྒོལ་ལ་ཁ་ཆེ་ཚོས་རྒྱབ་སྐྱོར་བྱས་ནས་དྲྭ་ལམ་ཀུན་ཏུ་བརྒྱུད་སྤེལ། ཧུས་མོ་དེར་རྒྱབ་སྐྱོར་མཚོན་པའི་མུ་འབྲེལ་རི་མོ་བྲིས། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཏུང་གྭོན་ཁ་ཆེའི་ལྷ་ཁང་གི་བཟོ་བཀོད་དེ་རྒྱ་ནག་གི་བཟོ་བཀོད་ལ་སྒྱུར་གྱི་ཡོད་པ་ནི་སྐད་ཡིག་དང་རིག་གཞུང་། གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་རྣམས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་རྟགས་མཚན་རེད་ཅེས་བློ་འཚབ་ཀྱི་དཔྱད་བརྗོད་སྤེལ་འདུག རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་མི་དམངས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཅེས་ཁ་ཆེའི་ལྷ་ཁང་ཁག་ལ་གཏོར་བཤིག་བཏང་། རྒྱ་ནག་གི་ཀན་སུའུ་ཞིན་ཆེན་གྱི་ས་གནས་ཁག་ཏུ་གཞུང་གི་ཆོག་མཆན་མེད་པར་བཞེངས་པའི་ཁ་ཆེའི་ལྷ་ཁང་རྣམས་སྒོ་བརྒྱབ། རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་ཡིག་ཆ་ཞིག་ཏུ་ཁ་ཆེའི་ཆོས་ལུགས་ནི་དུག་རེད་ཅེས་བཀོད་ཡོད་པའི་གནས་ཚུལ་ཕྱི་ལ་ཁྱབ།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༠་ལོར་རྒྱ་ནག་གཞུང་གིས་ཉིང་ཤ་ས་ཁུལ་གྱི་དབྱིན་ཁྲོན་གྲོང་ཁྱེར་དུ་བཞེངས་ཡོད་པའི་ནན་གྭན་ཁ་ཆེའི་ལྷ་ཁང་གི་ཨ་རབ་ཀྱི་བཟོ་བཀོད་ལྡན་པའི་ཆ་བྱད་རྣམས་བཤིག ༢༠༡༨་ལོའི་ཕྱི་ཟླ་༦་པའི་ནང་དུ་ཀ་ཆུ་ཧུས་རིགས་རང་སྐྱོང་རྫོང་གི་ཁ་ཆེའི་ལྷ་ཁང་ཁག་གི་ཨ་རབ་ཀྱི་བཟོ་བཀོད་རྣམས་མེད་པར་བཏང་སྟེ་ཕྱག་འཚལ་ཆོས་འདོན་སྐབས་སུ་བརྡ་གཏོང་བར་རྒྱང་བསྒྲགས་བཙུགས་ཡོད་པ་རྣམས་ཀྱང་བཀོག ལོ་དེའི་ཕྱི་ཟླ་༡༢་པའི་ནང་དུ་ཡུན་ནན་ཞིང་ཆེན་དུ་ཁ་ཆེའི་ལྷ་ཁང་གསུམ་ཁྲིམས་འགལ་གྱིས་བཞེངས་འདུག་ཅེས་བཤིག ༢༠༡༩་ལོ་ནས་རྒྱ་ནག་གཞུང་གིས་ཧེ་ནན་ཞིང་ཆེན་ནས་ཧྲན་ཏུང་ཞིང་ཆེན་བར་གྱི་ཁ་ཆེའི་ལྷ་ཁང་ཁག་གི་ཨ་རབ་ཀྱི་བཟོ་བཀོད་རྣམས་གཏོར་བཤིག་བཏང་བ་དང་ཚོང་ཁང་ཁག་གི་སྒོ་བྱང་ལ་ཨ་རབ་ཀྱི་ཡི་གེ་བྲིས་ཡོད་པ་རྣམས་བསུབས། ༢༠༡༨་ལོར་མཚོ་སྔོན་ཞིང་ཆེན་གྱི་ཝེ་ཀྲུག་གྲོང་རྡལ་གྱི་ཁ་ཆེའི་ལྷ་ཁང་ཆེན་མོ་བཤིག་རྒྱུའི་གྲོས་གཞི་བཏོན་པར་ས་གནས་ཀྱི་ཁ་ཆེའི་ཆོས་ལུགས་པ་ཚོས་ངོ་རྒོལ་བྱུང་། མཐར་ཁ་ཆེའི་ལྷ་ཁང་དེ་བཤིག་མ་དགོས་ཀྱང་ཨ་རབ་ཀྱི་བཟོ་བཀོད་ལྡན་པའི་ཆ་བྱད་རྣམས་མེད་པར་བཏང་སྟེ་རྒྱ་ནག་གི་བཟོ་བཀོད་ལྡན་པའི་གྱོ་ཐོག་ཅན་གྱི་རྒྱ་ཕིབས་བཞེངས། རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་ཁག་གི་མདུན་སྒོ་དང་རྒྱ་ཕིབས། མཁར་ལྕོག་སོགས་ལ་འགྱུར་བ་གཏོང་གི་ཡོད་པར་མི་མང་གིས་ངོ་རྒོལ་བྱས་པ་དང་མི་འདོད་པའི་རྣམ་འགྱུར་བསྟན་ནས་འགོག་ཐུབ་ཀྱི་མེད་ཀྱང་རྒྱ་ནག་གཞུང་གིས་ཆོས་ལུགས་དང་རིག་གཞུང་ཡོད་དོ་ཅོག་རྒྱ་ནག་ཅན་དུ་སྒྱུར་གྱི་ཡོད་པ་དེས་གྲངས་ཉུང་མི་རིགས་རྣམས་ཕོག་ཐུག་ཆེན་པོ་གཏོང་གི་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་གནས་ཚུལ་སྤེལ་འདུག

ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གི་བགྲོ་གླེང་ལས་རིམ་ལ་ཨ་ལི་ཞེས་པའི་ཟི་ལིང་གི་ཁ་ཆེ་ཞིག་གིས་པེ་ཅིང་གི་དབང་འཛིན་པ་ཚོས་ང་ཚོའི་ཁ་ཆེའི་ལྷ་ཁང་རྣམས་རྒྱ་ནག་གི་རྣམ་པར་བསྒྱུར་ཏེ་གནམ་བདེ་སྒོ་མོ་ཆེ་ལྟ་བུ་ཞིག་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད། ངས་བལྟས་ན་ཏུང་གྭན་ཁ་ཆེའི་ལྷ་ཁང་ལ་ཨ་རབ་ཀྱི་བཟོ་བཀོད་ལྡན་ན་ཡག་པོ་འདུག ཡིན་ནའང་ང་ཚོར་བྱ་ཐབས་ཅི་ཞིག་ཡོད། ང་ཚོའི་ཨ་ཁུན་ཚོ་དང་ལྷ་ཁང་གི་འགན་འཛིན་ཚོ་བཀག་ཉར་བྱས་ནས་བཙན་གྱིས་ལྷ་ཁང་གི་མདུན་སྒོའི་རྒྱ་ཕིབས་དང་མཐའ་འཁོར་གྱི་མཁར་ལྕོག་རྣམས་བཤིག་དགོས་ཞེས་འཁོད་པའི་ཡིག་ཆར་མིང་རྟགས་འགོད་དགོས་བྱུང་བ་དང་གདམ་ཀ་མེད་པར་གྱུར་པ་རེད་ཅེས་བཤད། ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགོད་པ་ཨེ་མཱི་ལི་ཧྥེང་གིས་རྒྱ་ནག་གཞུང་གིས་སོ་ཌི་ཨ་རེ་བྷི་ཡ་དང་ཨ་རབ་ཀྱི་རིག་གཞུང་གི་ཤུགས་རྐྱེན་འགོག་ཐབས་བྱེད་ཀྱི་ཡོད་ཅེས་འགྲེལ་བཤད་བརྒྱབ་ཚེ། རྒྱ་ནག་ཕྱི་ནང་གཉིས་སུ་དེ་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཕོད་མཁན་མི་འདུག་ཅེས་བཀྲལ། ཕཱོ་མོ་ན་མཐོ་སློབ་ཀྱི་རྒྱ་ནག་གི་ཁ་ཆེའི་ཆོས་ལུགས་ཉམས་ཞིབ་པ་སློབ་དཔོན་གྷ་ལ་ཌི་ནེ་ཞེས་པ་ཞིག་གིས་ཁ་ཆེ་ཚོ་དུས་རབས་མང་པོར་རྒྱ་མི་རིགས་ལ་འདྲེས་ནས་རྒྱ་ནག་གི་རིག་གཞུང་ནང་དུ་ཐིམ་པ་རེད། ཁོ་ཚོའི་ཁ་ཆེའི་བཀའ་དེབ་ཀྱང་རྒྱ་ནག་གི་ཁུང་ཙིའི་ལྟ་བ་དང་ཏའོ་ཆོས་ཀྱི་ལྟ་གྲུབ་ལ་མཐུན་པ་ཞིག་ཏུ་བསྒྱུར་དགོས་བྱུང་བ་རེད། གཤིན་པོ་དུར་འཇུག་བྱེད་པའི་སྐབས་སུ་སྤོས་སྒྲོན་གྱི་ཡོད་པ་ནི་ཁ་ཆེའི་ལུགས་སྲོལ་མིན་པར་རྒྱ་ནག་གི་ལུགས་སྲོལ་རྒྱ་ཁ་ཆེ་ཚོར་དར་པ་རེད། རྒྱ་ནག་གི་ཁ་ཆེའི་བུད་མེད་ཚོས་ཕྱག་འཚལ་ཁ་འདོན་བྱ་ཡུལ་ལྷ་ཁང་རྣམས་རྒྱ་ནག་གི་ལྷ་ཁང་ཁག་འདྲ་པོ་ཡོད་པ་ལས་ཨ་རབ་ཀྱི་ལྷ་ཁང་འདྲ་པོ་གཏན་ནས་ཡོད་པ་མ་རེད་ཅེས་བཤད།།

ཧྥ་རོ་སི་ཊི་བྷག་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སློབ་དཔོན་མ་ཧེ་ཡུན་ཞེས་པ་ནི་ཟི་ལིང་གྲོང་ཁྱེར་དུ་སྐྱེས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན་ཞིང་། ཁོང་གིས་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གི་བགྲོ་གླེང་ལས་རིམ་དེར་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་མི་རིགས་ཟེར་བ་དེའི་གོ་དོན་ཧ་ཅང་དོག་པོ་ཞིག་ལེན་གྱི་འདུག རྒྱ་མི་རིགས་ཡིན་ན་དམར་ཤོག་ཚོགས་པར་དགའ་ཞེན་བྱེད་དགོས་པ་དང་རྒྱ་སྐད་ཁོ་ན་བཤད་དགོས་པ། ཕྱི་རྒྱལ་གྱི་སྐད་ཡིག་དང་རིག་གནས་ཀྱི་ཤུགས་རྐྱེན་ཡོད་དོ་ཅོག་མེད་པར་གཏོང་དགོས་པའི་ལྟ་བ་གུ་དོག་ཅིག་འཛིན་གྱི་འདུག ད་ལྟ་རྒྱ་ནག་གཞུང་གིས་དབྱིན་ཡིག་ཀྱང་སློབ་མི་ཆོག་པ་དང་ནུབ་ཕྱོགས་ཀྱི་རིག་གཞུང་གི་ཤུགས་རྐྱེན་མེད་པར་གཏོང་དགོས་ཟེར་གྱི་འདུག རྒྱ་ནག་གི་དམར་ཤོག་འགོ་ཁྲིད་ཚོས་རིག་གཞུང་གི་ཁ་འཛིན་པ་ཞིག་གི་རྣམ་འགྱུར་བསྟན་ནས་རྒྱ་ནག་ལ་དབང་སྒྱུར་བྱ་ཐབས་བྱེད་ཀྱི་འདུག་ཅེས་བཤད། སློབ་དཔོན་མ་ཧེ་ཡུན་དང་གསར་འགོད་ཨེ་མཱི་ལི་ཧྥེང་གཉིས་ཀས་སྔ་ལོ་རྒྱ་ནག་གཞུང་གིས་ནང་སོག་ལ་སོག་སྐད་དང་སོག་ཡིག་སློབ་མི་ཆོག་པའི་བཙན་ཁྲིམས་ལག་ལེན་བསྟར། དེར་བརྟེན་སོག་པོ་སྟོང་ཕྲག་མང་པོས་རྒྱ་གཞུང་གི་སྐད་ཡིག་བཀག་སྡོམ་སྲིད་ཇུས་དེར་ངོ་རྒོལ་བྱས་པ་རེད། དེ་བཞིན་ཞིན་ཅང་ལའང་ཡུ་གུར་སྐད་སློབ་ཁྲིད་བྱེད་མི་ཆོག་པའི་བཙན་ཁྲིམས་ལག་ལེན་བསྟར་གྱི་ཡོད་པ་རེད་ཅེས་བགྲོ་གླེང་བྱས་འདུག རྒྱ་ནག་གཞུང་གིས་ཞིན་ཅང་དང་ནང་སོག་ལ་མི་རིགས་རང་གི་སྐད་ཡིག་སློབ་ཁྲིད་བྱེད་མི་ཆོག་པའི་བཀག་སྡོམ་དང་རྒྱ་ནག་གི་ཧུས་ཧུས་ཚོའི་ཁ་ཆེའི་རིག་གཞུང་རྒྱ་ནག་ཅན་དུ་སྒྱུར་གྱི་ཡོད་པ་གཅིག་པུ་མིན་པར་བོད་ས་ཁག་ཏུའང་བོད་ཡིག་བོད་སྐད་སློབ་ཁྲིད་བྱེད་མི་ཆོག་པ། བོད་ལ་རྒྱ་གར་ནས་ལོ་སྟོང་ཕྲག་གི་སྔོན་དུ་དར་བའི་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་ནང་དོན་རིག་གཞུང་ཡང་རྒྱ་ནག་ཅན་དུ་བཙན་སྒྱུར་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རེད།།

XS
SM
MD
LG