ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྲིད་སྐྱོང་གིས་སུད་ཚོང་བ་ཚོར་བོད་དོན་དྲིལ་བསྒྲགས་བྱ་དགོས་པའི་ནན་སྐུལ།


༄༅།། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོའི་མཛད་སྒོ་ཕྱི་ཟླ་༤་པའི་ཚེས་༡༨་ཉིན་བཞུགས་སྒར་རྡ་རམ་ས་ལར་ཚོགས་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་དམིགས་གསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དང་འཕྲོད་བསྟེན་དྲུང་ཆེ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ལྷན་ཚོགས་ཐོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་གར་གྱི་མངའ་སྡེ་ཁག་ཏུ་བོད་པ་ཚོར་ཁྲོམ་ས་མ་རག་པ་སོགས་ཀྱི་དཀའ་འཕྲད་ཀྱི་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱིས་དཀའ་ངལ་དེ་དག་སེལ་ཐབས་སུ་ལས་བྱེད་པ་གཉིས་ཀྱི་ས་མིག་བཏོན་ཡོད། བཙན་བྱོལ་བོད་མིའི་ཁྲོམ་ར་ཁག་ཏུ་རྒྱ་གར་ཡུལ་མི་མང་སླེབས་ཀྱི་ཡོད་པ་དེ་དག་ལ་འབྲེལ་བ་བྱ་དགོས། ཁྲོམ་སའི་ནང་དུ་བརྙན་འཕྲིན་བཙུགས་ཏེ་བོད་དོན་གྱི་གློག་བརྙན་བསྟན་ནས་གོ་རྟོགས་སྤེལ་ཐུབ་ན་ཡག་པོ་རེད་ཅེས་ནན་བསྐུལ་བྱས་འདུག

དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་བཙན་བྱོལ་བོད་མིའི་ཁྲོམ་ར་ཁག་ཏུ་ལོ་ལྟར་མེ་སྐྱོན་འབྱུང་གི་ཡོད་པས་ཚོང་པའི་མཐུན་ཚོགས་ཀྱིས་མ་འོངས་པར་དེ་ལྟར་མི་འབྱུང་བར་ཚོགས་མི་ཕན་ཚུན་གོ་སྡུར་གནང་སྟེ་ཐབས་ལམ་འཚོལ་དགོས་ཞེས་ལམ་སྟོན་གནང་ཡོད་པར་མ་ཟད། བོད་མི་མང་པོ་ཞིག་ནས་རྒྱག་གར་རྒྱལ་ཡོངས་སུ་ཚོང་ལས་གཉེར་གྱི་ཡོད་པར་བསྔགས་བརྗོད་ཞུས། ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོ་རང་ཁ་རང་གསོ་ཐུབ་པའི་རོགས་ཕན་བསྒྲུབ་དགོས། མ་འོངས་པར་འདི་ལས་ལྷག་པ་ཞིག་ཡོང་བའི་འབད་བརྩོན་བྱ་དགོས་ཞེས་བསྟན།།

རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་པ་སངས་ཀྱིས་འདས་པའི་ཟླ་བ་ཁ་ཤས་ནང་ཚོགས་པ་དེས་ཏོག་དབྱིབས་ནད་དུག་སྐབས་ཚོང་པ་ཁག་ཅིག་གི་དངུལ་སྒོར་བརླགས་པ་དང་ས་གནས་ཁག་ཅིག་ལ་རྩོད་རྙོག་བྱུང་བ། ཡང་ཁྲོ་སར་མེ་སྐྱོན་བྱུང་བ་ཚོར་རོགས་རམ་དང་དཀའ་ངལ་སེལ་བྱས་ཡོད་པ་སོགས་གསལ་བཀྲོལ། ད་རེས་སྐབས་ལྔ་པའི་ཉིན་གསུམ་རིང་གི་འགན་འཛིན་ལྷན་ཚོགས་ཐོག་ཏུ་མ་འོངས་པར་ཚོགས་པའི་དཔལ་འབྱོར་གནས་སྟངས་ཡར་རྒྱས་གཏང་ཕྱོགས་དང་སྒྲིག་གཞི་སོགས་ལ་གྲོས་སྡུར་བྱ་རྒྱུ་ཡིན་པ་སོགས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།།

གཞི་རྩའི་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པ་འདི་བཞིན་བཀའ་ཤག་སྐབས་བཅུ་གཉིས་ནས་དགོངས་པ་ཆེ་ཤས་ཀྱི་མཐུན་འགྱུར་རོགས་རམ་འོག་ས་གནས་སུད་ཚོང་ཚོགས་པ་ཁག་གིས་འགན་འཛིན་ཚོས་འགན་འཁུར་འོག་སྤྱི་ལོ་༢༠༠༦ལོར་བཙུགས་པ་ཞིག་ཡིན་པ་དང་། ཚོགས་པ་དེའི་ནང་རྒྱ་གར་གྱི་མངའ་སྡེ་༡༩ ཙམ་གྱི་ས་གནས་ཁག་༢༤༧ ནས་ཚོགས་པའི་སྒྲིག་ཁུངས་སུ་ཚོགས་མི་༣༧༠༠ལྷག་ཡོད་པ་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

XS
SM
MD
LG