ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷར་ཛིལ་གྱི་སྨན་ཁང་ཁག་གིས་ནད་པར་བལྟ་མི་ཐུབ་པའི་ཚད་དེར་བསླེབས་པ། 


༄༅།། དེང་སྐབས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་ཏེ་ཉི་མ་རེར་མི་ལ་འཆི་སྐྱོན་འཕོག་གི་ཡོད་པའི་གྲངས་འབོར་དེའི་བཞི་ཆའི་གཅིག་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ལ་འབྱུང་གི་ཡོད་ཅིང་། མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་གཟའ་འཁོར་གཅིག་གི་ཉིན་༧་ལ་བྷར་ཛིལ་གྱི་སྨན་ཁང་ཁག་ཏུ་ཉི་མ་རེར་ཆ་མཉམ་མི་༢༤༠༠་རེ་ནད་དུག་གིས་གྲོངས་ཀྱི་ཡོད་འདུག འཛམ་གླིང་གི་འཕྲོད་བསྟེན་མཁས་པ་༦་གིས་བདུན་ཕྲག་འདི་ནས་ཉི་མ་རེར་ཆ་མཉམ་བྷར་ཛིལ་གྱི་མི་༣༠༠༠་ཡས་མས་རེར་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་འཕོག་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་བསྟན། སྲིད་འཛིན་བྷོལ་སོ་ན་རོས་ཏོག་དབྱིབས་ནད་དུག་ནི་ཆམ་ནད་ཀྱི་རིགས་ཤིག་རེད་ཅེས་སྣང་ཆུང་བྱས་ནས་བྷར་ཛིལ་འཛམ་གླིང་གི་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེར་གྱུར། ད་ལྟ་འཕྲོད་བསྟེན་མཁས་པ་དང་སྨན་པ་ཚོ་ཁོ་ན་མ་ཡིན་པར་བྷར་ཛིལ་གྱི་གྲོང་ཁྱེར་སྤྱི་ཁྱབ་ཁག་དང་མངའ་སྡེ་སྤྱི་ཁྱབ་ཁག་གིས་འགྲོ་འོང་བཀག་སྡོམ་བྱ་རྒྱུ་གཡོལ་ཐབས་མེད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་འགོ་ཚུགས། སྔ་ལོ་ནས་བྷར་ཛིལ་གྱི་ས་གནས་ཁག་གི་འགོ་ཁྲིད་ཚོས་འགྲོ་འོང་བཀག་སྡོམ་ནན་པོ་ཞིག་མ་བྱས་པ་དེའི་སྒང་ལ་སྲིད་འཛིན་བྷལ་སོ་ན་རོས་འགྲོ་འོང་བཀག་སྡོམ་ལ་གཏོར་བརླག ཁོང་གིས་ད་དུང་ཡང་བྷར་ཛིལ་ལ་འགྲོ་འོང་བཀག་སྡོམ་བྱེད་མི་དགོས་པའི་ལངས་ཕྱོགས་བཟུང་སྟེ་རྒྱལ་ཁབ་དེའི་སྨན་ཁང་ཁག་གིས་ནད་པར་བལྟ་མི་ཐུབ་པ། ཡུན་རིང་མི་འགོར་པར་བྷར་ཛིལ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཨ་མི་རི་ཀ་ལས་ཀྱང་སྡུག་ཏུ་འགྲོ་རྒྱུའི་གནས་ཚུལ་ཐོན་འདུག

བྷར་ཛིལ་གྱི་སྲིད་འཛིན་བྷལ་སོ་ན་རོ།
བྷར་ཛིལ་གྱི་སྲིད་འཛིན་བྷལ་སོ་ན་རོ།

ཕྱི་ཟླ་༣་པའི་ཚེས་༢༥་ཁོ་ནར་བྷར་ཛིལ་རྒྱལ་ཡོངས་སུ་མི་འབུམ་གཅིག་ལ་ཏོག་དབྱིབས་ནད་དུག་འགོས། ནད་པ་མང་དག་ཅིག་སྨན་ཁང་ཁག་གིས་ལེན་ཐུབ་ཀྱི་མེད་པ་དང་ཨ་རིའི་ཌི་ཡུཀ་སློབ་ཆེན་གྱི་ཀླད་ཁམས་ཚན་རིག་སློབ་དཔོན་ཎི་ཁོ་ལེ་ལིས་བཤད་པ་ལྟར་ན། ལོ་འདིའི་ཕྱི་ཟླ་༧་པ་མི་འགྱངས་པར་བྷར་ཛིལ་ལ་ཏོག་དབྱིབས་ནད་དུག་འགོས་ཏེ་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་འབུམ་ལྔ་ཟིན་རྒྱུ་རེད། ༢༠༢༡་གི་ལོ་མཇུག་ཏུ་བྷར་ཛིལ་ལ་ཏོག་དབྱིབས་ནད་དུག་གི་འཆི་སྐྱོན་གྲངས་འབོར་ཨ་མི་རི་ཀ་ལས་མང་དུ་འགྲོ་ཉེན་འདུག ང་ཚོས་སྔོན་ཆད་ཚོད་དཔག་བྱས་པ་དེའི་གྲངས་ཚད་ལས་བརྒལ་སོང་། བྷར་ཛིལ་གྱི་སྤྱི་དམངས་འཕྲོད་བསྟེན་ལམ་ལུགས་དང་ནད་རིགས་སྔོན་འགོག་གི་སྨན་ཁབ་རྒྱག་སྟངས་ལ་འགྲན་ཟླ་མེད། ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་དྲགས་ཏེ་བྷར་ཛིལ་གྱི་སྨན་བཅོས་དང་འཕྲོད་བསྟེན་ལམ་ལུགས་ཀྱིས་སྣ་མ་བརྟན་པར་འཐོར་ཞིག་འགྲོ་རྒྱུའི་ཉེན་ཁ་འདུག་ཅེས་བཤད། བྷར་ཛིལ་གྱི་མངའ་སྡེ་ཁག་གི་སྨན་ཁང་ཕལ་མོ་ཆེར་ཛ་དྲག་གི་ནད་པ་གསར་པ་བསྙལ་ས་མེད་པ། སའོ་ཕཱོ་ལོ་སྨན་ཁང་ནི་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གི་སྨན་ཁང་ཆེ་ཤོས་ཡིན་རུང་སྨན་ཁང་གི་ཉལ་ས་ཚང་མ་ཁེངས་ཀྱང་ཉིན་ལྟར་ནད་པ་གསར་པ་འབྱོར་རྒྱུ་མཚམས་མི་ཆད། གྲོང་ཁྱེར་དེའི་སྨན་ཁང་ཁག་ལ་ནད་པ་ཚོར་རྒྱག་རྒྱུའི་འཚོ་རླུང་དང་དབུགས་སྣོན་འཕྲུལ་ཆས་འདང་ངེས་མེད་པ། བྷར་ཛིལ་གྱི་ནད་པ་མང་དག་ཅིག་སྨན་ཁང་ནང་དུ་བསྙལ་ས་མེད་པར་བར་ཤུར་ཁག་ཏུ་འདས་གྲོངས་སུ་འགྲོ་རྒྱུ་ཇེ་མང་དུ་ཕྱིན་འདུག

ལོ་ན་༣༣་ལ་སོན་པའི་སྨན་ཞབས་པ་སིལ་ཝྭེ་ར་ཞེས་པ་ཞིག་གིས་སྨན་ཁང་གི་བར་ཤུར་དུ་ནད་པ་ཚོ་གྲོངས་ན་དེ་ལ་སེམས་སྡུག་བྱས་ནས་འདུག་ཁོམ་སྐར་མ་གཉིས་ལས་མི་འདུག དེ་ནས་འཕྲལ་དུ་ནད་པ་གཞན་ཞིག་ལ་ལྟ་རྟོག་བྱེད་དགོས་ཀྱི་འདུག ངས་སྨན་ཞབས་པའི་ཆེད་ལས་བསྒྲུབས་ནས་ལོ་༨་ཕྱིན་པའི་རིང་དེར་ང་ལ་མཚན་གྱི་དུས་སུ་ལུས་སེམས་གཉིས་ཀར་ན་ཟུག་འདི་འདྲ་ཞིག་སྔོན་ཆད་ནམ་ཡང་ལྡང་མྱོང་མེད་ཅེས་མཉམ་འབྲེལ་གསར་ཁག་གི་གསར་འགོད་པར་བཤད་འདུག གཟའ་འཁོར་སྔོན་མར་བྷར་ཛིལ་གྱི་ཚན་རིག་དང་འཕྲུལ་རིག་ཉམས་ཞིབ་ཁང་གིས་རྒྱལ་ཡོངས་སུ་ཉིན་༡༤་ལ་འགྲོ་འོང་བཀག་སྡོམ་བྱ་དགོས། འགྲོ་འོང་བཀག་སྡོམ་བྱེད་ན་བྷར་ཛིལ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་བརྒྱ་ཆ་༤༠་སྔོན་འགོག་བྱེད་ཐུབ། རྒྱལ་ཁབ་དེའི་ས་གནས་ཁག་ཅིག་གིས་འགྲོ་འོང་བཀག་སྡོམ་ནན་པོ་བྱས་པར་གྲུབ་འབྲས་ཐོན་འདུག་ཅེས་གཞི་གྲངས་རྣམས་དཔང་རྟགས་སུ་བཀོད། བྷར་ཛིལ་གྱི་མངའ་སྡེ་དང་གྲོང་ཁྱེར་སྤྱི་ཁྱབ་ཚོས་རྒྱལ་ཡོངས་སུ་ནད་ཡམས་སྔོན་འགོག་གི་སྲིད་ཇུས་གཅིག་གྱུར་ཅིག་དགོས་ཀྱི་འདུག དབུས་གཞུང་ལ་འགྲོ་འོང་བཀག་སྡོམ་བྱ་རྒྱུའི་འདོད་པ་མེད་པས་མངའ་སྡེ་ཁག་དང་གྲོང་ཁྱེར་ཁག་གིས་རང་མཚམས་ཀྱིས་འགྲོ་འོང་བཀག་སྡོམ་བྱེད་དགོས། བྷར་ཛིལ་གྱི་མངའ་སྡེ་དང་གྲོང་ཁྱེར་ཁག་མཉམ་འབྲེལ་གྱིས་འགྲོ་འོང་བཀག་སྡོམ་གྱི་ཐབས་ཇུས་ཤིག་ལག་ལེན་བསྟར་དགོས་པའི་དུས་ལ་བསླེབས་འདུག་ཅེས་གྲོས་སྡུར་བྱས་པའི་གནས་ཚུལ་ཐོན། ཁ་སང་གཟའ་ཉི་མ་ནས་བྷར་ཛིལ་གྱི་ཨེ་སི་ཕི་རི་ཏོ་སན་ཏོ་མངའ་སྡེའི་དགོས་ངེས་མིན་པའི་ཚོང་ཁང་ཁག་སྒོ་རྒྱག་དགོས་ཞེས་བསྒྲགས། བྷར་ཛིལ་གྱི་གྲོང་ཁྱེར་ཆེ་ཁག་རིའོ་དང་སའོ་ཕཱོ་ལོ་གཉིས་ཀྱིས་ཀྱང་དགོས་ངེས་མིན་པའི་བྱེད་སྒོ་ཁག་མཚམས་འཇོག་བྱེད་དགོས་པའི་ཐག་གཅོད་བྱས་འདུག

སྲིད་འཛིན་བྷོལ་སོ་ན་རོའི་རྒྱབ་སྐྱོར་བས་རྔམ་སྟོན་ཁྲོམ་སྐོར་བྱས།
སྲིད་འཛིན་བྷོལ་སོ་ན་རོའི་རྒྱབ་སྐྱོར་བས་རྔམ་སྟོན་ཁྲོམ་སྐོར་བྱས།

སྲིད་འཛིན་བྷལ་སོ་ན་རོས་སྔར་བཞིན་མི་དམངས་ལས་ཀར་སོང་སྟེ་ཉིན་གླ་ལེན་ཆོག་པའི་ཐོབ་ཐང་ཡོད། འགྲོ་འོང་བཀག་སྡོམ་བྱེད་ཀྱི་ཡོད་པ་ནི་མི་དམངས་ལ་དྲང་བདེན་གྱི་ལམ་ནས་ཉིན་གླ་བླངས་ཏེ་ལས་ཀ་འཚོལ་ཆོག་པའི་ཐོབ་ཐང་ཡོད་པར་རྡོག་བརྫིས་གཏོང་གི་ཡོད་པ་ཞིག་རེད་ཅེས་ས་གནས་ཀྱི་འགོ་ཁྲིད་ཚོར་ངོ་རྒོལ་དང་སྐྱོན་བརྗོད། ཁོང་གིས་འགོ་ཁྲིད་ནས་བྷར་ཛིལ་རྒྱལ་ཁབ་ལ་འགྲོ་འོང་བཀག་སྡོམ་དང་ནད་དུག་སྔོན་འགོག་གི་ལས་ཐབས་ཁག་ལ་གཏོར་བརླག་བྱེད་ཀྱི་ཡོད་པ་སྟེ། རིའོ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཀྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་རྩེད་མོ་ལྟ་བུ་ཞིག་མ་རེད། གྲོང་ཁྱེར་སྤྱི་ཁྱབ་སུ་ལའང་མི་མང་ལ་ལས་ཀ་མེད་པར་གཏོང་འདོད་མེད། ང་ཚོས་མིག་ཕྱེ་ནས་ནད་ཡམས་ཁྱབ་གདལ་ཀྱི་ཛ་དྲག་ལ་བལྟ་དགོས། ཉི་མ་བཅུ་ལ་སྒོ་བརྒྱབ་ནས་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ནི་འོས་ཤིང་འཚམས་པ་ཞིག་རེད། མི་དམངས་རྣམས་ནད་ཡམས་ཀྱིས་འཆི་བཞིན་ཡོད་ཀྱང་རྒྱུན་ལྡན་གྱི་འཚོ་བའི་བྱེད་སྒོ་རྒྱུན་འཁྱོངས་བྱེད་ཚེ། མ་འོངས་པར་ཅི་ཞིག་འབྱུང་རྒྱུ་ཡིན་མིན་སུ་གཅིག་གིས་ཀྱང་བཤད་དཀའ། ནད་ཡམས་འདིར་ཚད་འཛིན་དང་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་རིགས་ཅི་ཙམ་འབྱུང་རྒྱུ་ཡིན་མིན་སུ་གཅིག་གིས་ཀྱང་མི་ཤེས་ཞེས་བཤད་མོད། འོན་ཀྱང་ཕྱི་ཉིན་དེར་སྲིད་འཛིན་བྷོལ་སོ་ན་རོའི་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོས་འཕྲེད་དར་ལྗང་མདོག་ཅན་དང་སེར་པོ་རྣམས་ཁྱེར་ནས་སྲང་ལམ་ཁག་ཏུ་ཁ་རས་མ་གྱོན་པར་ང་ཚོར་ལས་ཀ་འཚོལ་ཆོག་པའི་ཐོབ་ཐང་དགོས། རིའོ་གྲོང་ཁྱེར་དུ་ཉིན་༡༠་ལ་འགྲོ་འོང་བཀག་སྡོམ་བྱ་འཆར་ཡོད་པར་ངོ་རྒོལ་ཡོད་ཅེས་རྔམ་སྟོན་ཁྲོམ་སྐོར་བྱས་འདུག

གཟའ་ཟླ་བའི་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་པས་བྷར་ཛིལ་གཞུང་དམངས་གཉིས་ཀས་ནད་ཡམས་སྔོན་འགོག་ལ་གཟབ་ནན་བྱ་དགོས། ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་རྒྱུ་འདིར་རྒྱལ་ཁབ་ཁག་གི་མི་དམངས་ཀུན་གྱི་མཉམ་རོགས་བྱ་དགོས། བྷར་ཛིལ་གྱི་ནད་པའི་གྲངས་འབོར་དང་མི་ལ་འཆི་སྐྱོན་ཕོག་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་ནི་ཛ་དྲག་ཆེན་པོ་ཞིག་རེད། ཉེ་དུས་ཤིག་ནས་བྷར་ཛིལ་རྒྱལ་ཁབ་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་གདལ་སོང་སྟེ་རྒྱལ་ཁབ་གཞན་ལའང་ཁྱབ་ཀྱི་འདུག་ཅེས་བཤད། བདུན་ཕྲག་སྔོན་མར་བྷར་ཛིལ་གྱི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་མི་ཞིག་ལའང་འགོས་ཡོད་པའི་གནས་ཚུལ་ཐོན། ད་ལོའི་ཕྱི་ཟླ་དང་པོ་ནས་ཨ་མི་རི་ཀས་མི་དམངས་ལ་འགོག་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་བའི་རྗེས་སུ་ཨ་རི་རྒྱལ་ཡོངས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་འབྱུང་རྒྱུ་༡༠༠༠་གི་མན་ཆད་དུ་ལྷུང་། བྷར་ཛིལ་གཞུང་གིས་སྨན་ཐུན་གཅིག་ཅན་གྱི་འགོག་ཁབ་ཅིག་ལ་རེ་བ་བརྒྱབ་སྟེ་དབྱིན་ཇིའི་འགོག་ཁབ་དེ་སྔོན་ནས་མངགས་ཉོ་མ་བྱས་པར་ཡུན་རིང་སྒུག དུས་ཡུན་ཟླ་བ་མང་པོ་ནར་འགྱངས་བཏང་བའི་རྗེས་སུ་བྷར་ཛིལ་གཞུང་གིས་དབྱིན་ཇིའི་སྨན་ཁབ་དེ་ནང་འདྲེན་བྱས་ནས་མི་དམངས་ལ་རྒྱག་མགོ་བརྩམས། ད་སྔ་བྷར་ཛིལ་གཞུང་གིས་མི་དམངས་ལ་སྨན་ཐུན་གཉིས་ཀའི་འགོག་ཁབ་བརྒྱབ་ཟིན་པ་བརྒྱ་ཆ་གཉིས་མེད་ཅིང་། ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་གཞི་གྲངས་ལྟར་ན། ད་ལྟའི་བར་དུ་བྷར་ཛིལ་རྒྱལ་ཁབ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༡༢་དང་ཕྱེད་ཀ་ལྷག་དང་མི་འབུམ་༣་ལྷག་ལ་འཆི་སྐྱོན་བྱུང་འདུག

XS
SM
MD
LG