ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཤར་པ་སྤུན་གསུམ་འཛམ་གླིང་གི་གངས་རི་མཐོ་ཤོས་ཁག་ལ་འཛེག་འཆར། 


༄༅།། བལ་ཡུལ་གྱི་མངའ་ཁོངས་སུ་འདུས་པའི་ཤར་པ་རྣམས་ནི་འཛམ་གླིང་འདིར་ཇོ་མོ་གླང་མ་སོགས་གངས་རི་མཐོ་ཤོས་ཁག་གི་རྩེ་རུ་འཛེགས་པ་དང་རྒྱལ་སྤྱིའི་རི་འཛེག་པ་ཚོར་ལམ་ཁྲིད་སོགས་ཀྱི་འཇོན་ཐང་ལྡན་པར་སྐད་གྲགས་ཆགས་ཡོད་ཅིང་། ཉེ་ཆར་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཤར་པ་མིག་དམར་དང་ཤར་པ་ཟླ་བ་གཉིས་ཨེ་ཤི་ཡའི་གླིང་དུ་ཆགས་པའི་འཛམ་གླིང་གི་གངས་རི་མཐོ་ཤོས་བདུན་གྱི་སྟེང་དུ་འཛེགས་ཟིན། ད་ལྟ་ཁོ་ཚོའི་གཅུང་པོ་བཀྲ་ཤིས་ལྷག་པའང་ཕུ་བོ་གཉིས་ཀྱི་རྗེས་སུ་འབྲངས་ཏེ་འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེ། གོ་ལ་ཧྲིལ་པོའི་གླིང་ཆེན་བདུན་དུ་ཆགས་པའི་གངས་རི་མཐོ་ཤོས་གཞན་པ་བདུན་གྱི་སྟེང་དུ་འཛེག་རྒྱུའི་ཐག་གཅོད་བྱས་འདུག ཤར་པ་མིག་དམར་གྱིས་གསར་འགོད་པར་ང་ཚོ་སྤུན་མཆེད་ཚོ་འཛམ་གླིང་གི་གངས་རི་མཐོ་ཤོས་༡༤་ལ་འཛེག་གི་ཡོད་པ་དང་པོ་དེ་ཡིན། ང་ཚོ་འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེ་ཚུད་པའི་གླིང་ཆེན་བདུན་གྱི་རི་བོ་མཐོ་ཤོས་རྣམས་ལ་འཛེག་འཆར་ཡོད། འདི་ནི་རི་འཛེག་པའི་བྱུང་རབས་ནང་དུ་རླབས་ཆེན་གྱི་ལེའུ་ཞིག་རེད་ཅེས་བཤད་འདུག

ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་ཤར་པ་སྤུན་མཆེད་དེ་དག་བལ་ཡུལ་ནས་མཁའ་ལམ་བརྒྱུད་དེ་ཨན་ཊར་ཊི་ཁར་འབྱོར་ཏེ་ལྷོ་སྣེའི་ཝྭིན་སན་རི་བོ་དང་སི་ཀིང་རི་བོའི་སྟེང་དུ་འཛེག་རྒྱུ་མགོ་བརྩམས། མིག་དམར་ཤར་པས་ང་ཚོས་ལོ་གཅིག་གི་ནང་དུ་རི་འཛེག་གི་འཆར་གཞི་རྣམས་འགྲུབ་ཐུབ། ང་ཚོས་རང་ངོས་ནས་རི་འཛེག་གི་འགྲོ་གྲོན་བཏང་སྟེ་ཟིན་ཐོ་གསར་པ་ཞིག་འགོད་ཐབས་བྱེད་ཀྱི་ཡོད། ང་ཚོ་ཨེ་ཤི་ཡའི་གངས་རི་མཐོ་ཤོས་ཇོ་མོ་གླང་མ་སོགས་ཀྱི་རྩེ་མོར་འཛེགས་ཟིན། ད་ནས་འཛམ་གླིང་གི་ལྷོ་སྣེའི་ཝྭིན་སན་རི་བོའི་རྩེ་ལ་འཛེགས་པའི་རྗེས་སུ་ཁུལ་དེའི་རི་བོ་གཞན་པ་ལྔའི་སྟེང་དུ་འཛེག་རྒྱུ་ཡིན། དེ་ནས་ང་ཚོ་བྱང་སྣེའི་ཕྱོགས་སུ་བསྐྱོད་འཆར་ཡོད་ཅེས་བཀྲལ། ཤར་པ་སྤུན་མཆེད་དེ་དག་གིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུར་རི་བོ་བདུན་ལ་འཛེགས་རྒྱུའི་ལས་འགུལ་སྤེལ་བ་དེར་བལ་ཡུལ་གྱི་རི་འཛེག་པ་ཕལ་མོ་ཆེ་མཉམ་ཞུགས་བྱས་ཤིང་། ཅིའི་ཕྱིར་ཞེ་ན་རི་བོ་དེ་དག་བལ་ཡུལ་དང་རྒྱ་གར། པ་ཀི་སི་ཐན་སོགས་ལ་ཡོད་པ་དང་ཤར་པ་ཚོར་རི་འཛེག་གི་ཉམས་མྱོང་ཡོད་པ། ཤར་པ་ཚོའི་ནང་ཁུལ་དུའང་རི་འཛེག་གི་འགྲན་སྡུར་ཡོད་པ་བཅས་ཀྱི་ལས་གཞི་དེར་རི་འཛེག་པ་མང་ཆེ་བ་མཉམ་ཞུགས་བྱས་འདུག

ནེའུ་ཛི་ལན་ཌི་བ་ཨེ་ཌི་མུན་ཌི་ཧི་ལ་རི་དང་ཤར་པ་བསྟན་འཛིན་ནོར་རྒྱས་གཉིས
ནེའུ་ཛི་ལན་ཌི་བ་ཨེ་ཌི་མུན་ཌི་ཧི་ལ་རི་དང་ཤར་པ་བསྟན་འཛིན་ནོར་རྒྱས་གཉིས

༡༩༥༣་ལོའི་ཕྱི་ཟླ་༥་པའི་ཚེས་༢༩་ཉིན་ནེའུ་ཛི་ལན་ཌི་བ་ཨེ་ཌི་མུན་ཌི་ཧི་ལ་རི་དང་ཤར་པ་བསྟན་འཛིན་ནོར་རྒྱས་གཉིས་ཇོ་མོ་གླང་མའི་རྩེ་རུ་འཛེགས་ནས་བཟུང་། བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་པའི་ཤར་པ་རྣམས་གངས་རིར་འཛེག་རྒྱུ་དང་རི་འཛེག་པའི་ལམ་ཁྲིད་སོགས་ཀྱི་ཆེད་ལས་གསར་པ་ཞིག་གི་ལམ་སྲོལ་དར། དེང་སྐབས་ཡོངས་གྲགས་སུ་བལ་ཡུལ་གྱི་ཤར་པ་བསྟན་འཛིན་ནོར་རྒྱས་ཞེས་འབོད། འོན་ཀྱང་ཁོང་གི་སྐྱེས་ཡུལ་གང་ཡིན་ལ་བཤད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པ་སྟེ། མི་ཁག་ཅིག་གིས་ཤར་པ་བསྟན་འཛིན་ནོར་རྒྱས་བལ་ཡུལ་གྱི་ཀུམ་བུ་སྟེང་པོ་ཆེར་སྐྱེས་ནས་འཚར་ལོངས་བྱུང་བ་རེད་ཟེར། ༡༩༨༥་ལོར་རྒྱ་གར་སྤྱི་ཡོངས་རླུང་འཕྲིན་ཁང་གིས་ཤར་པ་བསྟན་འཛིན་ནོར་རྒྱས་ལ་བཅར་འདྲི་ཞུས་པའི་སྐབས་དེར་དོ་བདག་གིས་ངའི་ཕ་མ་གཉིས་བོད་ནས་ཡོང་བ་རེད། ང་ནི་བལ་ཡུལ་དུ་སྐྱེས་པ་རེད་ཅེས་ལན་བཏབ། ཕྱིས་སུ་བསྟན་འཛིན་ནོར་རྒྱས་ཀྱི་བུ་བྱམས་གླིང་བསྟན་འཛིན་ནོར་རྒྱས་སོགས་ཀྱིས་བྲིས་པའི་ཤར་པ་བསྟན་འཛིན་ནོར་རྒྱས་ཀྱི་ལོ་རྒྱུས་ནང་དུ་ཤར་པ་བསྟན་འཛིན་ནོར་རྒྱས་བོད་ཀྱི་རྩེ་ཆུ་མ་ལུང་དུ་སྐྱེས་ཤིང་། བསྟན་འཛིན་ནོར་རྒྱས་ཆུང་དུས་ནས་བལ་ཡུལ་གྱི་ཀུམ་བུའི་ཕྱོགས་ཀྱི་ཤར་པའི་ཁྱིམ་ཚང་ཞིག་ལ་སོང་སྟེ་འཚར་ལོངས་བྱུང་བ་རེད་ཅེས་བཀོད། གང་ལྟར་ཤར་པ་བསྟན་འཛིན་ནོར་རྒྱས་བལ་པོ་དང་རྒྱ་གར་བ། བོད་པ་སོགས་མི་རིགས་ཀྱི་འབྱུང་ཁུངས་གང་འདྲ་ཞིག་ཡིན་རུང་དམ་པ་དེས་ཤར་པ་ཚོར་བག་ཆགས་ཟབ་མོ་ཞིག་ཐེབས་ཡོད་པར་མ་ཟད། བལ་ཡུལ་གྱི་ཤར་པ་རྣམས་གཙོས་འཛམ་གླིང་གི་རི་འཛེག་པའི་བྱུང་རབས་ནང་དུ་ཤར་པ་བསྟན་འཛིན་ནོར་རྒྱས་ཀྱིས་གོ་གནས་མཐོན་པོ་ཞིག་ཟིན་ཡོད་པ་ནི་རྩོད་མེད་ཀྱི་དོན་དངོས་ཤིག་གོ།།

XS
SM
MD
LG