ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་༤༠་རོགས་སྐྱོར་སྤྲོད་རྒྱུའི་གྲོས་ཆོད།


༄༅།། ཨ་རིའི་གྲོས་ཚོགས་གོང་མས་ཡུཀ་རེན་ལ་ཨ་སྒོར་ཐེམ་འབུམ་༤༠་ཐམ་པའི་རོགས་སྐྱོར་སྤྲོད་རྒྱུའི་ཁྲིམས་ཡིག་དེར་མོས་མཐུན་གྱི་གྲོས་ཆོད་བཞག ཉིན་ཤས་གོང་དུ་ཨ་རིའི་གྲོས་ཚོགས་འོག་མས་ཁྲིམས་ཡིག་དེར་མོས་མཐུན་གྱི་འོས་ཤོག་འཕངས། ད་ལྟ་གྲོས་ཚོགས་གོང་འོག་གཉིས་ཀྱིས་མོས་མཐུན་བྱས་པའི་ཁྲིམས་ཡིག་དེར་སྲིད་འཛིན་བྷ་ཌན་གྱིས་མཚན་རྟགས་འགོད་དགོས་། སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་གོང་འོག་གཉིས་ཀར་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་༤༠་ཐམ་པའི་དམག་དོན་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྤྲོད་དགོས་ཞེས་གྲོས་གཞི་བཏོན། ཕྱི་ཟླ་༥་པའི་༢༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྲོས་ཚོགས་གོང་མའི་འཐུས་མི་༨༦་གིས་ཡུཀ་རེན་ལ་རོགས་སྐྱོར་སྤྲོད་རྒྱུའི་ཁྲིམས་ཡིག་དེར་མོས་མཐུན་གྱི་འོས་ཤོག་འཕངས། འཐུས་མི་༡༡་གིས་ཁྲིམས་ཡིག་དེར་རྒྱབ་སྐྱོར་མེད་པའི་འོས་ཤོག་འཕངས། ཁྲིམས་ཡིག་དེར་ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཡོད་དོ་ཅོག་དང་སྤྱི་མཐུན་ཚོགས་པའི་འཐུས་མི་མང་ཆེ་བས་རྒྱབ་སྐྱོར་གྱི་འོས་ཤོག་འཕངས། ཨ་མི་རི་ཀར་མངའ་སྡེ་༥༠་ཐམ་པ་ཡོད་པ་དེ་དག་ལ་ཆ་མཉམ་མངའ་སྡེ་རེར་འཐུས་མི་གཉིས་རེ་ཡོད་པ་བཅས་ཨ་རིའི་གྲོས་ཚོགས་གོང་མར་ཁྱོན་བསྡོམས་འཐུས་མི་༡༠༠་ཡོད་ཅིང་། སྲིད་འཛིན་བྷ་ཌན་གྱི་ལས་དོན་ཕལ་མོ་ཆེ་ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་ལྟར་འཐེན་འཁྱེར་བྱུང་ནས་རྒྱབ་སྐྱོར་ཐོབ་ཀྱི་མེད་ཀྱང་ཡུཀ་རེན་གྱི་རོགས་སྐྱོར་དེར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀ་རྒྱབ་སྐྱོར་ཡོད་པ་རྣམ་པ་གསལ་པོར་མཚོན། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་གོང་མས་ཡུཀ་རེན་ལ་དངུལ་སྒོར་རོགས་སྐྱོར་སྤྲོད་རྒྱུའི་གྲོས་ཆོད་བཞག་པ་ནི་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་དང་ཨུ་རུ་སུའི་བཙན་འཛུལ་ལ་ངོ་རྒོལ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་པ་མཚོན་ཐུབ་ཅེས་གནས་ཚུལ་ཐོན་འདུག

སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་ཡུཀ་རེན་ལ་རོགས་སྐྱོར་སྤྲོད་རྒྱུའི་མོས་མཐུན་བྱས་པར་རྗེས་སུ་ཡི་རང་ཞུ། གྲོས་ཚོགས་ཀྱི་ཐག་གཅོད་འདི་དཔའ་སྟོབས་ལྡན་པའི་ཡུཀ་རེན་མི་དམངས་ཀྱིས་དམངས་གཙོ་དང་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་སྐབས་འདིར་ཨ་མི་རི་ཀ་ཡུཀ་རེན་གྱི་ཕྱོགས་སུ་ལངས་ཡོད་པའི་བརྡ་ལན་གསལ་པོ་ཞིག་བཏང་བ་རེད་ཅེས་བསྔགས་བརྗོད་ཀྱི་འཕྲིན་ཐུང་ཞིག་སྤེལ། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨ་མི་རི་ཀ་བཀའ་དྲིན་ཆེ། འདི་ནི་ཨ་མི་རི་ཀས་འགོ་ཁྲིད་ནུས་ལྡན་ཞིག་བྱེད་ཀྱི་ཡོད་པ་དང་ཐུན་མོང་གི་རང་དབང་སྲུང་སྐྱོབ་ལ་མཁོ་ངེས་ཀྱི་ལེགས་སྐྱེས་ཕུལ་བའི་དན་རྟགས་རེད་ཅེས་བརྙན་ཐུང་ཞིག་བཀྲམ། སྲིད་འཛིན་ཟུར་པ་ཌོན་ནལ་ཊམ་གྱིས་ཨ་མི་རི་ཀའི་ཕྲུ་གུ་མར་འབྱར་ཚོར་འོ་མ་འཐུང་རྒྱུ་མེད་ཀྱང་བྷ་ཌན་གྱིས་ཡུཀ་རེན་ལ་དངུལ་སྒོར་གཏོར་གྱི་འདུག་ཅེས་སྐྱོན་བཙུགས། གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་གྲངས་མང་གི་འགོ་ཁྲིད་ཆཀ་ཤུ་མར་གྱིས་སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་མ་བྱས་པར་ཕུ་ཊིན་གྱི་ཕྱོགས་སུ་ལང་གི་འདུག་ཅེས་ཚོགས་གཏམ་བཏང་ཞིང་། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་མཱི་ཆི་མེ་ཁ་ནོལ་གྱིས་ཨུ་རུ་སུར་རྒྱལ་ཁ་ཐོབ་ཚེ། ཡུ་རོབ་དབུས་ཕྱོགས་ཀྱི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་མཐའ་མཚམས་སུ་ཨུ་རུ་སུའི་དགྲ་དམག་སླེབས་སྲིད་པའི་ཉེན་ཁ་ཆེ། ཨ་མི་རི་ཀས་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་དེ་བས་ཀྱང་འགྲོ་གྲོན་མང་བ་གཏོང་དགོས་ཐུག་སྲིད། རྒྱ་ནག་གིས་ཀྱང་ཨུ་རུ་སུར་མིག་དཔེ་བལྟས་ནས་ཨ་མི་རི་ཀར་ཉམས་ཚོད་ལེན་ཤས་ཆེ། ཨ་མི་རི་ཀས་བདག་དབང་དང་བརྟན་ལྷིང་སྲུང་སྐྱོབ། འགོག་རྒོལ་བཅས་ལ་འགྲོ་གྲོན་མ་བཏང་ན་ཕུགས་སུ་དཀའ་ངལ་འདི་ལས་ཆེ་བ་ཞིག་ལ་གདོང་ལེན་བྱ་དགོས་ཐུག་ངེས་རེད་ཅེས་བསྟན།།

དེ་རིང་གཟའ་པ་སངས་ཉིན་དམག་དོན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་ཡུཀ་རེན་ལ་རྒྱབ་སྐྱོར་གྱི་འགྲོ་གྲོན་ཆོག་མཆན་བཀོད་ཡོད་པས་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་ལ་མཚོན་ཆ་དང་མདེའུ། དམག་དོན་ཡོ་ཆས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་ཐུབ་པ་དང་རྒྱུན་འཁྱོངས་བྱེད་ཐུབ། ཡུཀ་རེན་གྱི་དམག་འཁྲུག་གི་དགོས་མཁོར་གཞིགས་ནས་མཚོན་ཆ་གསར་པའང་མཁོ་སྤྲོད་བྱེད་ཆོག་ཅེས་གསལ་བསྒྲགས་སྤེལ། ཨ་སྒོར་ཐེར་འབུམ་༢༠་ཐམ་པ་དུས་ཟླ་གསུམ་འགྲོ་བཞིན་པའི་ཡུཀ་རེན་གྱི་དམག་ས་ཁག་དང་ཡུ་རོབ་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་ཨ་རིའི་དམག་དཔུང་བཀྲམ་ནས་ཨུ་རུ་སུའི་བཙན་འཛུལ་འབྱུང་སྲིད་པ་འགོག་གི་ཡོད་པ་དེར་འགྲོ་གྲོན་གཏོང་རྒྱུ། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་མ་རི་ཨུ་པུལ་གྲོང་ཁྱེར་བླངས་པའི་རྗེས་སུ་ཤར་ཕྱོགས་ཀྱི་ཌོན་བྷ་སི་མངའ་ཁུལ་དུ་ཡུཀ་རེན་ལ་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན། གྲོས་ཚོགས་གོང་མའི་གྲོས་ཆོད་བཞག་ནས་ཅང་མ་འགོར་པར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་རོགས་དངུལ་སྔོན་མའི་ལྷག་འཕྲོ་ཨ་སྒོར་དུང་ཕྱུར་༡་ལྷག་ཡོད་པ་དེའི་རིན་འབབ་ཀྱི་མེ་སྒྱོགས་༡༨་དང་མེ་སྒྱོགས་དེ་དག་སྐྱེལ་འདྲེན་གྱི་རླངས་འཁོར་༡༨། ད་དུང་སྒྱོགས་མདེལ་རྟོག་བཤེར་གྱི་རེ་ཌར་འཕྲུལ་ཆས་གསུམ་དང་མཁོ་ངེས་ཀྱི་ལྷུ་ལག་རྣམས་འཕྲལ་དུ་ཡུཀ་རེན་ལ་གཏོང་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཨ་མི་རི་ཀས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༤༠་ཡས་མས་ཤིག་གི་མཚོན་ཆ་རོགས་རམ་སྤྲད། གཟའ་ཕུར་བུའི་རོགས་དངུལ་བསྡོམས་ན་ཨ་མི་རི་ཀས་ཡུཀ་རེན་གྱི་དམག་འཁྲུག་འདིར་ཨ་སྒོར་ཐེར་འབུམ་༥༣་སྤྲད་འདུག

གཟའ་པ་སངས་ཉིན་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་དམག་མི་༩༠༠་ཐམ་པ་ཌོན་བྷ་སི་མངའ་ཁུལ་གྱི་ཌོ་ནེ་ཛིཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཐོག་ཏུ་བཙོན་འཇུག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་དམག་མཐར་སྐྲོད་བཏང་ནས་ས་གནས་མང་དག་ཅིག་ཕྱིར་ལེན། ཡུཀ་རེན་གྱི་ས་གནས་ཁག་ཅིག་རྒྱུན་ལྡན་དུ་འགྱུར་གྱི་ཡོད་ཀྱང་དམག་འཁྲུག་འདི་ཡུན་རིང་མི་འགོར་བར་དམག་ཐག་ཆོད་ཐུབ་རྒྱུའི་རྟགས་མཚན་བྲལ། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པས་ལོ་འདིའི་སྟོན་ཁར་ཡང་དམག་འཁྲུག་མཇུག་བསྒྲིལ་ཐུབ་རྒྱུ་ཁག་པོ་རེད། ད་དུང་ཡང་ཡུཀ་རེན་ལ་ཉི་མ་༩༠་ཐམ་པར་དམག་ཁྲིམས་བསྡམས་ནས་དོགས་ཟོན་བྱ་དགོས་ཀྱི་འདུག་ཅེས་བཀྲལ། ཕྱི་ཟླ་༥་པའི་ཚེས་༡༨་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུས་འཕུར་མདེལ་བརྒྱབ་ནས་ཨ་རིའི་མེ་སྒྱོགས་རྣམས་རྩ་གཏོང་བཏང་བ་ཡིན་ཞེས་ཤིང་ནགས་ཁྲོད་དུ་འཕུར་མདེལ་འཕངས། མེ་སྒྱོགས་མང་དག་ཅིག་གཏོར་བཏང་སྟེ་དུ་བ་འཕྱུར་གྱི་ཡོད་པའི་བརྙན་པར་བསྟན་རུང་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱིས་མེ་སྒྱོགས་དེ་རྣམས་ཨ་མི་རི་ཀས་ཡུཀ་རེན་ལ་སྤྲད་པའི་མེ་སྒྱུགས་རྣམས་ཡིན་མིན་ངེས་གཏན་བྱེད་དཀའ། དེ་བཞིན་ཨུ་རུ་སུའི་གཞུང་གིས་ཕྱི་ཟླ་༥་པའི་ཚེས་༡༦་ནས་ཁྱོན་བསྡོམས་ཡུཀ་རེན་གྱི་དྲག་སྤྱོད་པ་༩༥༩་ཡིས་མགོ་སྒུར་སོང་། ཁོ་ཚོས་གྲས་སུ་མི་༥༡་ལ་རྨས་སྐྱོན་ཕོག་ཡོད་པ་དེ་རྣམས་སྨན་ཁང་དུ་འཁྱེར་ནས་སྨན་བཅོས་བྱེད་ཀྱི་ཡོད། ཡུཀ་རེན་གྱི་བཀོད་འདོམས་ཁང་གཉིས་དང་དམག་སྒར་འགའ། ཡུཀ་རེན་གྱི་དམག་དཔུང་དང་མཚོན་ཆ་འགྲེམ་འཇོག་བྱ་ཡུལ་༣༡་ལ་གཏོར་རྒོལ་བྱས་པ་ཡིན། ཡུཀ་རེན་གྱི་གནམ་གྲུ་དང་འཕུར་མདེལ་འགོག་སྲུང་མཚོན་ཆ། མདེའུ་འཇོག་ཡུལ་གོ་མཛོད་ཁག་ཀྱང་གཏོར་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་གྲམ་དམར་པོས་ཡུཀ་རེན་གྱི་ཨ་ཛོབ་སི་ཊལ་དྭངས་ལྕགས་བཟོ་གྲྭའི་དམག་མི་བརྒྱ་ཕྲག་འགའ་ཞིག་ཨུ་རུ་སུའི་བཟུང་དམག་ཏུ་གྱུར་པ་ཐོ་འགོད་བྱས་ཤིང་། ཨུ་རུ་སུའི་གཞུང་གིས་དྭངས་ལྕགས་བཟོ་གྲྭ་དེའི་ཡུཀ་རེན་གྱི་དམག་མི་༡༧༣༠་ཐམ་པས་མགོ་སྒུར་སོང་ཞེས་བཤད། རྒྱལ་སྤྱིའི་རྒྱ་གྲམ་དམར་པོས་ཇཱི་ཎི་ཝའི་གྲོས་མཐུན་ལྟར་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་བཟུང་དམག་ལ་རྡུང་རྡེག་དང་མནར་གཅོད། ཀླ་ཀློའི་སྤྱོད་ཚུལ་ལྟར་གདུག་རྩུབ་གཏོང་མི་ཆོག་ཅེས་བཟུང་དམག་གི་ཐོབ་ཐང་སྲུང་སྐྱོབ་བྱེད་ཐུབ་རྒྱུའི་ཐབས་སུ་འབད། ཡུཀ་རེན་དང་ཨ་རི། ཡུ་རོབ་མཉམ་འབྲེལ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཡུཀ་རེན་གྱི་བཟུང་དམག་དེ་ཚོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་མཐུན་ལྟར་མནར་གཅོད་གཏོང་མི་ཆོག་པའི་ཐོབ་ཐང་ཡོད་པ་རྣམས་ཨུ་རུ་སུས་བརྩི་འཇོག་བྱ་རྒྱུ་ཡིན་མིན་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ཇཱི་ཎི་ཝའི་གྲོས་མཐུན་དེའི་དོན་ཚན་བཞི་པར་བཟུང་དམག་རྣམས་དམག་མི་དང་ཡུལ་དམག བཙན་འགོག་སྒྲིག་འཛུགས་ཀྱི་འཐབ་མོ་བ་རྣམས་ཡིན། ཁོ་ཚོ་འཐབ་འཁྲུག་གི་སྐབས་སུ་དགྲ་བོའི་བཙན་དབང་འོག་ཏུ་ཚུད་པ་རེད། དགྲ་ཕྱོགས་ཀྱི་བཙན་འཛུལ་བྱུང་ན་འཐབ་མོ་བ་མིན་པའི་མི་མང་དང་གསར་འགོད་པ། བཙན་འཛུལ་འོག་ཏུ་ཚུད་པའི་ས་གནས་དེའི་མང་ཚོགས་སོགས་ལ་བཙན་རྒོལ་བྱེད་ཆོག་པའི་ཐོབ་ཐང་ཡོད་ཅེས་འཁོད། དམག་འཁྲུག་དུས་སུ་བཟུང་དམག་ཏུ་གྱུར་པ་དེ་དག་ལ་མི་ཆོས་དང་མཐུན་པའི་ལྟ་སྐྱོང་བྱ་དགོས། ཁོ་ཚོ་གང་དུ་འགོག་ཉར་བྱེད་དགོས་པ་དང་ངལ་སེལ་གྱི་མཐུན་རྐྱེན་སྦྱོར་རྒྱུ། སྨན་བཅོས་དང་ཁྲིམས་ལུགས་ཀྱི་ཐོབ་ཐང་སྤྲོད་དགོས་ཞེས་བཀོད་ཡོད་པས་ཨུ་རུ་སུས་ལས་འགན་མང་དག་ཅིག་བསྒྲུབ་དགོས། ཡིན་ནའང་དམག་འཁྲུག་མཇུག་མ་བསྒྲིལ་བར་དུ་ཨུ་རུ་སུས་ཡུཀ་རེན་གྱི་བཟུང་དམག་རྣམས་རྒྱ་གྲམ་དམར་པོའི་ལས་སྣེ་སོགས་ལ་ཐུག་འཕྲད་བྱེད་དུ་འཇུག་རྒྱུ་མིན་པར་མ་ཟ། ཐ་ན་ཡུཀ་རེན་གྱི་བཟུང་དམག་རྣམས་ཨུ་རུ་སུར་བཙན་ཁྲིད་བྱས་ནས་གོ་ཐོར་མེད་པར་འགྱུར་བའམ། ཡང་ན་ནམ་ཡང་ཕྱིར་ལོག་བྱ་རྒྱུ་མེད་པ་ཞིག་ལ་འགྱུར་སྲིད་པའི་ཉེན་ཁ་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG