ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་གྲོས་ཚོགས་དང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཐོ་མ་སི། 


༄༅།། ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་དོན་ཚོགས་ཆུང་གི་ཚོགས་གཙོ་ཌིག་ཌར་བྷིན་གྱིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཁེ་ལེ་རན་སི་ཐོ་མ་སི་ཀུན་སྤྱོད་གཙང་མ་མེད་པའི་རྙིག་འཛིང་ཇེ་ཆེར་འགྲོ་བཞིན་པ་ནི་བློ་འཚབ་བྱ་དགོས་པའི་གནད་དོན་ཞིག་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཕྱི་ཟླ་༥་པའི་ཚེས་༧་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། འདས་པ་གཟའ་འཁོར་འགའ་ཞིག་ནས་ཨ་རིའི་ཚོང་པ་གྲགས་ཅན་ཧར་ལན་ཀོ་རོ་སྟེ། རྙིང་ཞེན་ཅན་གྱི་སྲིད་དོན་ལྟ་གྲུབ་སྲུང་སྐྱོབ་ལ་དངུལ་སྒོར་འགྲོ་གྲོན་གཏོང་མཁན་དང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཁེ་ལེ་རེན་སི་ཐོ་མ་སི་གཉིས་ཀྱི་འབྲེལ་བར་དོགས་པ་བྱ་དགོས་པ་ཞིག་ཏུ་གྱུར། ཨ་རིའི་ཚོང་པ་གྲགས་ཅན་ཀོ་རོས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཐོ་མ་སི་དང་ཆུང་མ་ཇཱི་ཎི་ཐོ་མ་སི་གཉིས་སྤྲོ་འཆམ་དུ་ཁྲིད། ཁོ་ཚོར་ཨ་སྒོར་ཁྲི་ཚོ་མང་པོའི་རིན་ཐང་གི་ལག་རྟགས་སྤྲད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༥་པའི་ཚེས་༥་ཉིན་ཝེ་ཎི་ཊི་ཧྥེར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༢་ལོར་རྙིང་ཞེན་པའི་ཁྲིམས་དོན་ལས་འགུལ་བ་ལེའོ་ཞེས་པ་ཞིག་གིས་སྤྱི་མཐུན་ཚོགས་པའི་བསམ་ཚུལ་འདྲི་ཞིབ་པ་ཁེ་ལི་ཡན་ཀོན་ཝེ་ལ་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཐོ་མ་སིའི་ཆུང་མ་ཇཱི་ཎི་ཐོ་མ་སི་ལ་ལམ་སྟོན་གྱི་གླ་ཡོན་ཨ་སྒོར་༢༥༠༠༠་སྤྲོད། ཁོ་མོར་གླ་ཡོན་སྤྲད་པ་རྣམས་རྩིས་ཁྲའི་ནང་དུ་མིང་མ་འཁོད་པ་བྱ་དགོས་ཞེས་མངགས། ༢༠༠༡་ལོར་ཁྲིམས་དཔོན་ཐོ་མ་སིར་ལོ་རེའི་གླ་ཕོགས་ཨ་སྒོར་༡༧༩༣༠༠་ཐམ་པ་ཡོད་པ་དང་ཁོང་གིས་གླ་ཕོགས་ཀྱིས་འདང་གི་མི་འདུག་ཅེས་འཁང་ར་བཤད། ༢༠༢༢་ལོར་ཁྲིམས་དཔོན་ཐོ་མ་སིའི་གླ་ཕོགས་ཨ་སྒོར་༢༧༤༢༠༠་ལ་འཕར། ཁོང་ལ་ཡོང་འབབ་ཨ་སྒོར་༨༠༠༠༠་ནས་༡༠༠༠༠༠་ཡས་མས་ཤིག་འཐོལ་པ་བྱུང་བ་དེའི་འབྱུང་ཁུངས་ཅི་ཡིན་གསལ་སྟོན་མ་ཐུབ། ཁྲིམས་དཔོན་ཐོ་མ་སི་ནི་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེས་རྙིང་ཞེན་ཅན་དང་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་པ། མི་རིགས་ནག་པོར་དམིགས་བསལ་གྱི་ཐོབ་ཐང་སྤྲོད་རྒྱུར་མི་འཐད་པ། ལྷག་པར་དུ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ནས་མངལ་དབྱུང་གི་ཐོབ་ཐང་ཕྱིར་བསྡུ་བྱས་པ་དེའི་ཐད་ནུས་པ་ཆེན་པོ་ཐོན་པའི་ཁྲིམས་དཔོན་ཞིག་ཡིན་པའི་གནས་ཚུལ་ཐོན་འདུག

ཨ་རིའི་ཁྲིམས་ལུགས་སུ་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཚོས་རང་གི་ལོ་རེའི་ཡོང་འབབ་རྣམས་ཕྱིར་བསྒྲགས་བྱ་དགོས་ཀྱང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཐོ་མ་སི་བཟའ་ཚོ་གཉིས་ཀྱིས་རང་ལ་ལག་རྟགས་རག་པ་དང་རྒྱས་སྤྲས་ཀྱི་སྤྲོ་འཆམ་ལ་ཁྲིད་པ་རྣམས་དཔྱ་ཁྲལ་གྱི་འགེངས་ཤོག་ནང་དུ་མ་བཀོད། ཁྲིམས་ཞིབ་པ་ཐོ་མ་སིས་ངས་ཚོང་པ་ཀོ་རོ་ལ་ཁྲིམས་དོན་གྱི་སློབ་སྟོན་བྱས་པ་ཡིན། ཁོ་པ་གྲོགས་པོ་ཉེ་པོ་ཞིག་ཡིན་པས་ལག་རྟགས་སྤྲད་པ་དང་སྤྲོ་འཚམ་ལ་ཁྲིད་པ་རྣམས་ཕྱིར་བསྒྲགས་བྱ་དགོས་དོན་མེད། ཧར་ལན་དང་ཁེ་ཐི་ཀོ་རོ་གཉིས་ནི་ང་ཚོའི་ལོ་༢༥་ལྷག་གི་སྙིང་རེའི་གྲོགས་པོ་ཡིན། གྲོགས་པོ་རྣམས་མཉམ་དུ་འགྲོ་སྲོལ་ཡོད་པ་ལྟར་ང་ཚོ་ཡང་ཀོ་རོ་ཚང་གི་མཉམ་དུ་སྤྲོ་འཆམ་ལ་ཕྱིན་པ་ཡིན། ངས་ཁྲིམས་ཁང་གི་ལས་རོགས་ཚོར་དྲིས་མྱོང་། ཁོ་ཚོས་སྒེར་གྱི་ཚོང་འབྲེལ་མེད་ན་ལག་རྟགས་རག་པ་དང་སྤྲོ་འཆམ་ལ་ཁྲིད་པ་རྣམས་ཕྱིར་བསྒྲགས་བྱ་མི་དགོས་པའི་ལམ་སྟོན་བྱས་བྱུང་ཞེས་བསྒྲགས། ཉམས་ཞིབ་པ་ཚོས་ཁྲིམས་དཔོན་ཐོ་མ་སི་ཀུན་སྤྱོད་གཙང་མ་མི་འདུག་ཅེས་རྩོད་པ་བརྒྱབ།།

ཨ་རིའི་གསར་འགོད་པ་ཚོས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཐོ་མ་སི་དང་ཚོང་པ་ཀོ་རོ་གཉིས་ཀྱི་འབྲེལ་བ་ཅི་ཡིན་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚོང་པ་ཀོ་རོས་ཁང་པ་ཞིག་ཉོས་ནས་ཁང་གླ་མ་བླངས་པར་ཁྲིམས་ཞིབ་པ་ཐོ་མ་སིའི་ཨ་མ་སྡོད་དུ་བཅུག་ཡོད་ཅིང་། ད་དུང་ཁྲིམས་དཔོན་ཐོ་མ་སིའི་ཚ་བོ་ཞིག་བཅའ་སྡོད་སློབ་གྲྭར་བཏང་སྟེ་ཀོ་རོ་ཚང་གིས་སློབ་ཡོན་སྤྲད་ཡོད་པ་རྣམས་རྩད་གཅོད་བྱུང་། ཁྲིམས་དཔོན་ཐོ་མ་སི་བཟའ་ཚོང་གཉིས་ལ་ཚོང་ལས་སོགས་མེད་ཀྱང་ཨ་སྒོར་ས་ཡ་མང་པོ་འགྲོ་གྲོན་གཏོང་རྒྱུ་ཡོད་པ་དང་ཀོ་རོ་ཚང་གི་སྒེར་གྱི་གནམ་གྲུ་དང་སྒེར་གྱི་སྤྲོ་གསེང་ས་ཁུལ་དུ་གུང་སེང་ལ་འཁྲིད་ཀྱི་ཡོད་པ་ནི་དོགས་པ་བྱེད་དགོས་པ་ཞིག་ཏུ་གྱུར། དེར་བརྟེན་ཨ་རིའི་གྲོས་ཚོགས་དང་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་ཚོས་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་པ་སོགས་ཀྱིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཐོ་མ་སིའི་ལས་དོན་སྒྲུབ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཀྱི་འདུག ཁོ་པ་དྲང་སྙོམས་སུ་གནས་ཐུབ་ཀྱི་མེད་པ་དང་རྙིང་ཞེན་ཅན་ཚོར་རྒྱབ་སྐྱོར་བྱས་ནས་ལས་དོན་ཐག་གཅོད་བྱེད་ཀྱི་ཡོད་སྲིད་ཅེས་དོགས་སློང་བྱས་འདུག

གཟའ་ཉི་མའི་ཉིན་གྲོས་ཚོགས་གོང་མའི་ཁྲིམས་དོན་ཚོགས་ཆུང་གི་ཚོགས་གཙོ་ཌིག་ཌར་བྷིན་གྱིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཐོ་མ་སི་དང་ཚོང་པ་ཀོ་རོ་ཚང་གཉིས་ཀྱི་འབྲེལ་བ་ནི་རྙོང་འཛིང་ཇེ་ཆེ་རེད། རྙོག་འཛིན་འདི་ཉིན་རེ་བཞིན་སྡུག་ཏུ་འགྲོ་བཞིན་འདུག ང་ཚོས་ཤེས་རྟོགས་མ་བྱུང་བ་ཅི་ཞིག་འཐོན་རྒྱུ་ཡོད་དམ། ངས་རྩོད་རྙོག་ཐམས་ཅད་གོ་ཚར་སོང་བསམས་ཡོད། ཡིན་ནའང་ཐོ་མ་སིའི་ཀུན་སྤྱོད་ལ་འབྲེལ་བ་ཡོད་པའི་གནད་དོན་ནི་ཇེ་མང་དང་ངོ་ཚ་དགོས་པ་ཞིག་རེད། ད་ནི་ངོ་ཚོ་དེ་ཆེས་མཐོའི་ཁྲིམས་ཁང་གི་ངོ་ཚ་ཞིག་ཡིན་མིན་དང་ཆེས་མཐོའི་སྤྱི་ཁྱབ་ཁྲིམས་ཞིབ་པ་ངོ་ཚ་དགོས་པ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ལ་ཐུག་ཡོད། ཆེས་མཐོའི་སྤྱི་ཁྱབ་ཁྲིམས་ཞིབ་པས་སང་ཞོགས་གནད་དོན་འདི་ཐག་གཅོད་བྱས་ཀྱང་དབང་ཚད་ཡོད་པ་རེད། ཁོང་གིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཚོའི་ཀུན་སྤྱོད་དག་ཐེར་དང་དབུས་གཞུང་གི་ཁྲིམས་ཁང་ཁག་གི་ཀུན་སྤྱོད་མ་ཉམས་པ་བྱ་དགོས། མ་འོངས་པར་ལོ་རྒྱུས་ཀྱིས་ཆེས་མཐོའི་སྤྱི་ཁྱབ་ཁྲིམས་ཞིབ་པ་ཇཱོན་རོ་བྷར་ཊི་སི་ལ་དཔྱད་སྡོམ་རྒྱག་གི་རེད་ཅེས་ནན་བརྗོད་བྱས་འདུག

སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཁྲིམས་དོན་ཉམས་ཞིབ་པ་བྷ་རོན་སི་ཊིན་གྱིས་གྲོས་ཚོགས་གོང་མའི་ཚོགས་གཙོ་ཌར་བྷིན་གྱིས་རང་གི་ལས་འགན་གཡོལ་ནས་ཆེས་མཐོའི་སྤྱི་ཁྱབ་ཁྲིམས་ཞིབ་པའི་སྟེང་དུ་འགེལ་གྱི་འདུག སྲིད་འཛིན་ཟུར་པ་འཇོར་ཇཱི་བྷུ་ཤིས་ངས་ཨི་རག་ལ་དམག་བརྒྱབ་པ་འགྲིགས་ཡོད་མེད་ནི་མ་འོངས་པར་ལོ་རྒྱུས་ཀྱིས་ཁ་གྲག་གི་རེད་ཅེས་བཤད་མྱོང་ཞིང་། དེ་བཞིན་སྲིད་འཛིན་ཟུར་པ་ཁེ་ལིན་ཊོན་གྱིས་ཀྱང་མ་འོངས་པར་སྲིད་འཛིན་སོགས་ཚུད་པའི་ང་ཚོ་མང་ཆེ་བ་ལོ་རྒྱུས་ནང་དུ་གསལ་མི་སྲིད། འགོ་ཁྲིད་ཚོས་ལས་དོན་སྒྲུབ་ཕྱོགས་འགྲིག་གི་ཡོད་མེད་ནི་ད་ལྟའི་མི་རབས་འདིས་ལྟ་རྟོག་བྱ་དགོས་ཞེས་བཤད་མྱོང་། གྲོས་ཚོགས་གོང་མའི་ཁྲིམས་དོན་ཚོགས་ཆུང་གི་ཚོགས་གཙོ་བྷིན་ད་ལྟའི་མི་ཐོག་གྲས་སུ་འདུས་ཞེས་སྐྱོན་བརྗོད་ཀྱི་རྩོམ་ཡིག་བྲིས། གྲོས་ཚོགས་གོང་མའི་ཁྲིམས་དོན་ཚོགས་ཆུང་གི་ཚོགས་གཙོ་ཌར་བྷིན་གྱིས་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་གྲོས་ཚོགས་སུ་འབོད་འགུགས་བྱས་ནས་ཉན་ཞིབ་ཚོགས་སྲིད་ཅེས་བཀྲལ།།

བདུན་ཕྲག་སྔོན་མར་གྲོས་ཚོགས་གོང་མའི་ཁྲིམས་དོན་ཚོགས་ཆུང་གིས་ཁྲིམས་ལུགས་སློབ་དཔོན་ཞིག་དང་ཁྲིམས་ལུགས་ལམ་སྟོན་པ་འགའ། ཁྲིམས་དཔོན་ཟུར་པ་གཉིས་བཅས་མཁས་པ་ཁག་ཅིག་གདན་འདྲེན་ཞུས། ཁོ་ཚོར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཚོའི་ཀུན་སྤྱོད་དག་ཐེར་བྱེད་པའི་ལས་འགན་དེ་གྲོས་ཚོགས་གོང་མའི་ཁྲིམས་དོན་ཚོགས་ཆུང་ལ་ཡོད་མེད་སྐད་ཆ་དྲིས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཚོའི་ཀུན་སྤྱོད་དང་ལས་དོན་སྒྲུབ་ཕྱོགས་ཕྱི་གསལ་ནང་གསལ་བྱ་དགོས་ཀྱི་འདུག་ཟེར། འོན་ཀྱང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཚོའི་ཀུན་སྤྱོད་ལ་གྲོས་ཚོགས་ཀྱིས་དག་ཐེར་བྱ་དགོས་པའི་ལངས་ཕྱོགས་བཟུང་ཡོད་པར་རྒྱབ་སྐྱོར་མ་བྱས། ཨ་རིའི་ཁྲིམས་ལུགས་སློབ་དཔོན་ཁག་ཀྱང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཐོ་མ་སི་བཟའ་ཚོ་གཉིས་ཀྱིས་ཁྲིམས་འགལ་བྱས་ཡོད་མེད་དང་ཀུན་སྤྱོད་དག་ཐེར་བྱ་དགོས་མིན་ཐད་བློ་ཁ་གཅིག་ཏུ་མི་མཐུན། མི་མང་གི་གྲས་སུ་ཆེས་མཐོའི་ཁྲིམས་ཁང་གི་ཀུན་སྤྱོད་བཅའ་ཁྲིམས་དགོད་བྲོ་བ་ཞིག་རེད་ཅེས་འཕྱ་སྨོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

དེང་སྐབས་ལོ་ན་༨༩་ལ་སོན་པའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཌ་ཡན་ཧྥ་དབྱིན་སི་ཐན་གྱིས་ནད་དགོངས་ཞུས་ནས་གྲོས་ཚོགས་སུ་བཞུགས་མེད་པར་མ་ཟད། ཌ་ཡན་ཧྥ་དབྱིན་སི་ཐན་མེད་པའི་སྟབས་ཀྱིས་གྲོས་ཚོགས་གོང་མའི་ཁྲིམས་དོན་ཚོགས་ཆུང་དུ་དམངས་གཙོ་ཚོགས་པར་འཐུས་མི་༡༠་དང་སྤྱི་མཐུན་ཚོགས་པར་འཐུས་མི་༡༠་བཅས་ཕྱོགས་གཉིས་ཀར་འཐུས་མི་མང་ཉུང་འདྲ་མཉམ་དུ་གྱུར་ནས་མང་མོས་ཐག་གཅོད་བྱེད་དཀའ། ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་རོ་བྷར་ཊི་སིས་མགྲིབ་ཚབ་པ་བརྒྱུད་ནས་གྲོས་ཚོགས་གོང་མའི་ཁྲིམས་དོན་ཚོགས་ཆུང་གི་ཚོགས་གཙོ་ཌར་བྷིན་ལ་ང་གྲོས་ཚོགས་སུ་འབོད་འགུགས་གནང་རུང་བཅར་ཐུབ་ས་མ་རེད་ཅེས་གུས་ཞབས་ཀྱི་སྒོ་ནས་ཞུ་རྒྱུ་ཡིན། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་གྲོས་ཚོགས་སུ་བཅར་ནས་ཉན་ཞིབ་འཚོགས་དགོས་པ་ནི་སྲིད་དབང་ཆ་བགོའི་ལམ་ལུགས་ལ་འགལ་གྱི་འདུག ཁྲིམས་ཁང་གི་རང་བཙན་གནས་བབ་རྒྱུན་འཁྱོངས་བྱ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་གྲོས་ཚོགས་སུ་བཅར་རྒྱུ་མིན་པའི་ལན་འདེབས་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG