བོད་མདོ་སྨད་བླ་བྲང་ཨ་མཆོག་གྲོང་བརྡལ་གྱི་གཞུང་ལམ་སྟེང་། ལོ་ན་༤༣ཡིན་པའི་ཨ་མཆོག་དགོན་པའི་དགེ་མདུན་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་གྱུར་ཡོད་པ་དང་། མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་ཡོད་ཀྱང་། ད་ལྟ་རྫོང་གི་ཉེན་རྟོག་པ་དང་དམག་མི་ཡོང་ནས་དགོན་པར་དམ་དྲག་ཆེན་པོ་ཡིས་དགོན་པའི་དགེ་མདུན་པ་རྣམས་བསྔོ་སྨོན་འཚོགས་བཞིན་པ་བཀག་འགོག་གིས། སྐུ་ཕུང་གང་མགྱོགས་ཞུགས་འབུལ་བྱ་དགོས་པའི་བཙན་དཀའ་གཏོང་བཞིན་པ་རེད། དེ་བཞིན་དགེ་མདུན་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཁ་ཆེམས་ཡི་གེ་ཞིག་བཞག་ཡོད་པ་དེའི་ནང་དུ། ཁོང་གིས་རང་ལུས་མེར་བསྲེགས་གཏོང་དོན་ནི་༧གོང་ས་མཆོག་རང་ཡུལ་དུ་ཕེབས་རྒྱུ་དང་པཎ་ཆེན་རིན་པོ་བཙོན་གྲོལ་ཐོབ་རྒྱུ། བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་ཡིན། བཔད་མི་ཚོ་ནང་ཁུལ་མཐུན་སྒྲིལ་བྱ་དགོས་པ་དང་ཝ་མོ་ལྟར་གཞན་གྱི་གཡོ་འོག་ལ་འགྲོ་མི་རུང་བ་སོགས་བྲིས་འདུག འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་བྱེད་ཡོད།