ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་གྱི་དམག་འཁྲུག་དང་གསང་བའི་གནས་ཚུལ་ཕྱིར་བསྒྲགས། 


༄༅།། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ཨ་མི་རི་ཀ་དང་དབྱིན་ཇིའི་གསང་བའི་ལས་ཁུངས་ཁག་གིས་སྔར་དང་མ་འདྲ་བར་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཅི་ཞིག་འབྱུང་གི་ཡོད་མེད། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་སུ་གྲོས་སྡུར་ཅི་ཞིག་བྱེད་ཀྱི་ཡོད་མེད། ཕུ་ཊིན་དང་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སོགས་ཀྱི་བར་དུ་འགལ་ཟླ་ཅི་ཞིག་ལངས་ཡོད་མེད། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་ལ་འཆི་རྨས་ཅི་ཙམ་འཕོག་གི་ཡོད་མེད་ཀྱི་གནས་ཚུལ་རྣམས་ཡོངས་གྲགས་སུ་ཕྱིར་བསྒྲགས་བྱ་རྒྱུ་མགོ་བརྩམས། ཕྱི་ཟླ་༤་པའི་ཚེས་༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་འདིར་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་བྱུས་ཉེས་ཆེན་པོ་འབྱུང་གི་ཡོད་ཀྱང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་སློབ་སྟོན་པ་ཚོས་དམག་འཁྲུག་དེ་ཐོག་མའི་འཆར་གཞི་ལྟར་འགྲུབ་ཀྱི་མི་འདུག་ཅེས་གནས་ཚུལ་བདེན་པ་བཤད་ཕོད་ཀྱི་མི་འདུག ཕུ་ཊིན་གྱིས་དམག་འཁྲུག་གི་གནས་སྟངས་ཆ་ཚང་ཞིག་ཤེས་ཀྱི་མི་འདུག་ཅེས་གནས་ཚུལ་སྤེལ། དེ་བཞིན་དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་འཇར་མཱི་ཧྥེ་ལེ་མཱིང་གིས་ཨུ་རུ་སུའི་དམག་མི་རྣམས་དཔའ་ཞུམ་སྟེ་གཉག་ཆག དམག་མི་ཁག་ཅིག་གིས་གོང་རིམ་གྱི་བཀོད་འདོམས་ལ་མ་མཉན་པར་བསམ་བཞིན་མཚོན་ཆ་དང་ལག་ཆ་རྣམས་བཅག་སྟེ་འཐབ་འཁྲུག་རྒྱག་གི་མི་འདུག་ཅེས་བསྒྲགས། ད་ལྟ་ཨ་དབྱིན་གཉིས་ཀྱི་སོ་པའི་ལས་ཁུངས་ཁག་གིས་གསང་བའི་གནས་ཚུལ་མང་དག་ཅིག་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པའི་མྱུར་ཚད་དང་མང་ཉུང་རྣམས་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་ཡོད་ཅིང་། ལོན་ཌོན་སློབ་གྲྭ་ཆེན་མོའི་ཨུ་རུ་སུ་ཉམས་ཞིབ་མཁས་པ་གྷ་ལི་འོ་ཐིས་ང་ཚོ་ཆབ་སྲིད་ཀྱི་གནས་སྟངས་དང་རྒྱལ་སྤྱིའི་ཐོག་ཏུ་དུས་རབས་མ་འདྲ་བ་ཞིག་ཏུ་འཚོ་གནས་བྱེད་བཞིན་པ་མཚོན་ཐུབ། ཡུཀ་རེན་གྱི་དམག་འཁྲུག་ནི་གསང་བ་ལྐོག་གྱུར་མེད་པར་ཕ་རོལ་པོའི་འཐབ་ཇུས་རྣམས་སྔོན་ནས་ཕྱིར་བསྒྲགས་བྱུང་སྟེ་དམག་འཁྲུག་གཞན་དང་མ་འདྲ་བ་ཞིག་ཏུ་གྱུར་སོང་ཞེས་བཀྲལ།།

དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས་ཡུཀ་རེན་དམག་འཁྲུག་གི་གནས་ཚུལ་ཕྱིར་བསྒྲགས་བྱས་པ།
དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས་ཡུཀ་རེན་དམག་འཁྲུག་གི་གནས་ཚུལ་ཕྱིར་བསྒྲགས་བྱས་པ།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་དབྱིན་ཇིའི་གཞུང་གིས་ཉིན་ལྟར་གསར་འགོད་པ་ཚོར་གསང་བའི་གནས་ཚུལ་ཕྱིར་བསྒྲགས་དང་ཊོས་ཊོར་དྲྭ་ལམ་དུ་འཕྲིན་ཐུང་སྤེལ་དུ་འཇུག་གི་ཡོད་པར་དམིགས་ཡུལ་འགའ་ཞིག་འདུག ཕྱོགས་གཅིག་ནས་ཕུ་ཊིན་ལ་ང་ཚོས་ཨུ་རུ་སུར་བལྟས་བསྡད་ཅེས་བརྡ་ཞིག་གཏོང་ཐུབ་པ་དང་གཤམ་འོག་གི་སློབ་སྟོན་པ་ཚོས་ཕུ་ཊིན་ལ་ཅི་ཞིག་སྙན་སེང་ཞུས་པ་རྣམས་བདེན་པ་ཡིན་མིན་དོགས་སློང་བྱ་རྒྱུ། ཨུ་རུ་སུའི་དམག་དཔུང་གིས་ཕུ་ཊིན་ལ་གནས་ཚུལ་ངོ་མ་དེ་བཤད་ཕོད་པའི་སྙིང་སྟོབས་སྤར་རྒྱུ། ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པ་ཨུ་རུ་སུའི་མི་དམངས་ལ་སྦས་གསང་བྱེད་ཡོད་པ་ཤེས་རྟོགས་ཐུབ་ཏུ་འཇུག་ཐབས་ཤིག་རེད་ཅེས་བཤད། ཨུ་རུ་སུའི་དམག་འཁྲུག་གི་གསང་བའི་འཆར་གཞི་རྣམས་སྔོན་ནས་ཕྱིར་བསྒྲགས་བྱུང་ན་འཐབ་འཁྲུག་གི་དུས་སུ་ལག་ལེན་བསྟར་མི་ཐུབ་པར་གཏོང་རྒྱུ། དཔེར་ན་ཉེ་ཆར་ཨ་རི་དང་དབྱིན་ཇིའི་གསང་བའི་ལས་ཁུངས་ཁག་གིས་འཛམ་གླིང་ཡོངས་ལ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་རྫས་འགྱུར་མཚོན་ཆའི་འབར་མདེལ་འཕེན་རྩིས་འདུག་ཅེས་སྔོན་བརྡ་བཏང་ནས འགོག་ཐབས་སུ་འབད། འདི་ནི་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཟླ་བ་མང་པོར་མཉམ་འབྲེལ་དམ་ཟབ་བྱས་ནས་སྒྲུབ་ཀྱི་ཡོད་པའི་ལས་དོན་ཞིག་རེད། ཨ་མི་རི་ཀའི་གཞུང་གིས་༢༠༢༡་ལོའི་སྟོན་མཇུག་ནས་དབྱིན་ཇི་གཙོས་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱ་རྒྱུའི་ཐག་བཅད། ཨུ་རུ་སུའི་དམག་དཔུང་རྣམས་ཡུཀ་རེན་གྱི་མཐའ་མཚམས་ཁག་ཏུ་འགྲེམ་འཇོག་བྱེད་ཀྱི་ཡོད་པ་དང་ཨུ་རུ་སུས་དམག་འཁྲུག་གྲ་སྒྲིག་གི་ཡོད་པའི་བརྙན་པར་རྣམས་བཀྲམ།།

ན་ནིང་ཕྱི་ཟླ་༡༡་པའི་མགོ་སྟོད་དེར་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི་ཆེད་རྫོང་བྱས་ནས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་ཨ་མི་རི་ཀས་ཤེས་རྟོགས་བྱུང་ཡོད་ཅེས་ར་སྤྲོད་བྱེད་དུ་བཅུག ཨ་རིའི་གཞུང་གིས་དུས་རྒྱུན་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གང་དུ་ཕེབས་ཀྱི་ཡོད་པ་གསང་རྒྱ་དམ་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་སྐབས་དེར་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཨུ་རུ་སུར་ཕེབས་པ་ཡོངས་ཁྱབ་ཏུ་བསྒྲགས་ན་དགེ་མཚན་ཆེ་བའི་རྩིས་བརྒྱབ། དེར་བརྟེན་མོ་སི་ཀོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་བསམ་བཞིན་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷན་སི་དང་ཨུ་རུ་སུའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཐུག་འཕྲད་བྱུང་བ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། དེའི་རྗེས་སུ་ཨ་མི་རི་ཀས་དབྱིན་ཇི་དང་ཁེ་ན་ཌ། ཨོ་གླིང་དང་ནེའུ་ཛི་ལན་ཌི་བཅས་མིག་ལྔ་ཞེས་འབོད་པའི་རྒྱལ་ཁབ་ལྔའི་མཉམ་འབྲེལ་གསང་བའི་ལས་ཁུངས་ཁག་ལ་ཡུཀ་རེན་གྱི་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་མགོ་ཚུགས། ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་ཡུ་རོབ་ལ་བཏང་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱ་འཆར་ཡོད་པ་རྣམས་སྦས་གསང་མེད་པར་བཤད། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ཅིག་དེ་ལ་ཡིད་མ་ཆེས་པ་དང་སྔོན་ཆད་ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་སུ་ཨི་རག་གི་སྲིད་དབང་སྒེར་གཅོད་པ་ས་ཏམ་ཧུ་སེན་ལ་རྫས་འགྱུར་མཚོན་ཆ་འདུག་ཅེས་སྒྲུབ་བྱེད་བཀོད་པ་རྣམས་དོན་དངོས་མིན་པ་དྲན་སྐུལ་ཐེབས། ཕྱིས་སུ་འཇར་མན་ཎི་དང་ཧྥ་རན་སི་གཉིས་ཀྱིས་འགོ་ཁྲིད་པའི་ཡུ་རོབ་ཀྱི་གསང་བའི་ལས་ཁུངས་ཁག་གིས་ཨུ་རུ་སུས་དམག་འཁྲུག་གི་གྲ་སྒྲིག་བྱེད་ཀྱི་ཡོད་པ་ཚོད་དཔག་ཐུབ་ཀྱང་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་ཡིན་པ་ཤེས་རྟོགས་མ་ཐུབ།།

ཐོག་མར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འདུའི་ཐོག་ཏུ་འཇར་མན་གཞུང་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུའི་གྲོས་གཞི་བཀག ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱ་དགོས་པའི་བཀའ་བཏང་བའི་རྗེས་སུ་འཇར་མན་ཎི་དང་ཧྥ་རན་སི་གཉིས་ཀྱི་ལངས་ཕྱོགས་ལ་འགྱུར་བ་ཐེབས། ཐ་ན་གཟའ་འཁོར་འདིར་ཧྥ་རན་སིའི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་དེས་ལས་གནས་ནས་དགོངས་པ་ཞུས། ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སིའི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་ཡིན་པ་སྔོན་དཔག་མ་ཐུབ་པར་ལས་དོན་འཐུས་ཤོར་ཆེན་པོ་ཞིག་བྱུང་འདུག ཧྥ་རན་སིའི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཚོས་རང་གི་གསང་ཉུལ་ཚོས་ཨ་རི་དང་དབྱིན་ཇིའི་གསང་བའི་ལས་ཁུངས་ལྟར་ལས་དོན་སྒྲུབ་ཐུབ་ཀྱི་མེད་པ་ངོས་ལེན་བྱ་དགོས་བྱུང་ཞིང་། ཧྥ་རན་སིའི་གསང་བའི་ལས་དོན་ཉམས་ཞིབ་པ་ཚོས་ཡུཀ་རེན་ལ་བཙན་འཛུལ་མ་བྱས་གོང་དེར་སྲིད་འཛིན་མེཀ་རོན་གྱིས་ཨུ་རུ་སུའི་བཙན་འཛུལ་འབྱུང་གི་མ་རེད། ཨུ་རུ་སུས་དམག་འཁྲུག་མ་བརྒྱབ་པར་ཡུཀ་རེན་གྱི་སྲིད་གཞུང་འཕོ་འགྱུར་རམ། ཡང་ན་ཡུཀ་རེན་ལ་གནོན་ཤུགས་སྤྲད་ནས་ཨུ་རུ་སུའི་དགོས་འདུན་ཁག་སྒྲུབ་ཏུ་འཇུག་ཐུབ། ཨུ་རུ་སུར་ཡུཀ་རེན་ལ་བཙན་འཛུལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཀྱང་བཙན་འཛུལ་དངོས་སུ་བྱེད་ཕོད་ཀྱི་མ་རེད་ཅེས་གཏམ་བཤད་བྱས་པ་རེད། ཕུ་ཊིན་གྱིས་དངོས་སུ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥ་རན་སིའི་སྲིད་འཛིན་ངོ་ཚ་པོ་བྱུང་སྟེ་དམག་དོན་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་གནས་དབྱུང་བཏང་བ་རེད། ཡིན་ནའང་ཧྥ་རན་སིའི་གསང་བའི་ལས་ཁུངས་ཁག་གིས་གནས་ཚུལ་ངོ་མ་རྩད་གཅོད་མ་ཐུབ་པར་འཐུས་ཤོར་ཕྱིན་པ་ནི་དམག་དོན་གསང་བའི་ལས་ཁུངས་གཅིག་པུ་མ་རེད་ཅེས་བཤད།།

ཧྥ་རན་སིའི་སྲིད་འཛིན་གྱིས་གནས་དབྱུང་བཏང་བའི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད།
ཧྥ་རན་སིའི་སྲིད་འཛིན་གྱིས་གནས་དབྱུང་བཏང་བའི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད།

༢༠༢༢་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཨུ་རུ་སུའི་དམག་དཔུང་འབུམ་༡་དང་ཕྱེད་ཀ་ཙམ་ཡུཀ་རེན་གྱི་ཤར་ལྷོ་བྱང་གསུམ་དུ་བཀྲམ། དབྱིན་ཇིའི་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུས་ཡུཀ་རེན་གྱི་སྲིད་གཞུང་མགོ་རྟིང་བསློགས་ནས་ཕུ་ཊིན་གྱི་བཀོད་ཇུས་འོག་ཏུ་ཤར་སྐྱོད་བྱེད་མཁན་སྲིད་གཞུང་གསར་པ་ཞིག་འཛུགས་འཆར་འདུག་ཅེས་གསང་བའི་གནས་ཚུལ་ཕྱི་རུ་བསྒྲགས། ཉེ་ཆར་ཡུཀ་རེན་དང་ཨུ་རུ་སུའི་གྲོས་མོལ་སྐབས་སུ་ཨུ་རུ་སུའི་སྐུ་ཚབ་ཚོས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་སྲིད་གཞུང་མགོ་རྟིང་མ་བསློགས་པར་ངོས་ལེན་བྱེད་ཆོག་ཅེས་ཡུཀ་རེན་གྱི་སྲིད་གཞུང་མགོ་རྟིང་སློག་འཆར་ཡོད་པ་ར་འཕྲོད། ཨ་མི་རི་ཀ་དང་དབྱིན་ཇིའི་གསང་བའི་ལས་ཁུངས་ཁག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་འབྲེལ་བ་ཡོད་པའི་གསང་བའི་གནས་ཚུལ་རྣམས་དུས་ཐོག་ཏུ་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་འདིས་ནུབ་ཕྱོགས་རྒྱལ་ཁབ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་གྱི་ཡོད་པར་མ་ཟད། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་དབྱིན་ཇིའི་སྲིད་བློན་བྷོ་རི་སི་ཇཱོན་སན་གཉིས་ཀར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་འདོད་མི་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མུ་མཐུད་དུ་ཡུཀ་རེན་ལ་དམག་དོན་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱ་དགོས། ཨུ་རུ་སུར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རྒྱུན་འཁྱོངས་བྱ་དགོས་པའི་ལངས་ཕྱོགས་བཟུང་། ལོན་ཌོན་སློབ་གྲྭ་ཆེན་མོའི་ཨུ་རུ་སུ་ཉམས་ཞིབ་མཁས་པ་གྷ་ལི་འོ་ཐིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསང་བའི་ལས་ཁུངས་དེ་དག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་འབྲེལ་བ་ཡོད་པའི་གསང་བའི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱས་ནས་ཕུ་ཊིན་གྱི་ཧམ་སེམས་འགོག་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང་ཕུ་ཊིན་ལ་གནས་ཚུལ་ངོ་མ་བཤད་ཀྱི་མི་འདུག ཡུཀ་རེན་གྱི་དམག་ས་ཁག་ཏུ་ཅི་ཞིག་འབྱུང་གི་ཡོད་པ་ཕུ་ཊིན་གྱིས་ཤེས་ཀྱི་མི་འདུག ཕུ་ཊིན་རྩིས་ལོག་ཆེན་པོ་ཐེབས་འདུག་ཅེས་གསང་བའི་གནས་ཚུལ་གང་མང་ཞིག་ཕྱིར་བསྒྲགས་བྱེད་ཚེ། ཕུ་ཊིན་རང་གི་སློབ་སྟོན་པ་ཚོར་དོགས་པ་ཇེ་ཆེ་དང་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་འགལ་ཟླ་སློང་ཐུབ་པའི་ནུས་པ་ཐོན་སྲིད་ཅེས་དཔྱད་བརྗོད་སྤེལ་འདུག

XS
SM
MD
LG