ངོ་འཕྲད་བདེ་བའི་དྲ་འབྲེལ།


སང་ཉིན་ཕྱི་ཚེས་༡༨་ཉིན་སི་ཀོ་ཊི་ལན་ཌིའི་མི་མང་ལ་རང་གི་ས་གནས་དེ་དབྱིན་ཇིའི་མངའ་ཁོངས་ནས་བཙན་བྱ་དགོས་མིན་མང་མོས་འོས་འདེམས་བྱེད་དུ་འཇུག་གི་ཡོད་ཅིང་། སྲིད་བློན་ཌི་ཧྦི་ཌི་ཁེམ་རུན་སོགས་དབྱིན་ཇིའི་དབང་འཛིན་པ་ཚོས་སི་ཀོ་ཊི་ལན་ཌི་སྔར་བཞིན་དབྱིན་ཇིའི་མངའ་ཁོངས་སུ་མཉམ་གནས་བྱེད་ཚེ། དབྱིན་ཇིའི་གཞུང་གིས་སི་ཀོ་ཊི་ལན་ཌིའི་མི་མང་ལ་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་ཡག་ཏུ་གཏང་རྒྱུ་དང་། ས་གནས་དེར་དཔྱ་ཁྲལ་བསྡུ་ཕྱོགས་ཀྱི་དབང་ཚད་ཀྱང་ཆེ་རུ་བཏང་སྟེ། སི་ཀོ་ཊི་ལན་ཌི་ལ་སྔར་ལས་ལྷག་པའི་རང་སྐྱོང་གི་ཐོབ་ཐང་ཆེན་པོ་སྤྲོད་རྒྱུ་ཡིན་ཞེས་ཁས་ལེན་བྱེད་ཀྱི་ཡོད་མོད། འོན་ཀྱང་རང་བཙན་ལས་འགུལ་བ་ཚོས་སི་ཀོ་ཊི་ལན་ཌི་དབྱིན་ཇིའི་དབང་སྒྱུར་འོག་ནས་ལོགས་སུ་ཐོན་དགོས། ང་ཚོས་རང་གི་ལས་དབང་རང་གིས་ཐག་གཅོད་བྱ་བའི་དུས་ལ་བབས་ཡོད་ཅེས་ལན་འདེབས་བྱེད་ཀྱི་ཡོད་པ་རེད། སི་ཀོ་ཊི་ལན་ཌི་ལ་མི་མང་འོས་ཤོག་འཕེན་མཁན་ས་ཡ་༤་དང་འབུམ་༣་ཡོད་པ་དེ་དག་གི་གྲས་སུ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༥༢་ཀྱིས་སི་ཀོ་ཊི་ལན་ཌི་སྔར་བཞིན་དབྱིན་ཇིའི་མངའ་ཁོངས་སུ་མཉམ་གནས་བྱ་དགོས་པའི་ལྟ་ཚུལ་བཟུང་ཡོད། མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༨་ཀྱིས་སི་ཀོ་ཊི་ལན་ཌན་རང་བཙན་བྱ་དགོས་པའི་ལྟ་ཚུལ་བཟུང་ཡོད་པ་མ་ཟད། ད་དུང་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༨་ནས་བརྒྱ་ཆ་༡༤་ཙམ་གྱིས་རང་བཙན་དང་མཉམ་གནས་གཉིས་ཀྱི་གདམ་ཀ་གང་ལ་འོས་ཤོག་འཕེན་དགོས་མིན་ཐག་མ་ཆོད་པར་ལུས་འདུག ལོ་རྒྱུ་ཀྱི་ཆ་ནས་སི་ཀོ་ཊི་ལན་ཌི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང་། སྔ་མོའི་དུས་སུ་དབྱིན་ཇི་བ་ཚོས་སི་ཀོ་ཊི་ལན་ཌིའི་མི་ལ་བྱང་ཕྱོགས་ཀྱི་ཀླ་ཀློ་ཞེས་འབོད་སྲོལ་ཡོད་ཀྱང་། ༡༧༠༧་དབྱིན་ཇི་དང་སི་ཀོ་ཊི་ལན་གཉིས་ཀྱིས་ཆིངས་ཡིག་གསར་པ་ཞིག་ལ་མིང་རྟགས་བཀོད་དེ། སི་ཀོ་རི་ལན་ཌིའི་རྒྱལ་ཡོངས་གྲོས་ཚོགས་མེད་པར་བཏང་བ་དང་། དེ་ནས་བཟུང་སྟེ་དབྱིན་ཇི་རྒྱལ་ཕྲན་མཉམ་འབྲེལ་ཟེར་པའི་རྒྱལ་ཁབ་འདི་གསར་དུ་ཚུགས། ཡིན་ནའང་༡༧༡༥་ལོར་སི་ཀོ་ཊི་ལན་ཌི་མཐོ་སྒང་གི་སྡེ་ཤོག་ཁག་ཇེམ་སི་སི་ཊུ་འར་ཊི་ཞེས་པ་ཞིག་གིས་འགོ་ཁྲིད་ནས་དབྱིན་ཇིའི་དབང་སྒྱུར་ལ་གྱེན་ལོག་བྱས། ཁོ་ཚོས་ལྷོ་ཕྱོགས་སུ་དམག་བརྒྱབ་ནས་དབྱིན་ཇིའི་རྒྱལ་པོ་ཇོར་ཇི་དང་པོ་ཁྲི་ས་ནས་ཕབ་ཀྱང་མཐའ་མཇུག་སི་ཀོ་ཊི་ལན་ཌིའི་གྱེན་ལོག་པ་ཚོ་དམག་ཕམ། ཇེམ་སི་སི་ཊུ་འར་ཊི་རང་ཡུལ་ནས་ཧྥ་རན་སི་ལ་བྲོས་བཅོལ་དུ་སོང་། ༡༧༤༥་ལོར་ཇེམ་སི་སི་ཊུ་འར་ཊིའི་བུ་ཆལ་སི་ཞེས་པ་དེ་ཧྥ་རན་སི་ནས་རང་ཡུལ་ལ་ཕྱིར་ལོག་བྱས་ཀྱང་ཁོང་ལ་སི་ཀོ་ཊི་ལན་ཌིའི་སྐུ་དྲག་རྣམས་གཙོ་བོར་གྱུར་པའི་མི་མང་གི་རྒྱབ་སྐྱོར་ཆེན་པོ་ཞིག་མ་ཐོབ། ཁོང་གིས་འགོ་ཁྲིད་པའི་གྱེན་ལོག་ཀྱང་དབྱིན་དམག་གིས་ཆམ་ལ་ཕབ། ཆལ་སི་ཡང་རང་གི་ཕ་བཞིན་ཧྥ་རན་སི་ལ་སྐྱབས་བཅོལ་དུ་བྲོས། ༡༨༠༡་ལོར་དབྱིན་ཇི་དང་ཨར་ལན་ཌི་གཉིས་ཀྱི་གྲོས་ཚོགས་སུ་བཅའ་ཁྲིམས་གཏན་འབེབས་བྱས་ནས་སི་ཀོ་ཊི་ལན་ཌི་ས་གནས་དེ་དབྱིན་ཇིའི་རྒྱལ་ཁབ་ཆེན་པོ་ཁོངས་སུ་བཅུག ༡༩༡༣་ལོར་དབྱིན་ཇིའི་གྲོས་ཚོགས་འོག་མར་སི་ཀོ་ཊི་ལན་ཌི་ལ་རང་སྐྱོང་སྤྲོད་དགོས་མིན་གྲོས་བསྡུར་བྱས་ཀྱང་འཛམ་གླིང་དམག་ཆེན་དང་པོ་ལངས་ནས་གྲོས་ཐག་མ་ཆོད། ༡༩༣༤་ལོར་སི་ཀོ་ཊི་ལན་ཌིའི་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་གཉིས་གཅིག་ཏུ་བསྒྲིལ་ནས་སི་ཀོ་ཊི་ལན་ཌི་རྒྱལ་ཡོངས་ཚོགས་པ་ཚུགས། ༡༩༧༩་ལོར་དབྱིན་ཇིའི་གཞུང་གིས་སི་ཀོ་ཊི་ལན་ཌི་ལ་ས་གནས་གྲོས་ཚོགས་འཛུགས་དགོས་མིན་མང་མོས་འོས་འདེམས་བྱས་ཀྱང་སྐབས་དེར་མི་མང་འོས་ཤོག་འཕེན་མཁན་ཧ་ཅང་ཉུང་ཉུང་ཞིག་ལས་མེད་པས་ས་གནས་གྲོས་ཚོགས་འཛུགས་མ་ཐུབ། ༡༩༩༧་ལོར་སི་ཀོ་ཊི་ལན་ཌི་ལ་སླར་ཡང་མང་མོས་འོས་འདེམས་བྱས་ནས་ས་གནས་གྲོས་ཚོགས་འཛུགས་དགོས་མིན་མི་དམངས་ལ་སྐད་ཆ་དྲིས། སི་ཀོ་ཊི་ལན་ཌིའི་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༧༣་ལྷག་གིས་ས་གནས་གྲོས་ཚོགས་འཛུགས་དགོས་ཞེས་འོས་ཤོག་འཕངས། ༡༩༩༩་ལོར་སི་ཀོ་ཊི་ལན་ཌིའི་ས་གནས་གྲོས་ཚོགས་དངོས་སུ་ཚུགས་ནས་འཐུས་མི་༡༢༩་འདམས། ཕྱི་ལོ་༢༠༡༢་ལོར་དབྱིན་ཇིའི་གཞུང་དང་སི་ཀོ་ཊི་ལན་ཌི་རྒྱལ་ཡོངས་ཚོགས་པ་གཉིས་ཀྱིས་གྲོས་མཐུན་བཞག་སྟེ། ཕྱི་ལོ་༢༠༡༤་ལོའི་ཟླ་བ་༩་ཚེས་༡༨་ཉིན་སི་ཀོ་ཊི་ལན་ཌི་རང་བཙན་བྱ་དགོས་མིན་མི་དམངས་ལ་མང་མོས་འོས་འདེམས་བྱེད་དུ་དགོས་པའི་གྲོས་ཐག་བཅད་དོ།།

XS
SM
MD
LG