ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་ཆུ་བོ་གངྒའི་ནང་དུ་མིའི་ཕུང་པོ་༧༡་གཡུགས་ཡོད་པ། 


༄༅།། རྒྱ་གར་ལ་ངོ་བོ་ཉིས་འགྱུར་དང་ངོ་བོ་སུམ་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་ལ་འཆི་སྐྱོན་བྱུང་བའི་ཕུང་པོ་རྣམས་མེར་སྲེག་དང་དུར་འཇུག་བྱེད་མ་ཐུབ་པར་དཀའ་ངལ་ཆེས་ཆེར་འཕྲད་བཞིན་པའི་དུས་འདིར་ཆུ་བོ་གངྒའི་ནང་དུ་ཕུང་པོ་མང་དག་ཅིག་བསྐྱུར་ཡོད་པ་རྙེད་འདུག ཁ་སང་གཟའ་མིག་དམར་ཉིན་རྒྱ་གར་ཤར་ཕྱོགས་ཀྱི་བྷི་ཧར་མངའ་སྡེའི་ས་གནས་ཤིག་ཏུ་ཆུ་བོ་གངྒའི་ཆུ་འགྲམ་དུ་ཆུ་ཁར་གཡེང་བཞིན་པའི་མིའི་ཕུང་པོ་༧༡་རྙེད། འདས་པོ་དེ་དག་ཏོག་དབྱིབས་ནད་དུག་ཕོག་ནས་འཆི་སྐྱོན་བྱུང་བ་ཡིན་མིན་མ་ཤེས། རྒྱ་གར་གྱི་བྷི་ཧར་མངའ་སྡེ་ནི་དཔལ་འབྱོར་ཧ་ཅང་རྗེས་ལུས་ཡིན་པ་དང་མངའ་སྡེ་དེའི་མི་དམངས་རྣམས་རྒྱ་གར་རྒྱལ་ཡོངས་ཀྱི་ཆེས་དབུལ་ཕོངས་གྲས་སུ་ཚུད་ཡོད་པས་ཆུ་ནང་དུ་བསྐྱུར་བའི་ཕུང་པོ་དེ་རྣམས་སྨན་བཅོས་བྱེད་མ་ཐུབ་པར་རང་ཁྱིམ་དུ་ཏོག་དབྱིབས་ནད་དུག་གིས་ཤི་བ་རྣམས་ཀྱི་ཕུང་པོ་རྣམས་ཡིན་སྲིད། བྷི་ཧར་མངའ་སྡེ་གཅིག་པུ་མ་ཡིན་པར་ཨུ་ཏར་པུར་དྷེ་ཤི་མངའ་སྡེའི་གྷ་ཛི་པུར་རྫོང་ཁོངས་སུའང་ཆུ་བོ་གངྒའི་ནང་དུ་ཕུང་པོ་མང་དག་ཅིག་གཡུགས་ཡོད་པ་ཉེན་རྟོག་པ་དང་གྲོང་གསེབ་པ་ཚོས་རྙེད། མཱང་ལ་པར་ས་ཏ་སིང་ཞེས་པའི་ས་གནས་འགོ་ཁྲིད་ཅིག་གིས་ཕུང་པོ་འདི་དག་གང་ནས་བྱུང་བ་དང་འདི་ལ་ཇི་ལྟར་བསླེབས་པ་རྩད་གཅོད་བྱེད་ཀྱི་ཡོད་ཅེས་བཤད། གྷ་ཛི་པུར་ས་གནས་ཀྱི་ཡུལ་མི་སུ་རཱིན་དྷར་ཞེས་པ་ཞིག་གིས་གྲོང་གསེབ་པ་ཚོར་ཕུང་པོ་མེར་སྲེག་གཏོང་སྤྱད་འབུད་ཤིང་མེད་པར་བེམ་པོ་རྣམས་ཆུ་ནང་དུ་བསྐྱུར་དགོས་བྱུང་བ་རེད། གྲོང་གསེབ་༡༢་ནས་༡༣་ཙམ་གྱི་འདས་པོ་དེ་དག་གི་ཕུང་པོ་རྣམས་ཆུ་ནང་དུ་གཡུག་གི་འདུག་ཅེས་བཤད། བྷི་ཧར་དང་ཨུ་ཏར་པུར་དྷེ་ཤི་མངའ་སྡེ་གཉིས་ཀྱི་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་འགྲོ་བཞིན་ཡོད་ཀྱང་འབྲེལ་ཡོད་མངའ་སྡེ་གཞུང་གིས་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་དང་གསར་འགོད་པ་རྣམས་ཀྱང་གྲོང་གསེབ་ཁག་ཏུ་བསླེབས་མ་ཐུབ་པར་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་གསལ་པོ་ཞིག་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

བུ་ཕྲུག་ཏོག་ནད་ཀྱིས་འཁྱེར་བའི་ཨ་མ་ཞིག་གི་གདུང་འབོད།
བུ་ཕྲུག་ཏོག་ནད་ཀྱིས་འཁྱེར་བའི་ཨ་མ་ཞིག་གི་གདུང་འབོད།

དེ་རིང་ཕྱི་ཟླ་༥་པའི་ཚེས་༡༢་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་དེར་རྒྱ་གར་རྒྱལ་ཡོངས་སུ་མི་༤༢༠༥་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་སོང་། འདི་ནི་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་སྟེ་ཉི་མ་གཅིག་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཆེས་མང་ཤོས་ཡིན། ད་ལྟ་རྒྱ་གར་ལ་བསྟུད་མར་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༣༠༠༠༠༠་ལྷག་ཐོན་ནས་ཉིན་གྲངས་༢༡་ཕྱིན་སོང་། ད་ལྟའི་བར་དུ་རྒྱ་གར་ལ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༢༣་དང་མི་༢༥༤༠༠༠་ལྷག་ལ་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། རྒྱ་གར་གྱི་གསར་འགོད་པ་དང་སྤྱི་ཚོགས་ཞབས་ཞུ་བ་ཚོས་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་ལྡབ་འགའ་ཞིག་མང་བ་འདུག་ཅེས་ཡོངས་གྲགས་སུ་གླེང་། རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་བཞིན་པར་གདོང་ལེན་ཆེད་དུ་ཟླ་བ་རྗེས་མར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་སོགས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་འགོ་ཁྲིད་རྣམས་དབྱིན་ཡུལ་དུ་ཚོགས་འདུ་འཚོགས་རྒྱུ། དབྱིན་ཇིའི་སྲིད་བློན་བྷོ་རི་སི་ཇཱོན་སན་གྱིས་རྒྱ་གར་གྱི་སྲིད་བློན་མོ་དྷི་ཚོགས་འདུ་དེར་དམིགས་བསལ་སྐུ་མགྲོན་ལ་གདན་འདྲེན་ཞུས་ཀྱང་ཕེབས་ཐུབ་ཀྱི་མེད་པ། སྲིད་བློན་མོ་དྷིའི་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་དེར་སྔོན་འགོག་གི་གྲ་སྒྲིག་མེད་པ། ནད་ཡམས་སྐབས་སུ་ཆོས་ལུགས་ཀྱི་དུས་སྟོན་ཚུགས་བཅུག་པ་དང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བཅུག་ནས་ནད་ཡམས་ཁྱབ་གདལ་བཏང་སོང་ཞེས་སྐྱོན་བརྗོད་དྲག་པོ་འཕོག་གི་ཡོད་པར་མ་ཟད། ན་རེན་དྷ་ར་མོ་དྷི་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་ཞེས་རྒྱ་གར་གྱི་གསར་འགོད་པ་དང་མི་དམངས་ཀྱིས་དྲྭ་ལམ་དུ་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་གི་ནད་པའི་གྲངས་འབོར་དེས་འཛམ་གླིང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་གྱི་བརྒྱ་ཆ་༣༠་ལྷག་ཟིན་གྱི་འདུག ད་ལོའི་ཕྱི་ཟླ་༢་པ་ནས་འགོ་ཚུགས་ཏེ་ཕྱི་ཟླ་༤་པ་བར་དུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་འགོ་ཚུགས་པ་རེད། རྒྱ་གར་གྱི་ཆོས་ལུགས་དུས་ཆེན་ཁག་དང་མངའ་སྡེ་ཁག་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་བཅས་ཀྱིས་མི་ཚོགས་བསྡུས་ནས་སྤྱི་ཚོགས་རྒྱང་བཀྱེད་མེད་པ། རྒྱ་གར་བ་ཚོས་ཁ་རས་མ་གྱོན་པར་སྣང་ཆུང་བཏང་ནས་ཕྱི་ཟླ་༤་པའི་ཟླ་དཀྱིལ་ཙམ་ནས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་སྤང་ལ་མེ་ཤོར་བ་ལྟར་བྱུང་སོང་། རྒྱ་གར་གཅིག་པུ་མ་ཡིན་པར་བལ་ཡུལ་དང་བངྒ་ལ། པ་ཀི་སི་ཐན་དང་སིངྒ་ལ། མལ་ཏིབ་བཅས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལའང་རྒྱ་གར་དུ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག དཔེར་ན་བལ་ཡུལ་དུ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་ཡུལ་བརྒྱ་ཆ་༥༠་ཙམ་ལ་ནད་རྟགས་ཐོན་གྱི་འདུག རྒྱ་གར་གྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཕྱིར་ཚོང་བྱ་རྒྱུ་ངང་འཐེན་བྱས་པའི་རྗེས་སུ་བལ་ཡུལ་ལ་འགོག་ཁབ་མེད་པར་དཀའ་ངལ་ཆེ་རུ་ཕྱིན་འདུག རྒྱལ་ཁབ་༥༠་ལྷག་ལ་རྒྱ་གར་དུ་ཁྱབ་ཀྱི་ཡོད་པའི་ངོ་བོ་སུམ་འགྱུར་གྱི་ཏོག་དབྱིབས་ནད་དུག་དེ་ཁྱབ་ཚར་ཡོད་པ་ནི་ཤིན་ཏུ་ཉེན་ཚབས་ཆེ། ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་དང་ངོ་བོ་ཉིས་འགྱུར། ངོ་བོ་སུམ་འགྱུར་གྱི་ཏོག་དབྱིབས་ནད་དུག་རྣམས་ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ལས་ཀྱང་འགོ་སླ་བ་དང་ཁྱབ་མྱུར་བ། རྒྱ་གར་ལ་ཁྱབ་ཀྱི་ཡོད་པའི་ནད་དུག་དེ་ངོ་བོ་ཉིས་འགྱུར་དང་སུམ་འགྱུར་ལ་འགྱུར་གྱི་ཡོད་པའི་རྒྱུ་རྐྱེན་ཅི་ཡིན་གསལ་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་གནས་ཚུལ་སྤེལ།།

ལུས་ལ་ལྕི་བ་བསྐུས་ན་ཏོག་ནད་འགོག་སྲུང་བྱེད་ཐུབ་པར་ཡིད་ཆེས་བྱེད་པའི་རྒྱ་གར་བ་ཁག་ཅིག
ལུས་ལ་ལྕི་བ་བསྐུས་ན་ཏོག་ནད་འགོག་སྲུང་བྱེད་ཐུབ་པར་ཡིད་ཆེས་བྱེད་པའི་རྒྱ་གར་བ་ཁག་ཅིག

ཟླ་བ་སྔོན་མ་ནས་རྒྱ་གར་རྒྱལ་ཡོངས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཇེ་མང་དུ་སོང་། དེར་བརྟེན་རྒྱ་གར་གྱི་སྨན་བཅོས་དང་འཕྲོད་བསྟེན་མ་ལག་རྣམས་སྦོ་ལུག རྒྱ་གར་གྱི་སྨན་ཁང་ཁག་ཏུ་ནད་པ་རྣམས་བསྙལ་ས་མེད་པ་དང་འཚོ་རླུང་འདང་ངེས་མེད་པ། སྨན་དང་འགོག་ཁབ་བཅས་པ་འདང་ངེས་མེད་པའི་དཀའ་རྣམས་སེལ་ཐུབ་ཀྱི་མེད་པ། འཛམ་གླིང་རྒྱལ་ཁབ་༥༠་ཡས་མས་ཤིག་གིས་རྒྱ་གར་ལ་འཚོ་རླུང་དང་དབུགས་གཏོང་འཕྲུལ་ཆས། སྨན་དང་འགོག་ཁབ། རྒྱ་གར་གྱི་སྨན་ཁང་ཁག་ལ་དགོས་ངེས་ཀྱི་ཡོ་བྱད་རྣམས་རོགས་སྐྱོར་སྤྲོད་ཀྱི་ཡོད་ཀྱང་ནད་པ་མང་དྲགས་པ་དང་ས་རྒྱ་ཆེ་དྲགས་པ་སོགས་ཀྱིས་ཕྱི་ལོགས་ནས་འབྱོར་བའི་རོགས་སྐྱོར་ཁག་གིས་དཀའ་ངལ་ཆེན་པོ་ཞིག་སེལ་ཐུབ་ཀྱི་མེད་ཅིང་། རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ས་ལྡི་ལི་གྲོང་ཁྱེར་གྱི་སྨན་ཁང་ཁག་ཏུ་འཚོ་རླུང་འདང་ངེས་མེད་པར་མི་སྟོང་ཕྲག་མང་པོ་ཏོག་དབྱིབས་ནད་དུག་གིས་འཆི་བཞིན་འདུག མི་མང་བརྒྱ་ཕྲག་མང་པོ་བང་བསྒྲིགས་ནས་འཚོ་རླུང་གི་ལྕགས་མདོང་ནང་དུ་འཚོ་རླུང་བརྒྱང་རྒྱུ་དང་ནད་པ་གསར་པ་རྣམས་སྨན་ཁང་༢༠་ཡས་མས་རེར་ཁྱེར་ནས་ཉལ་ས་ཡོད་མེད་རྩད་གཅོད། སྨན་ཁང་དུ་ཉལ་ས་ཞིག་རྙེད་རྒྱུ་དང་འཚོ་རླུང་མ་ཐོབ་པར་ནད་པ་མང་པོ་ཞིག་རླངས་འཁོར་དང་རྐང་གསུམ་གླ་འཁོར། རྒྱ་ལམ་ཟུར་དང་ཤིང་སྡོང་འོག རྐུབ་བཀྱག་སྟེང་དུ་འཆི་སྐྱོན་འབྱུང་གི་ཡོད་པ་ཉུང་དུ་འགྲོ་ཐུབ་ཀྱི་མེད་པ། རྒྱ་གར་མི་དམངས་ཀྱིས་ནད་ཡམས་ཁྱབ་གདལ་དུས་འདིར་རང་མགོ་གང་ཐོན་དང་རང་སྲོག་སྐྱོབ་ཐབས། སྲིད་བློན་མོ་དྷིའི་གཞུང་གིས་རྒྱ་གར་མི་དམངས་རྣམས་སྐྱོབ་ཐུབ་ཀྱི་མེད་པའི་གནས་སུ་ལྷུང་འདུག

མུམ་བྷེ་གྲོང་ཁྱེར་གྱི་མཱ་ས་ཧེབ་མཱི་ན་ཐེ་ཐ་ཀ་རེ་སྨན་ཁང་ཕྱི་ལོགས་ཚད་པའི་དཀྱིལ་དུ་མི་༢༠༠་ལྷག་བང་བསྒྲགས། ཁོ་ཚོ་མང་ཆེ་བ་གློ་བརྒྱབ་པ་དང་དབུགས་འཚངས། མི་ཁག་ཅིག་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རེ་རག་རྒྱུའི་རེ་བ་འཆང་ནས་བང་སྒྲིག་ཡོད་པ་དང་འགའ་ཤས་ཀྱིས་སྨན་ཁང་དུ་ཉལ་ས་རེ་དང་འཚོ་རླུང་ཞིག་འཐོབ་རྒྱུའི་རེ་བ་འཆང་སྟེ་ཡོང་བ་ཡིན་ཞིང་། ལོ་ན་༢༡་ལ་སོན་པའི་བཟོ་བཀོད་སློབ་ཕྲུག་ཐེ་ཝྭར་ཞེས་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། ཁོ་པའི་ཨ་ཕ་ལོ་ན་༤༩་ལ་སོན་པ་དེར་འགོག་ཁབ་འཐོབ་རྒྱུ་དང་སྨན་ཁང་དུ་ཉལ་ས་ཞིག་རག་རྒྱུའི་རེ་བ་ཧ་ཅང་ཕྲ། ཡིན་ནའང་ཁོ་ཚོ་སྨན་ཁང་ཕྱི་ལོགས་སུ་བང་སྒྲིག་ཡོད་པ་དེ་དག་གི་གྲས་སུ་མ་སྒུག་ཐབས་མེད་རེད། སྨན་ཁང་ཕྱི་ལོགས་སུ་སྒུག་པའི་རིང་དེར་ཕོ་གསར་དེའི་ཨ་ཕའི་ཚ་བ་འཕར་བ་དང་དབུགས་འཚང་རྒྱུ་ཤུགས་ཆེ་རུ་སོང་། ཆུ་ཚོད་༡༠་ལ་སྒུག་པའི་རྗེས་སུ་ཐེ་ཝྭར་དང་ཨ་ཕ་གཉིས་སྨན་ཁང་དུ་ཉལ་ས་མ་རག་པར་ལོག་དགོས་བྱུང་འདུག ཉམས་ཞིབ་པ་ཁག་ཅིག་གིས་ཕྱི་ཟླ་༦་པའི་མཚམས་སུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་༤༠༠༠༠༠་ལྷག་བརྒལ་སྲིད་ཅེས་ཚོད་དཔག་བྱས་འདུག ཚན་རིག་པ་ཁག་ཅིག་གིས་རྒྱ་གར་གཞུང་གིས་མི་དམངས་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ཡག་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག ལྷག་པར་དུ་རྒྱ་གར་གྱི་གྲོང་གསེབ་ཁག་གི་མི་དམངས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ཆ་མཉམ་ཞིག་བྱེད་ཐུབ་ཀྱི་མི་འདུག ཨ་མི་རི་ཀས་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པ་དེའི་ཕྱེད་ཀ་ཙམ་ཡང་རྒྱ་གར་གཞུང་གིས་བྱེད་ཐུབ་ཀྱི་མི་འདུག་ཅེས་ཧ་ཅང་དངངས་འཚབ་ལང་དགོས་པའི་ཉེན་བརྡ་ཞིག་བཏང་འདུག

XS
SM
MD
LG