ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་དམག་རྣམས་སྤང་གོང་མཚོ་འགྲམ་ནས་ཕྱིར་འཐེན། 


China India Pangong Deployment Removed
China India Pangong Deployment Removed

༄༅།། ཉེ་ཆར་རྒྱ་དཀར་ནག་གི་དམག་དཔུང་རྣམས་ཧིན་བོད་ས་མཚམས་ནས་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་ནས་བཟུང་། རྒྱ་གར་གྱི་དམག་དཔུང་རྣམས་རྩོད་གཞི་ཅན་གྱི་ས་མཚམས་ཁག་ནས་ཕྱིར་འཐེན་བྱས་ཀྱང་རྒྱ་ནག་གི་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་མེད་པའི་གླེང་སློང་བྱུང་། ད་ལྟ་འཁོར་སྐར་གྱིས་གསར་དུ་བླངས་པའི་འདྲ་པར་ལ་བལྟས་ཚེ། རྒྱ་ནག་གིས་སྤང་གོང་མཚོ་འགྲམ་དུ་དམག་སྒར་འཛུགས་སྐྲུན་བྱེད་ཡོད་པ་རྣམས་བཤིག་པ་དང་དམག་དཔུང་རྣམས་ཕྱིར་འཐེན་བྱས་ཟིན་པ་གསལ་པོར་མཐོང་ཐུབ། ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་ཨ་རིའི་མེཀ་སར་འཕྲུལ་རྩལ་ཁང་གིས་བླངས་པའི་འདྲ་པར་ནང་དུ་སྤང་གོང་མཚོ་འགྲམ་དེར་རྒྱ་ནག་གི་དམག་མི་དང་དམག་གི་རླངས་འཁོར་སོགས་འགྲེམ་འཇོག་བྱས་ཡོད་པ་རྣམས་གསལ། ཕྱི་ཟླ་༢་པའི་ཚེས་༡༠་ཉིན་རྒྱ་དཀར་ནག་གཉིས་ཀས་འཁྲུག་རྩོད་འབྱུང་སའི་ས་མཚམས་ཁག་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བཞག བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་མེཀ་སར་འཕྲུལ་རྩལ་ཁང་གིས་བསྐྱར་དུ་འཁོར་སྐར་བཏང་སྟེ་འདྲ་པར་བླངས། ད་ལྟའི་འདྲ་པར་གསར་པ་དེ་དག་གི་ནང་དུ་སྔོན་ཆད་རྒྱ་ནག་གིས་སྤང་གོང་མཚོ་འགྲམ་དུ་འགྲེམ་འཇོག་བྱས་ཡོད་པའི་དམག་དཔུང་དང་དམག་གི་རླངས་འཁོར། དམག་སྒར་གྱི་ཁང་པ་དང་གུར་སོགས་བཤིག་སྟེ་རྒྱ་དམག་རྣམས་སྤང་གོང་མཚོའི་ཤུར་སྒང་༥་པ་ནས་ཕྱིར་འཐེན་བྱས་ཟིན་འདུག

ད་ལོའི་ཕྱི་ཟླ་དང་པོའི་ཚེས་༣༠ ཉིན་བསྐྱོན་པའི་པར།
ད་ལོའི་ཕྱི་ཟླ་དང་པོའི་ཚེས་༣༠ ཉིན་བསྐྱོན་པའི་པར།

དེ་རིང་ཕྱི་ཟླ་༢་པའི་ཚེས་༡༨་ཉིན་རྒྱ་གར་གྱི་་དམག་སྤྱི་གཞོན་པ་ཇཱོ་ཤཱིས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་ཐེངས་འདིར་རྒྱ་ནག་ཁ་དན་ཚིག་ལ་གནས་པ་འདྲ། ཁོ་ཚོས་གྲོས་མཐུན་གྱི་འབྲུ་དོན་ལྟར་དམག་དཔུང་ཕྱིར་འཐེན་དང་དམག་སྒར་བཤིག་དགོས་པ་རྣམས་བྲེལ་མྱུར་གྱིས་ལག་ལེན་བསྟར་གྱི་འདུག་ཅེས་བཤད། རྒྱ་གར་གྱི་དམག་དོན་མི་སྣ་གཞན་ཚོས་ཀྱང་རྒྱ་ནག་གི་ལྕགས་ཁྲབ་འཁོར་ལོ་དང་དམག་གི་རླངས་འཁོར་རྣམས་ཕྱིར་འཐེན་བྱེད་ཀྱི་འདུག རྒྱ་ནག་གི་དམག་མི་ཚོས་ས་མཚམས་སུ་གུར་བརྒྱབ་ཡོད་པ་རྣམས་ཀྱང་སློག་སྟེ་བསྡུ་གསོག་བརྒྱབ་ནས་ཕྱིར་འཐེན་བྱེད་ཀྱི་འདུག་ཅེས་བཤད། ཕྱི་ཟླ་༢་པའི་ཚེས་༡༡་ཉིན་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་གིས་རྒྱལ་ཡོངས་གྲོས་ཚོགས་ལ་རྒྱ་དཀར་ནག་གཉིས་ཀ་སྤང་གོང་མཚོ་འགྲམ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད། རྒྱ་དམག་རྣམས་སྤང་གོང་མཚོའི་ཤུར་སྒང་༥་པ་ནས་ཕྱིར་འཐེན་བྱས་ཟིན་འདུག་ཅེས་སྙན་སེང་ཞུས། གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་ང་ཚོའི་དམག་དཔུང་རྣམས་ཕྱིར་འཐེན་བྱས་པ་ལྟར་རྒྱ་གར་གྱིས་ཀྱང་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བརྗོད་བྱས་ཤིང་། ན་ནིང་ཕྱི་ཟླ་༦་པ་ནས་རྒྱ་དཀར་ནག་གཉིས་ཀས་འཁྲུག་རྩོད་འབྱུང་སའི་ས་མཚམས་ཁག་ནས་དམག་དཔུང་ཕྱིར་འཐེན་བྱ་དགོས་ཞེས་གྲོས་མོལ་ཐེངས་༩་བྱས་པའི་རྗེས་སུ་ཕྱོགས་གཉིས་ཀས་དངོས་སུ་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བཞག་པ་ལག་ལེན་བསྟར་ཐུབ་ཡོད་པ་རེད།།

སྤང་གོང་མཚོ།
སྤང་གོང་མཚོ།

རྒྱ་དཀར་ནག་གི་དམག་དཔུང་ཕྱིར་འཐེན་གྱི་གྲོས་མཐུན་དེར་རྒྱ་ནག་གིས་སྤང་གོང་མཚོའི་བྱང་ཕྱོགས་ཀྱི་ཤུར་སྒང་༨་པའི་ཤར་ཕྱོགས་སུ་དམག་དཔུང་འགྲེམ་འཇོག་བྱེད་ཆོག རྒྱ་གར་གྱིས་སྤང་གོང་མཚོའི་ལྷོ་ཕྱོགས་ཀྱི་ཤུར་སྒང་༣་པའི་ཐོག་ཏུ་གཏན་འཇགས་དམག་སྒར་ཚུགས་ཆོག རྒྱ་དཀར་ནག་གཉིས་ཀས་༢༠༢༠་ལོའི་ཕྱི་ཟླ་༤་པའི་གཞུག་ནས་ས་མཚམས་སུ་དམག་སྒར་འཛུགས་སྐྲུན་བྱས་པ་སྟེ། ལྕགས་ཤོག་གི་ཁང་པ་བརྒྱབ་པ་དང་གུར་ཕུབ་པ། ལྷུ་སྒྲིག་ཁང་པ་བརྒྱབ་པ་རྣམས་བཤིག་ནས་མེད་པར་གཏོང་དགོས། སྤང་གོང་མཚོའི་བྱང་ཕྱོགས་སུ་སྐོར་གཡེང་སོགས་ཚུད་པའི་གནས་སྐབས་རིང་དམག་གི་འགུལ་སྐྱོད་ཅི་ཡང་རྒྱག་མི་ཆོག་པ། ས་དོང་བྲུས་ནས་དམག་གྲ་སྒྲིག་ཡོད་པ་རྣམས་ཀྱང་མེད་པར་གཏོང་རྒྱུ། དམག་དཔུང་ཕྱིར་འཐེན་ཆ་ཚང་བྱས་པའི་རྗེས་སུ་ཕྱོགས་གཉིས་ཀྱི་མཐོ་རིམ་དམག་དཔུང་བཀོད་འདོམས་པ་རྣམས་༤༨་ཀྱི་ནང་ཚུད་དུ་སླར་ཡང་ཐུག་འཕྲད་གྲོས་མོལ་བྱས་ནས་གནད་དོན་གཞན་ལ་གྲོས་མོལ་བྱ་དགོས་ཞེས་བཀོད། རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་གིས་སྤང་གོང་མཚོའི་ལྷོ་ཕྱོགས་སུ་རྒྱ་གར་གྱིས་ཀྱང་དམག་དཔུང་ཕྱིར་འཐེན་བྱ་དགོས་པའི་གྲོས་མཐུན་གྱི་ལས་འགན་རྣམས་སྒྲུབ་ཀྱིན་ཡོད་ཅེས་བསྒྲགས། སྔ་ལོའི་ཕྱི་ཟླ་༥་པ་ཡས་མས་ནས་རྒྱ་དཀར་ནག་གི་དམག་དཔུང་རྣམས་རྣ་ཐོས་ལ་དང་ནག་པོ་ལ། མོན་ཡུལ་གྱི་ས་མཚམས་ཁག་དང་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་སོགས་མཚམས་ཁག་འགའ་ཞིག་ཏུ་གདོང་ཐུག་ལན་མང་བྱུང་།།

དེང་སྐབས་རྒྱ་དཀར་ནག་གཉིས་ཀ་ཧིན་བོད་ས་མཚམས་སུ་དབྱིན་ལེ་༢༡༠༠་ཐམ་པའི་ས་འདྲེས་ཡིན་པར་མ་ཟད། པེ་ཅིང་དང་ལྡི་ལི་གསར་པ་གཉིས་ཀས་རང་ལ་རྩོད་གཞི་ཅན་གྱི་ས་ཆ་དེ་དག་གི་བདག་དབང་ཡོད་ཅེས་རྩོད་པ་རྒྱག་རྒྱུ་མཚམས་མི་ཆད། སྤང་གོང་མཚོ་ནི་རྒྱ་མཚོ་ནས་མཐོ་ཚད་ཧྥི་ཊི་༡༤༠༠༠་མཚམས་སུ་ཆགས་ཏེ་ལ་དྭགས་ནས་བོད། ཁ་ཆེའི་ཡུལ་བཅས་ལ་ཁྱབ་ཡོད་པས་རྒྱ་དཀར་གཉིས་དང་པ་ཀི་སི་ཐན་སོགས་རྒྱལ་ཁབ་གསུམ་གྱིས་སྤང་གོང་མཚོའི་བདག་དབང་རྩོད། ༡༩༦༢་ལོར་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་ས་མཚམས་སུ་དམག་འཁྲུག་བརྒྱབ་པའི་རྗེས་སུ་ཕྱོགས་གཉིས་ཀས་དངོས་སུ་དབང་སྒྱུར་ས་ཐིག་ཅེས་པའི་བཤད་སྲོལ་ཞིག་གཏན་ལ་ཕབ། འོན་ཀྱང་རྒྱ་དཀར་ནག་གཉིས་ཀ་དབང་སྒྱུར་ས་ཐིག་དེར་རྩོད་པ་བྱུང་ནས་རྟག་ཏུ་གཅིག་གི་དབང་སྒྱུར་མངའ་ཁོངས་སུ་ཅིག་ཤོས་འཛུལ་ཞུགས་བྱས་ནས་འཁྲུག་རྩོད་འབྱུང་། ༢༠༢༠་ལོའི་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་ཐམ་པར་སྲོག་སྐྱོན་དང་མི་བརྒྱ་སྐོར་ཞིག་ལ་རྨས་སྐྱོན་ཕོག རྒྱ་ནག་གི་དམག་མི་༣༧་ནས་༤༥་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་འདུག་ཅེས་རྒྱ་གར་དང་ཨ་མི་རི་ཀ་གཉིས་ཀྱིས་བསྒྲགས་ཀྱང་རྒྱ་ནག་གིས་རང་དམག་ཅི་ཙམ་ལ་སྲོག་སྐྱོན་ཕོག་མིན་གྱི་གྲངས་འབོར་གསལ་པོ་ཞིག་གཏན་ནས་ཕྱི་ལ་མ་བསྒྲགས། སྔ་ལོའི་ཕྱི་ཟླ་༩་པའི་ནང་དུ་རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཁག་ཏུ་དམག་དཔུང་ཁ་སྣོན་གཏོང་རྒྱུ་མིན་པའི་གྲོས་མཐུན་ཞིག་བཞག་ཀྱང་ཕྱོགས་གཉིས་ཀས་དམག་དཔུང་ཁ་སྣོན་བཏང་སྟེ་དགུན་གྱི་དུས་སུ་དམག་དཔུང་ལ་མཁོ་བའི་བཟའ་བཅའ་དང་སྨན། མལ་ཆས་དང་དགུན་ལྭ། གུར་དང་ལྕགས་ཐབ། འབུད་རྫས་སོགས་ཟླ་བ་མང་པོར་འདང་བའི་མཐུན་རྐྱེན་རྣམས་བསྒྲུབས། རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཁག་ལ་དམག་དཔུང་བཀྲམ་ནས་ཡུན་རིང་འཇོག་རྒྱུ་དང་དམག་འཁྲུག་གི་གྲ་སྒྲིག་ཚུལ་བཞིན་བྱས་འདུག

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་གིས་རྒྱལ་ཡོངས་གྲོས་ཚོགས་ལ་གཏམ་བཤད་བྱས་པའི་སྐབས་སུ་ང་ཚོའི་དམིགས་ཡུལ་ནི་ས་མཚམས་ཀྱི་དམག་དཔུང་རྣམས་ཕྱིར་འཐེན་དང་ཞི་བདེ་བརྟན་ལྷིང་སླར་གསོ། ན་ནིང་འཁྲུག་རྩོད་མ་ལངས་སྔོན་གྱི་གནས་སྐབས་དེར་བསྐྱར་ལོག་བྱེད་ཐུབ་པའི་རེ་བ་འཆང་ཡོད་ཅེས་བཤད། ཡིན་ནའང་རྒྱལ་ས་ལྡི་ལིའི་རྒྱ་གར་གྱི་ལྟ་ཞིབ་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་མ་ནོ་ཇ་ཇཱོ་ཤཱི་ལྟ་བུའི་ཉམས་ཞིབ་པ་ཁག་ཅིག་གིས་སྤང་གོང་མཚོ་འགྲམ་ནས་དམག་དཔུང་ཕྱིར་འཐེན་བྱས་པ་ཙམ་གྱིས་རྒྱ་དཀར་ནག་གི་རྩོད་གཞི་རྣམས་ཐག་ཆོད་པ་ཞིག་མ་རེད། ད་དུང་ཡང་རྒྱ་དཀར་ནག་གཉིས་ཀྱིས་དངོས་སུ་དབང་སྒྱུར་བྱེད་ཡོད་པའི་ས་ཐིག་ཁག་ཏུ་རྩོད་རྙོག་ཆེན་པོ་མང་དག་ཅིག་ལྷག་འདུག ངས་བལྟས་ནས་ང་ཚོ་སྔོན་མའི་ཞི་བདེ་བརྟན་ལྷིང་གི་གནས་སྐབས་དེར་ཕྱིར་ལོག་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དཔེར་ན་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་ལ་རྒྱ་ནག་གིས་སྔར་བཞིན་བཙན་འཛུལ་བྱ་རྒྱུ་མཚམས་འཇོག་གི་མེད་ཅིང་། རྒྱ་གར་ལ་དམག་དོན་འཐབ་ཇུས་ཐོག་ཏུ་གནད་འགག་ཆེ་བའི་ས་མཚམས་ཁག་ཏུ་རྒྱ་ནག་གིས་མུ་མཐུད་དུ་དམག་གསོག་རྒྱག་གི་འདུག སྤང་གོང་མཚོ་འགྲམ་ནས་དམག་དཔུང་ཕྱིར་འཐེན་བྱས་པ་ནི་གནད་དོན་ཆུང་ཆུང་ཞིག་རེད། ས་མཚམས་ཀྱི་གནད་འགག་ཆེ་ས་གཞན་ཁག་ལ་བསམ་བློ་གཏོང་དགོས། ས་ཁུལ་དེ་དག་ལ་ཅི་ཞིག་འབྱུང་གི་ཡོད་མེད་དེར་རྒྱ་གར་གྱིས་ངེས་པར་དུ་དོགས་ཟོན་བྱ་དགོས་ཞེས་ཉེན་བརྡ་བཏང་ཞིང་། རྒྱ་ནག་གིས་རྒྱ་གར་གྱི་དབང་སྒྱུར་འོག་ཏུ་ཚུད་པའི་བོད་ཀྱི་ས་ཆ་དེ་རྣམས་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་རྩོད་པ་རྒྱག་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད།།

XS
SM
MD
LG