ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༣/༠༡/༢༧

ཡུཀ་རེན་གྱི་ས་ཐོག་ཏུ་ཨུ་རུ་སུའི་དམག་མི་༡༨༨༠༠༠་ཙམ་བསད་རྨས། 


༄༅།། ན་ནིང་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་༡༨༨༠༠༠་བསད་རྨས་དང་ཡུཀ་རེན་གྱི་དམག་མི་འབུམ་༡་ལྷག་བསད་རྨས། ད་དུང་ཡུཀ་རེན་གྱི་མི་མང་དཀྱུས་མ་ཁྲི་ཚོ་༣་ལྷག་བསད་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་རྒྱལ་ཁབ་ནོར་ཝེའི་རྒྱལ་སྲུང་བློན་ཆེན་གྱིས་ཨུ་རུ་སུའི་དམག་མི་འབུམ་༡་དང་ཁྲི་ཚོ་༨་ལྷག་བསད་རྨས་བྱུང་འདུག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། རྒྱལ་སྲུང་བློན་ཆེན་ཁེ་རི་སི་ཊོ་ཧྥར་སན་གྱིས་ནོར་ཝེའི་གཞུང་གིས་ཨུ་རུ་སུའི་དམག་མི་བསད་རྨས་བྱུང་བའི་གྲངས་འབོར་དེ་བསྡུ་རུབ་ཇི་ལྟར་བྱས་མིན་གསལ་བཀྲོལ་མ་བྱུང་། ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀས་རང་གི་དམག་མི་ཅི་ཙམ་བསད་རྨས་བྱུང་མིན་གྱི་གྲངས་འབོར་ཁ་གསལ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་པས་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་རང་ཐད་དུ་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་མི་བསད་རྨས་ཀྱི་གྲངས་འབོར་དེར་ངེས་གཏན་མ་ཐུབ། ནོར་ཝེའི་རྒྱལ་སྲུང་བློན་ཆེན་གྱིས་ཨུ་རུ་སུའི་དམག་མི་བསད་རྨས་ཚབས་ཆེན་བྱུང་ཡང་ཕུ་ཊིན་གྱིས་སླར་ཡང་དམག་སྐུལ་བྱ་རྒྱུ་དང་མཚོན་ཆ་བཟོ་སྐྲུན་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་དམག་འཁྲུག་རྒྱུན་སྐྱོང་བྱ་རྒྱུའི་ཉེན་ཁ་འདུག ང་ཚོའི་བློ་འཚབ་ཆེ་ཤོས་ནི་ཡུཀ་རེན་གྱིས་སྔར་བཞིན་ཨུ་རུ་སུའི་གནམ་དམག་འགོག་ཐུབ་རྒྱུ་ཡིན་མིན་དེ་ཡིན། ད་ལྟའི་བར་དུ་ཡུཀ་རེན་གྱི་འགོག་སྲུང་འཕུར་མདེལ་གྱིས་ཨུ་རུ་སུའི་གནམ་དམག་རྣམས་འཐབ་འཁྲུག་དེར་ཞུགས་མི་ཐུབ་པ་ཞིག་ཏུ་བཏང་བ་རེད། གལ་སྲིད་ཡུཀ་རེན་གྱིས་དགུན་དུས་འདིར་ཨུ་རུ་སུར་ཕར་རྒོལ་བྱ་དགོས་ན་མྱུར་དུ་འཇར་མན་སོགས་ཀྱིས་བཟོས་པའི་གཟིག་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་ཆེ་ཁག་རྣམས་སྤྲོད་དགོས་ཀྱི་འདུག་ཅེས་བསྟན། ཉེ་དུས་ཤིག་ནས་ཨུ་རུ་སུའི་དམག་གིས་རྒྱང་ནས་འཕུར་མདེལ་འཕངས་ཏེ་ཡུཀ་རེན་གྱི་གློག་ཁང་དང་ཆུ་མཛོད། མི་མང་དཀྱུས་མའི་གནས་ཁང་ཁག་ལ་གཏོར་རྒོལ་བྱ་རྒྱུ་མགོ་བརྩམས། གཟའ་པ་སངས་ཉིན་འཇར་མན་གཞུང་གིས་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་སྟེར་མི་ཐུབ་ཀྱང་ཁྱིམ་མཚེས་རྒྱལ་ཁབ་པོ་ལན་ཌི་སོགས་ཀྱིས་སྤྲད་ན་དེ་ལ་དགག་བྱ་མེད་ཅེས་ཐག་བཅད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༢༡་ཉིན་མེ་ལོང་གསར་ཁང་གིས་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ཨུ་རུ་སུའི་དམག་མི་༡༨༨༠༠༠་ཡས་མས་ཤིག་བསད་རྨས་བྱུང་། ཨུ་རུ་སུའི་འཐབ་འཁོར་སྟོང་ཕྲག་འགའ་དང་དམག་གི་གནམ་གྲུ་བརྒྱ་ཕྲག་རེ་ཟུང་ཞིག་ལ་ཡུཀ་རེན་གྱིས་འཕུར་མདེལ་བརྒྱབ་ནས་གཏོར་འདུག ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་༢༠༠༠་ལྷག་གཏོར་པའམ། ཡང་ན་ཡུཀ་རེན་གྱི་དམག་གིས་ཕྲོགས་འདུག་ཅེས་བདུན་ཕྲག་སྔོན་མར་འཇར་མན་ཎིའི་ས་ཐོག་ཏུ་ཚུགས་པའི་ཨ་རིའི་རམ་སི་ཊན་དམག་གི་གནམ་ཐང་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྒྱལ་སྲུང་བློན་ཆེན་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་རྣམས་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག་ཏུ་བསྒྲགས། ཟླ་བ་སྔོན་མར་དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་གྱིས་ཉུང་མཐའ་ཡང་ཨུ་རུ་སུའི་དམག་མི་འབུམ་༡་ལྷག་བསད་རྨས་བྱུང་བ་དང་དམག་ས་ནས་བྲོས་པ་སོགས་བྱུང་འདུག ཨུ་རུ་སུའི་དམག་གི་གནམ་གྲུ་༦༣་དང་ཐད་འཕུར་གནམ་གྲུ་༧༠་ཐམ་པ། ཁ་ལོ་བ་མེད་པའི་འཕུར་གྲུ་༡༥༠་དང་འཐབ་འཁོར་༤༥༠༠་ཐམ་པ། ཨུ་རུ་སུའི་དམག་གྲུ་༡༢་དང་མེ་སྒྱོགས་༦༠༠་ལྷག་ཡུཀ་རེན་གྱིས་གཏོར་འདུག་ཅེས་གནས་ཚུལ་སྤེལ། བདུན་ཕྲག་སྔོན་མར་རྒྱལ་ཁབ་༥༠་ཐམ་པའི་རྒྱལ་སྲུང་བློན་ཆེན་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་རྣམས་ཚོགས་འདུ་ཚོགས་ནས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་ཁ་བསྡུར། འཇར་མན་གཞུང་གིས་གཟིག་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་ཡུཀ་རེན་ལ་སྤྲོད་རྒྱུའི་མོས་མཐུན་བྱེད་ཀྱི་མེད་པར་སྐྱོན་བརྗོད་དྲག་པོ་ཕོག

ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པས་ཡུཀ་རེན་གྱི་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ན། འདས་པའི་ཉིན་བཞིའི་རིང་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་༣༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་བྱུང་ཞིང་། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ནས་ད་ལྟའི་བར་དུ་ཨུ་རུ་སུའི་དམག་མི་༡༢༠༧༦༠་ཐམ་པར་ཡུཀ་རེན་གྱི་དམག་ས་ཁག་ཏུ་སྲོག་སྐྱོན་ཕོག་ཅིང་། ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་མོ་སི་ཀོ་དུས་བབ་ཚགས་པར་གྱིས་༢༠༢༣་འགོ་ཚུགས་ནས་བཟུང་སྟེ་ཨུ་རུ་སུའི་དམག་མི་༡༠༠༠་ཡས་མས་ཤིག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་འདུག ཕྱི་ཟླ་དང་པོའི་ཚེས་༡་ནས་ཚེས་༡༧་བར་དུ་ཨུ་རུ་སུའི་གཞུང་གིས་དམག་མི་༩༤༢་ཀྱི་མིང་ཐོ་དམག་སར་ཤི་བའི་ཐོ་གཞུང་དུ་བསྣན་སོང་། དེས་ན་ཨུ་རུ་སུའི་གཞུང་གི་གཞི་གྲངས་སུ་དམག་མི་༡༡༦༦༢་ལ་སྲོག་སྐྱོན་ཕོག་པ་ངེས་གཏན་བྱེད་ཐུབ། ཡིན་ནའང་ཟླ་བ་༡༡་ལྷག་གི་དམག་འཁྲུག་གི་རིང་དེར་ཨུ་རུ་སུའི་དམག་མི་བསད་རྨས་བྱུང་བའི་གྲངས་འབོར་ངོ་མ་ནི་གཞུང་གིས་ཕྱིར་བསྒྲགས་བྱས་པ་ལས་ཀྱང་ལྡབ་འགའ་ཞིག་མང་བ་ཡོད་ངེས་རེད་ཅེས་གནས་ཚུལ་སྤེལ། མཱི་ཌི་ཡ་ཛོ་ན་གསར་ཁང་གིས་རྩོམ་སྒྲིག་པ་ཊ་རེ་ཤི་ཆ་ནིན་གྱིས་ཡུ་ཊུབ་དྲྭ་རྒྱའི་ཐད་གཏོང་ནང་དུ་ཨུ་རུ་སུའི་དམག་གིས་བྷ་ཧ་མུ་ཏ་གྲོང་རྡལ་ལེན་པར་དམག་དཔུང་ཕོན་ཆེན་བཏང་ནས་བསད་རྨས་ཆེན་པོ་འབྱུང་གི་འདུག ཨུ་རུ་སུའི་དམག་མི་བསད་རྨས་བྱུང་བའི་གྲངས་འབོར་ནི་ཧང་སང་དགོས་པ་ཞིག་རེད་ཅེས་བཤད། ཕྱི་ལོ་གསར་པའི་གནམ་གང་གི་དགོང་མོར་ཡུཀ་རེན་གྱིས་མེ་སྒྱོགས་བརྒྱབ་ནས་ཨུ་རུ་སུའི་དམག་མི་༨༩་སོང་ཞེས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་གསལ་བསྒྲགས་སྤེལ། ཨུ་རུ་སུ་རྒྱལ་ཡོངས་ཀྱི་གྲོང་རྡལ་ཁག་དང་གྲོང་གསེབ་ཁག་ཏུ་དམག་མིའི་དུར་ས་གསར་པ་ཅི་ཙམ་བསྐོས་ཡོད་མེད་རྣམས་དང་བླངས་པ་ཚོས་རྟོག་ཞིབ་བྱེད་ཀྱི་ཡོད་པའི་གྲངས་འབོར་རྣམས་སྤྱི་བསྡོམས་རྒྱག་ཐུབ་མེད་པའི་གནས་ཚུལ་ཐོན།།

ཉེ་ཆར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཕྱི་ལོ་གསར་པའི་གཏམ་བཤད་སྐབས་སུ་ཨུ་རུ་སུ་སྐྲག་གི་ཡོད་པ་དང་སྐྲག་གི་ཡོད་པ་ང་ཚོས་ཤེས་ཚོར་ཐུབ། ཁོ་ཚོ་སྐྲག་དགོས་པ་ཞིག་ཀྱང་ལོས་ཡིན། ཅིའི་ཕྱིར་ཞེ་ན་ཨུ་རུ་སུ་དམག་ཕམ་གྱི་ཡོད་པ་རེད། འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་སོགས་ཀྱིས་ཨུ་རུ་སུར་ཕན་མ་ཐོགས། ཡུཀ་རེན་གཞུང་དམངས་གཉིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་པར་ཨུ་རུ་སུ་སྐྲག་དགོས་ངེས་རེད། ཕུ་ཊིན་ནས་ཡུཀ་རེན་གྱི་རྒྱལ་ས་ཆུ་ཚོད་འགའ་ཞིག་གི་ནང་དུ་ལེན་ཐུབ་པ་དང་ཡུཀ་རེན་མི་དམངས་ཀྱིས་ཨུ་རུ་སུའི་དམག་ལ་མེ་ཏོག་གཏོར་ནས་དགའ་བསུ་ཞུ་ཡི་རེད་ཅེས་འཕྲུལ་སྣང་ཞིག་བཅངས་ནས་འུར་སྒྲོགས་བྱས་པ་རེད། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་ས་ལེན་ཐུབ་མེད་པ་དང་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་དམག་དཔུང་ཁར་ཀིབ་སོགས་ནས་མཐར་སྤྲོད་བཏང་བ་རེད་ཅེས་མང་ཚོགས་ལ་སྙིང་སྟོབས་སྤར། ཨུ་རུ་སུར་དམག་འཁྲུག་གི་ཕམ་ཉེས་ཆེན་པོ་བྱུང་ཡང་ཡུཀ་རེན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས། དེ་བཞིན་མཚོ་ནག་མངའ་ཁུལ་དུ་དམག་གི་སྟོབས་ཤུགས་ཆེ་རུ་བཏང་སྟེ་དཔྱིད་ཀྱི་དུས་སུ་ཡུཀ་རེན་ལ་ཕྱོགས་ཡོངས་ནས་དཔུང་འཇུག་གསར་པ་ཞིག་བྱ་རྒྱུའི་དམག་ཇུས་བཤམས། དེར་བརྟེན་ཡུཀ་རེན་གྱིས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མཚོན་ཆ་རོགས་རམ་མང་དུ་ཐོངས། ཨུ་རུ་སུའི་དམག་དཔུང་བསྐྱར་དུ་སྟོབས་ཤུགས་མ་རྒྱས་གོང་དུ་ཕམ་ཉེས་བཏང་སྟེ་དམག་འཁྲུག་མཇུག་བསྒྲིལ་དུ་འཇུག་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པར་མ་ཟད། ཡུཀ་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་གྲོས་གཞི་དེར་མོས་མཐུན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་འཇར་མན་ཎི་དང་ཧྥ་རན་སོགས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཡུཀ་རེན་ལ་མཚོན་ཆ་གསར་པ་རོགས་རམ་སྤྲོད་རྒྱུར་འཛེམ་ཟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་ཨ་རིའི་འགན་འཁྲི་ལེན་པའི་འཛིན་སྐྱོང་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་ཕྱི་ཟླ་༡༠་པ་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་གློག་ཁང་ཁག་དང་རྨང་གཞིའི་འཛུགས་སྐྲུན་ཁག་ལ་གཏོར་རྒོལ་བྱ་རྒྱུ་འགོ་ཚུགས་སོང་། ཕུ་ཊིན་གྱི་འཐབ་ཇུས་དེའི་དམག་ཡུལ་ཅི་ཡིན་ནམ། འཐབ་ཇུས་དེར་གྲུབ་འབྲས་འཐོན་རྒྱུ་རེད་དམ་ཞེས་ཞིབ་འཇུག་གི་རྩོམ་ཡིག་ཅིག་སྤེལ་འདུག རྩོམ་ཡིག་དེར་ཨ་མི་རི་ཀས་འཕུར་མདེལ་དང་གནམ་དམག་གིས་གཞན་གྱི་རྨང་གཞིའི་མཐུན་རྐྱེན་ཁག་ལ་གཏོར་རྒོལ་བྱས་ནས་ཉམས་མྱོང་ཆེན་པོ་བསགས་ཡོད་པ་རེད། ཨ་མི་རི་ཀའི་འཐབ་ཇུས་དེར་ནུས་པ་ཐོན་མེད་པས་ཨུ་རུ་སུའི་འཐབ་ཇུས་དེ་ལའང་གྲུབ་འབྲས་འཐོན་རྒྱུ་ཁག་པོ་ཡིན་ཤས་ཆེ། དེ་ལས་ལྡོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་སྲིད། ཕུ་ཊིན་ནས་ཡུཀ་རེན་གྱི་གྲོང་ཁྱེར་ཁག་ལ་གཏོར་རྒོལ་བྱས་ནས་མི་མང་འཚོ་གནས་མི་ཐུབ་པར་གཏོང་གི་ཡོད་པ་ནི་ཨུ་རུ་སུར་དམག་འཁྲུག་གི་ཕམ་ཉེས་བྱུང་སྟེ་སྙིང་ནད་དྭངས་ཐབས་སུ་གཏོར་རྒོལ་བྱེད་ཀྱི་ཡོད་པ་རེད། ན་ནིང་ཕྱི་ཟླ་༩་པར་ཨུ་རུ་སུའི་དམག་དཔུང་རྣམས་ཁར་ཀིབ་ནས་ཕྱིར་འཐེན་དང་དེའི་རྗེས་སུ་ཡུཀ་རེན་གྱི་ལྷོ་ཕྱོགས་ཁར་སན་གྲོང་ནས་ཕྱིར་འཐེན་བྱ་དགོས་བྱུང་བ་ནི་ཕུ་ཊིན་གྱིས་ནམ་ཡང་ངོས་ལེན་བྱེད་མི་ཐུབ་པའི་ཕམ་ཁ་ཞིག་ཡིན་ཞིང་། ཕུ་ཊིན་ནས་ཡུཀ་རེན་གྱི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་བཅས་ས་གནས་༤་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་དོན་དངོས་སུ་ཡུཀ་རེན་གྱིས་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱས་ནས་ས་གནས་དེ་ཚོར་ཨུ་རུ་སུའི་དབང་བསྒྱུར་དམ་པོ་ཞིག་བྱེད་མི་ཐུབ་པར་གྱུར། ན་ནིང་ཕྱི་ཟླ་༡༠་པའི་ཚེས་༨་ཉིན་ཨུ་རུ་སུ་ནས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་དུ་མཐུད་ཡོད་པའི་ཀར་ཆི་ཟམ་ཆེན་ལ་གཏོར་རྒོལ་ཕོག ཐ་ན་ཨུ་རུ་སུས་༢༠༡༤་ལོར་ཕྲོགས་པའི་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་ཡང་འཆོར་ཉེན་འདུག་ཅེས་ཞིབ་བཀོད་བྱས་འདུག

XS
SM
MD
LG