ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༠༦

ཨུ་རུ་སུ་བ་ཚོས་དམག་འཁྲུག་གི་དུས་སུ་རང་ཡུལ་བསྐྱུར་ནས་ཕྱི་ལ་སྡེབ་འབྲོས། 


༄༅།། སྔ་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་བཙན་འཛུལ་བྱུང་ནས་ཡུཀ་རེན་བ་ས་ཡ་འགའ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བཙན་བྱོལ་དུ་བྲོས། ཨུ་རུ་སུ་བ་བརྒྱ་ཕྲག་མང་པོས་རང་ཡུལ་དུ་དམག་ཁྲིམས་བསྡམས་ནས་ས་མཚམས་སྒོ་རྒྱུ་རེད་ཅེས་སྐྲག་སྟེ་ཕྱི་ལ་ཐོན། ཁ་སང་ཕྱི་ཟླ་༢་པའི་ཚེས་༡༣་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། མི་ཁག་ཅིག་གིས་སྔ་མོ་ནས་ཨུ་རུ་སུའི་བཙན་དབང་ལམ་ལུགས་ལ་ངོ་རྒོལ་བྱས་པ་དང་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་རྗེས་མི་དེ་དག་རང་ཡུལ་དུ་གཏན་ནས་སྡོད་འདོད་མ་སྐྱེས། མི་ཁག་ཅིག་དཔལ་འབྱོར་གྱི་ཁེ་ཕན་དང་འཚོ་བ་ཡར་རྒྱས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད་པའི་མཇུག་འབྲས་མྱོང་མི་དགོས་པའི་ཆེད་དུ་ཕྱི་ལ་བྲོས། ན་ནིང་སྟོན་ཁར་ཕུ་ཊིན་གྱིས་སྐྱེས་པ་འབུམ་༣་དམག་ཁྲལ་བསྡུ་རྒྱུ་གསལ་བསྒྲགས་སྤེལ། སྐབས་དེར་ཨུ་རུ་སུའི་སྐྱེས་པ་འབུམ་༥་ནས་ས་ཡ་༡་ཙམ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བྲོས་ནས་དམག་ཁྲལ་ལ་གཡོལ། ད་དུང་ཡང་ཡུཀ་རེན་གྱི་དམག་འཁྲུག་མཇུག་བསྒྲིལ་རྒྱུའི་རྟགས་མཚན་མེད་པ་དང་ཕུ་ཊིན་གྱིས་སླར་ཡང་དམག་ཁྲལ་བསྡུ་དགོས་པར་ཐེ་ཚོམ་བྲལ། ཡུཀ་རེན་གྱི་དམག་འཁྲུག་ལངས་རྗེས་ཨུ་རུ་སུ་བ་རྣམས་ཕྱི་ལ་སྡེབ་འབྲོས་བྱེད་ཀྱི་ཡོད་པ་ནི་༡༩༡༧་ལོར་ཨུ་རུ་སུར་དམག་ཤོག་གི་གསར་བརྗེ་ལངས་པ་དང་༡༩༩༡་ལོར་ཨུ་རུ་སུའི་དམག་ཤོག་ལམ་ལུགས་འཐོར་ཞིག་ཕྱིན་པའི་རྗེས་སུ་མི་མང་སྡེབ་འབྲོས་བྱས་པ་དེ་འདྲ་ཞིག་ད་ལྟའི་བར་དུ་བྱུང་མྱོང་མེད་ཅིང་། ཨུ་རུ་སུའི་ཤེས་ཡོན་ཅན་དང་ཚན་རིག་པ། ཕྱུག་བདག་དང་འབྱོར་ལྡན་པ། འཕྲུལ་རིག་ལག་རྩལ་བ་རྣམས་ཕྱི་ལ་བྲོས་ཏེ་མ་འོངས་པའི་མི་རབས་མང་པོར་ཤུགས་རྐྱེན་ཐེབས་རྒྱུ་བརྗོད་ཅི་དགོས། ཕུ་ཊིན་གྱིས་དམག་འཁྲུག་བསླངས་ནས་ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་ཉུང་མཐའ་ཡང་ལོ་༣༠་ཐམ་པར་ལྟག་ལོག་རྒྱག་ཏུ་བཅུག ཡུཀ་རེན་གྱི་དམག་འཁྲུག་ཅི་ཙམ་རྒྱུན་བསྲིངས་ན་དེ་ཙམ་གྱིས་ཨུ་རུ་སུའི་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད། མི་མང་རྣམ་དཔྱོད་ཅན་རྣམས་ཕྱི་ལ་ཤོར་ཏེ་ཨུ་རུ་སུ་ལོ་བཅུ་ཕྲག་མང་པོར་སླར་གསོ་བྱེད་མི་ཐུབ་པའི་དཀའ་ངལ་འོག་ཏུ་ཚུད་རྒྱུ་རེད་ཅེས་གནས་ཚུལ་སྤེལ་འདུག

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པས་ཨུ་རུ་སུ་བ་འཁོས་འབྱོར་ཞན་པ་རྣམས་ཨར་མེ་ཎི་ཡ་དང་ཁ་ཛག་སི་ཐན། སོག་ཡུལ་དང་ཨུ་ཛི་བྷེ་ཀི་སི་ཐན་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བྲོས། ཨུ་རུ་སུ་བ་ཐོངས་མཆན་ཞུས་ཡོད་པ་དང་འབྱོར་ལྡན་པ་རྣམས་ཧྥིན་ལན་ཌི་དང་ལི་ཐུ་ཝེ་ཎི་ཡ། ལཱ་ཊི་ཝི་ཡ། ཨེ་སི་ཊོ་ཎི་ཡ་སོགས་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ཏུ་བསྐྱོད། མི་ཁག་ཅིག་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་ཨི་སི་རལ། ཐེ་ལན་ཌི་དང་ཨར་ཆིན་ཊི་ན། སྐྱེས་པ་གཉིས་ཀྱིས་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་ནས་གྲུ་ཆུང་ཞིག་བཏང་སྟེ་ཨ་རིའི་ཨ་ལ་སི་ཁ་མངའ་སྡེའི་ནང་དུ་བྲོས་བྲོལ་དུ་བསླེབས། ཨུ་རུ་སུ་བ་ཁག་ཅིག་ལྷོ་ཀོ་རི་ཡར་བྲོས་བྱོལ་དུ་བསླེབས་ཀྱང་མཐར་སྐྲོད་བཏང་ཞིང་། ཡུཀ་རེན་གྱི་དམག་འཁྲུག་གིས་ཨུ་རུ་སུར་གྱོང་གུད་ཅི་ཙམ་འཕོག་གི་ཡོད་མེད་གསལ་པོ་ཞིག་ཤེས་དཀའ། ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་ཨུ་རུ་སུའི་བརྡ་འཕྲིན་ལྷན་ཁང་གིས་༢༠༢༢་ལོར་འཕྲུལ་རིག་ལག་རྩལ་བ་བརྒྱ་༡༠་ཕྱི་ལ་ཕྱིན་པ་རྣམས་ཕྱིར་ལོག་བྱས་མི་འདུག་ཅེས་སྙན་ཐོ་བཏོན། ཨུ་རུ་སུའི་གཞུང་གིས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན་དང་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་རྣམས་འཛིན་བཟུང་། ཨུ་རུ་སུའི་རྒྱལ་ནང་དུ་ལུས་ཡོད་པའི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཚོར་རྒྱང་ཕུད་དང་བཙོན་འཇུག་གི་གདམ་ཀ་གཉིས་ལས་མི་སྤྲོད། དེས་ན་ཨུ་རུ་སུ་བ་ཇི་སྙེད་ཅིག་གིས་བཙན་ཁང་དུ་འདུག་རྒྱུའི་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་རྒྱང་ཕུད་དུ་གཏོང་རྒྱུ་དེ་བདམས། དེང་སྐབས་ཨུ་རུ་སུའི་གསར་འགོད་པ་དང་ལས་འགུལ་བ་རྣམས་འཇར་མན་ཎིའི་རྒྱལ་ས་བྷར་ལིན་དང་འཇོར་ཇཱི་ཡ་སོགས་སུ་འདུས། འཛམ་གླིང་ཡུལ་གྲུ་གང་སར་ཡུཀ་རེན་གྱི་བཙན་བྱོལ་བ་ཚོ་སྤྲོ་སེམས་རབ་ཏུ་ཁོལ་ནས་བསུ་ཡང་ཨུ་རུ་སུའི་བྲོས་བྱོལ་བ་ཚོ་དགྲ་གཉེན་ཅི་ཡིན་དབྱེ་འབྱེད་མ་ཐུབ་པར་དོགས་པ་བྱས་ནས་དགའ་མོས་མ་ཐོབ། རྒྱལ་ཁབ་འགའ་ཤས་ཀྱིས་ཨུ་རུ་སུའི་བྲོས་བྱོལ་བ་རྣམས་གཏན་ནས་ཡོང་མི་ཆོག་ཅེས་སྒོ་བརྒྱབ། ཕྱི་རྒྱལ་དུ་འབྱོར་བའི་ཨུ་རུ་སུའི་སློབ་ཕྲུག་གཙོས་བྲོས་བྱོལ་བ་ཚོར་དཀའ་ངལ་སྣོན་མ་ཞིག་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཏ་མ་ར་ཨེ་ཌེལ་མན་ཞེས་པའི་ཨུ་རུ་སུའི་ལོ་རྒྱུས་ཉམས་ཞིབ་པ་ཞིག་དམག་འཁྲུག་ལངས་རྗེས་ཡུ་རོབ་རྒྱལ་ཁབ་ཕོར་ཆུ་གྷལ་དུ་བྲོས་ནས་གཞིས་ཆགས། ཁོ་མོས་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ཨུ་རུ་སུར་ཡར་རྒྱས་ཀྱི་རྨང་གཞི་བཏིངས་པ་རྣམས་ཕུ་ཊིན་གྱིས་རིམ་པ་རེ་རེ་བཞིན་དུ་བཀོག་སྟེ་མེད་པར་བཏང་སོང་། ཟླ་བ་འགྲོ་རེ་བཞིན་དུ་ཕྱི་ལ་བྲོས་པའི་ཨུ་རུ་སུ་བ་རྣམས་འབྲོ་ཡུལ་རྒྱལ་ཁབ་དེར་གོམས་འགྲོ་ཡི་རེད། ཁོ་ཚོས་ལས་ཀ་གསར་པ་རེ་བཙལ་ནས་བུ་ཕྲུག་རྣམས་སློབ་གྲྭར་བཏང་སྟེ་སྐད་ཡིག་གསར་པ་རེ་སྦྱངས། ཡུཀ་རེན་གྱི་དམག་འཁྲུག་གི་དུས་ཡུན་ཅི་ཙམ་རིང་ན་དེ་སྲིད་དུ་ཨུ་རུ་སུའི་རྒྱལ་ནང་དུ་སྲིད་དབང་གཅིག་སྡུད་ལམ་ལུགས་རྒྱུན་འཛིན་བྱེད་ཐུབ། ཨུ་རུ་སུ་བ་ཕྱི་ལ་བྲོས་པ་རྣམས་རང་ཡུལ་དུ་ཕྱིར་ལོག་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་ཤས་ཆེ། ཕལ་ཆེར་ཕྱི་ལ་བྲོས་པའི་ཨུ་རུ་སུ་བ་རྣམས་གཏན་དུ་ཕྱིན་པ་རེད་སྙམ་ཞེས་བཀྲལ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཨ་རི་དང་ཨུ་རུ་སུའི་ཐེབས་རྩ་ཁང་གི་གཙོ་འཛིན་མེ་ཐུ་རོ་ཇན་སི་ཀིས་མི་མང་སྡེབ་འབྲོས་ནི་ཨུ་རུ་སུར་གྱོང་གུད་གསབ་ཏུ་མེད་པ་ཞིག་ཡིན་པར་མ་ཟད། ཁོ་ཚོས་མངོན་སུམ་འཛེམ་མེད་ཀྱིས་ཡུཀ་རེན་གྱི་དམག་འཁྲུག་ལ་རྒྱབ་སྐྱོར་མེད། ཕུ་ཊིན་གྱི་སྲིད་གཞུང་ལ་ངོ་རྒོལ་ཡོད་ཅེས་འོས་ཤོག་འཕངས་པ་དང་གཅིག་མཚུངས་རེད། ཕྱི་ལོགས་སུ་ཕྱིན་པའི་ཨུ་རུ་སུའི་ཤེས་ཡོན་ཅན་དང་ཚན་རིག་པ། འཕྲུལ་རིག་ལག་རྩལ་བ་རྣམས་མ་འོངས་པར་རང་དབང་དང་དེང་རབས་ཅན་གྱི་ཨུ་རུ་སུ་གསར་པ་ཞིག་ཚུགས་ན་མ་རྩ་ཡག་པོ་ཞིག་ཏུ་འགྱུར་སྲིད་ཅེས་བསྟན། ཨུ་རུ་སུའི་འབྱོར་ལྡན་པ་དང་འཕྲུལ་རིག་ལག་རྩལ་བ་མང་པོ་ཞིག་དཀྱིལ་ཤར་ས་ཁུལ་གྱི་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱས་སྤྲས་ཆེ་བའི་གྲོང་ཁྱེར་དྷུ་བྷེ་རུ་གཞིས་ཆགས། ཁོ་ཚོས་སྔར་བཞིན་ཡུ་རོབ་ནས་ཉོ་མི་ཐུབ་པའི་དངོས་ཟོག་ལོངས་སྤྱོད་རྣམས་ཉོ་ཐུབ་པ་དང་རྒྱས་སྤྲོས་ཀྱི་འཚོ་བར་རོལ། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ནུབ་ཕྱོགས་ལྟར་ཨུ་རུ་སུ་བ་ཚོར་ཐོངས་མཆན་བཀག་ནས་ཉེས་གཅོད་ཀྱི་མེད་པས་རྒྱལ་ཁབ་དེ་ཨུ་རུ་སུའི་འབྱོར་ལྡན་པ་དང་འཕྲུལ་རིག་ལག་རྩལ་བ་རྣམས་འདུ་ཡུལ་ཞིག་ཏུ་གྱུར།།

ཨུ་རུ་སུའི་བྲོས་བྱོལ་བ་ཁྲི་ཚོ་མང་པོ་འབྱོར་བའི་རྗེས་སུ་ཁ་ཛག་སི་ཐན་དང་ཀིར་ཀི་སི་ཐན། ཨར་མཱི་ཎི་ཡ་དང་འཇོར་ཇཱི་ཡ་སོགས་ཀྱི་ཁང་གླ་གནམ་ལ་འཕར་ཏེ་ས་གནས་མི་མང་དང་ཨུ་རུ་སུའི་བྲོས་བྱོལ་བ་ཚོའི་བར་དུ་འགལ་ཟླ་ལངས། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པ་ཨར་མཱི་ཎི་ཡའི་རྒྱལ་ས་ཡེ་རེ་ཝན་དུ་བསྐྱོད་དེ་ཨུ་རུ་སུ་ནས་བྲོས་བྱོལ་དུ་འབྱོར་བའི་མི་ཁག་ཅིག་ལ་བཅར་འདྲི་ཞུས། ལོ་ན་༢༥་ལ་སོན་པའི་ཨན་ཌི་རེ་ཞེས་པ་ནི་ཨུ་རུ་སུའི་དམག་མི་ཟུར་པ་ཞིག་ཡིན་ཞིང་། ཁོ་པས་ང་མི་གསོད་ཁྲག་སྦྱོར་དང་ཁྲིམས་འགལ་གྱི་དམག་འཁྲུག་འདིར་ཞུགས་འདོད་མེད་པར་བྲོས་ནས་ཡོང་བ་ཡིན། ང་འཚོ་བ་གསར་པ་འདིར་གོམས་ཀྱི་འདུག ངས་སྐྱེལ་འདྲེན་གྱི་ལས་རིགས་ཤིག་གཉེར་གྱི་ཡོད་པ་དང་ཤག་རོགས་གཉིས་ཡོད། དམག་འཁྲུག་གི་སྔོན་དེར་ངས་གསར་འགྱུར་ལས་གཏན་ནས་དོ་སྣང་བྱས་མྱོང་མེད། ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་ངས་གསར་འགྱུར་ཚང་མར་ལྟ་ཀློག་བྱེད་ཀྱི་ཡོད། ཨུ་རུ་སུས་ཅི་ཞིག་བྱེད་ཀྱི་ཡོད་པར་ང་ནི་ངོ་ཚ་ཡི་འདུག་ཅེས་གསར་འགོད་པའི་དྲིལ་བར་ལན་བཏབ། ལོ་ན་༢༦་ལ་སོན་པའི་ཊ་ཎི་ཡ་ར་སི་པོ་པོབ་ཅེས་པ་ནི་ཁྱོ་གའི་མཉམ་དུ་ན་ནིང་ཕྱི་ཟླ་༣་པའི་ནང་ཨར་མཱི་ཎི་ཡར་འབྱོར། ཁོ་ཚོར་འཆར་གཞི་མེད་པར་སྐབས་ཤིག་གི་རིང་དཀའ་ངལ་ཕྲད། ཁོ་ཚོས་རིམ་གྱིས་ཆང་ཁང་ཞིག་ཕྱེ་ནས་ཟླ་ཤས་རྗེས་སུ་ཚོང་ལས་དར། ད་ལྟ་ཏུབ་ཆང་ཁང་ནི་ཨུ་རུ་སུའི་བྲོས་བྱོལ་བ་རྣམས་འདུ་ཡུལ་ཞིག་ཏུ་གྱུར། སྔ་ལོའི་ཕྱི་ཟླ་༤་པའི་ནང་དུ་ཨུ་རུ་སུའི་བྲོས་བྱོལ་བ་ཚོས་རང་གི་བུ་ཕྲུག་ཚོར་ར་དཀྱིལ་ཞིག་ཏུ་སློབ་གྲྭ་ཞིག་བཙུགས། ཐོག་མར་ཕྲུ་གུ་༤༠་ལས་མེད་ཀྱང་རིམ་གྱིས་སློབ་ཕྲུག་༢༠༠་ལྷག་ཡོད་པ་དང་མེག་སིམ་ཞེས་པའི་འཛུགས་སྐྲུན་བ་ཞིག་གི་བུ་ཡང་སློབ་གྲྭ་དེར་ཞུགས། ཁོ་པ་ན་ནིང་ཕྱི་ཟླ་༩་པའི་ནང་དུ་དམག་ཁྲལ་ལ་གཡོལ་ཐབས་སུ་ཨར་མཱི་ཎི་ཡར་བྲོས།།

གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཕྱི་རྒྱལ་དུ་བྲོས་པ་ཚོར་ཁེ་ཕན་སྤྲད་ནས་རང་ཡུལ་དུ་ཕྱིར་འགུགས་བྱ་དགོས་ཞེས་གྲོས་གཞི་བཏོན། གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཕྱི་རྒྱལ་དུ་བྲོས་པ་ཚོའི་ཤུལ་ལུས་རྒྱུ་དངོས་རྣམས་གཞུང་བཞེས་བཏང་ནས་ཉེས་ཆད་གཅོད་དགོས་ཟེར། ཕུ་ཊིན་གྱིས་ཕྱི་རྒྱལ་དུ་བྲོས་པ་རྣམས་མིའི་གྲས་ཀྱི་གད་སྙིགས་རེད། ཁོ་ཚོ་ཕྱི་ལ་ཕྱིན་ན་རྒྱལ་ཁབ་གཙང་མ་ཆགས་པ་རེད་ཅེས་བསྡིགས། ཨ་མི་རི་ཀའི་དམག་དོན་ཞིབ་འཇུག་ཁང་གིས་ཕུ་ཊིན་གྱི་དམག་སྐུལ་ཐེངས་གཉིས་པ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་འདྲ་ཞེས་གནས་ཚུལ་སྤེལ། ན་ནིང་ཕྱི་ཟླ་༩་པའི་ནང་དུ་ཕུ་ཊིན་གྱིས་དམག་ཁྲལ་བསྡུས་པ་རྣམས་དམག་སྦྱོང་མ་ཐོབ་པར་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་སྟེ་བསད་པ་དང་རྨས། ཨུ་རུ་སུའི་དམག་མི་མང་པོས་ཡུཀ་རེན་ལ་མགོ་བསྒུར་བ་དང་དམག་ཁག་ཅིག་དམག་ས་ཁག་ནས་བྲོས། འདས་པའི་ལོ་གཅིག་ཡས་མས་ཤིང་གི་རིང་ཨུ་རུ་སུའི་དམག་མི་འབུམ་༢་ལྷག་བསད་རྨས་བྱུང་། ཨུ་རུ་སུའི་འཛུགས་སྐྲུན་ལས་རིགས་དང་སྤྱི་ཚོགས་ཞབས་ཞུ། འཕྲོད་བསྟེན་ལས་རིགས་དང་ཤེས་ཡོན་སློབ་གསོ། འཕྲུལ་རིག་ལག་རྩལ་ལ་སོགས་ཀྱི་ཆེད་ལས་ཁག་ཏུ་ཞུགས་པའི་སྐྱེས་པ་ཚོ་རང་རང་གི་ལས་གནས་ཁག་ནས་ཕྱི་ལ་བྲོས་ཏེ་ཚབ་ཤུལ་འཛུགས་རྒྱུ་མ་རྙེད། ཕྱི་ཟླ་དང་པོའི་ཚེས་༢༤་ཉིན་ཨུ་རུ་སུའི་གྲོས་འོག་མའི་འཐུས་མི་མཱོ་སིག་ཝི་ཆེ་ཞེས་པ་ཞིག་གིས་སུ་ཞིག་གིས་རླངས་འཁོར་བཏང་ནས་རྒྱལ་མཚམས་བརྒལ་དགོས་ན་ཨུ་རུ་སུའི་སྐྱེལ་འདྲེན་དང་རྨས་གཞིའི་མཐུན་རྐྱེན་འཛུགས་སྐྲུན་ལྷན་ཁང་ལ་སྔོན་ནས་ཐོ་འགོད་བྱ་དགོས། ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་སྤྱི་དམངས་དང་ཨུ་རུ་སུའི་བཟོ་ཚོང་ལས་ཁུངས་ཁག་གི་ལས་མི། ཕྱི་རྒྱལ་བ་དང་རྒྱལ་ཁོངས་མེད་པའི་མི་སོགས་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་ས་མཚམས་བརྒལ་དགོས་ན་སྔོན་ནས་ཚེས་གྲངས་དང་དུས་ཚོད་ཐོ་འགོད་བྱས་ནས་ཆོག་མཆན་ཞུ་དགོས། ཨུ་རུ་སུའི་གཞུང་གི་ཆོག་མཆན་མ་ཐོབ་པར་རྒྱལ་མཚམས་བརྒལ་ནས་བསྐྱོད་མི་ཆོག་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་ཞེས་གྲོས་གཞི་བཏོན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG