ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨུ་རུ་སུའི་དམག་སྐུལ་ཁང་རྣམས་མེར་སྲེག་བཏང་ནས་གཏོར་རྒོལ།


Russia military recruitment
Russia military recruitment

གཟའ་ཟླ་བའི་ཉིན་སེ་བྷི་རི་ཡའི་དམག་སྐུལ་ཁང་ཞིག་ཏུ་ཕོ་གསར་ལོ་ན་༢༥་ལ་སོན་པ་ཞིག་གིས་དམག་སྐུལ་འགོ་ཁྲིད་དེར་མེ་མདའ་བརྒྱབ་རྨས། སྐྱེས་པ་གཞན་ཞིག་གིས་དམག་སྐུལ་ཁང་ཞིག་གི་སྒོ་འགྲམ་དུ་རླངས་འཁོར་བཀག ཁོ་པས་ཤེལ་དམ་ནང་དུ་ས་སྣུམ་བླུགས་པའི་འབར་མདེལ་འགའ་ཞིག་མེར་སྒྲོན་ཏེ་དམག་སྐུལ་ཁང་དེར་གཏོར་རྒོལ་བྱས་འདུག

༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་དམག་སྐུལ་བཀའ་རྒྱར་ངོ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། གཟའ་ཟླ་བའི་ཉིན་སེ་བྷི་རི་ཡའི་དམག་སྐུལ་ཁང་ཞིག་ཏུ་ཕོ་གསར་ལོ་ན་༢༥་ལ་སོན་པ་ཞིག་གིས་དམག་སྐུལ་འགོ་ཁྲིད་དེར་མེ་མདའ་བརྒྱབ་རྨས། དེ་ནས་ཆུ་ཚོད་འགའ་ཞིག་གི་རྗེས་སུ་སྐྱེས་པ་གཞན་ཞིག་གིས་དམག་སྐུལ་ཁང་ཞིག་གི་སྒོ་འགྲམ་དུ་རླངས་འཁོར་བཀག ཁོ་པས་ཤེལ་དམ་ནང་དུ་ས་སྣུམ་བླུགས་པའི་འབར་མདེལ་འགའ་ཞིག་མེར་སྒྲོན་ཏེ་དམག་སྐུལ་ཁང་དེར་གཏོར་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༢༦་ཉིན་ཝོལ་སི་ཊི་རི་ཊི་ཉིན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སེ་བྷི་རི་ཡའི་ས་གནས་ཤིག་གི་དམག་སྐུལ་ཁང་དེའི་དམག་དཔོན་ལ་མེ་མདའ་རྒྱག་མཁན་དེ་ཨུ་ཛི་ཨི་ལིམ་ཛིཀ་གྲོང་ཁྱེར་གྱི་ཡུལ་མི་ཞིག་ཡིན་ཞིང་། ཁོ་པ་དམག་སྐུལ་ཁོངས་སུ་བསྡུས་མེད་ཀྱང་དམག་སྐུལ་ལ་ཁོང་ཁྲོ་ལངས་ནས་དམག་སྐུལ་ཁང་དུ་བརྒྱུགས། ཕོ་གསར་དེས་མི་ཚང་མ་རང་རང་གི་ཁྱིམ་དུ་ཕྱིར་ལོག་བྱོས་ཞེས་སྐད་བརྒྱབ་པའི་རྗེས་སུ་དམག་སྐུལ་ཁང་གི་འགོ་ཁྲིད་དེར་མེ་མདའ་བརྒྱབ། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་སྐུལ་བཀའ་རྒྱ་བཏང་ནས་བཟུང་། ཨུ་རུ་སུའི་ས་གནས་སྲིད་གཞུང་ཁག་དང་དམག་སྐུལ་ལས་ཁུངས་ཁང་ལ་གཏོར་རྒོལ་དང་མེར་སྲེག་གཏོང་རྒྱུ་ཇེ་མང་དུ་སོང་། འདས་པའི་ཟླ་བ་༦་གི་རིང་ཨུ་རུ་སུའི་མི་མང་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་ཉུང་མཐར་ཡང་དམག་སྐུལ་ཁང་༢༠་ཐམ་པ་མེར་སྲེག་བཏང་ནས་གཏོར་རྒོལ་ཕོག ད་ལྟ་ཨུ་རུ་སུའི་དམག་སྐུལ་ཁང་དེ་དག་ལ་གཏོར་རྒོལ་འཕོག་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པ་སྟེ། ཕུ་ཊིན་གྱི་དམག་སྐུལ་རྗེས་སུ་ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་དང་ཨུ་རུ་སུའི་ནུབ་ཕྱོགས་ཀྱི་ནི་ཤི་ནི་ནོབ་གོ་རོ་ཌི་གྲོང་ཁྱེར་གཉིས་ཀྱི་དམག་སྐུལ་ཁང་གི་སྒེའུ་ནང་དུ་ས་སྣུམ་བླུགས་པའི་འབར་མདེལ་གཡུགས་ཏེ་མེར་སྲེག་བཏང་བའི་གནས་ཚུལ་ཐོན་འདུག

དེང་སྐབས་ཕྱི་ལོགས་སུ་དཔར་འགྲེམ་བྱེད་བཞིན་པའི་མོ་སི་ཀོ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་ཨོ་རེན་བྷག་དང་ཛ་བྷ་ཡེ་ཀལ་ས་གནས་གཉིས་ཀྱི་དམག་སྐུལ་ཁང་ལ་གཏོར་རྒོལ་བྱ་ཐབས་བྱས་འདུག་ཅེས་གོ་ཐོས་འབྱུང་གི་ཡོད་ཀྱང་གནས་ཚུལ་ཞིབ་ཕྲ་ཞིག་ཤེས་རྟོགས་ཐུབ་དཀའ། ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ནས་སྤྱི་ལེ་༡༠༠༠་མཚམས་སུ་ཆགས་པའི་ཊོ་ལི་ཡ་ཊི་གྲོང་ཁྱེར་གྱི་གཞུང་གི་ལས་ཁུངས་མེར་སྲེག་བཏང་ཡོད་པའི་གནས་ཚུལ་ཐོན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཡུཀ་རེན་གྱི་ས་མཚམས་སུ་ཆགས་པའི་ཨུ་རུ་སུའི་ཝོལ་གྷོ་གྷ་རེ་ཌི་ས་གནས་གཞུང་གི་ལས་ཁུངས་ལ་འབར་མདེལ་གྱི་གཏོར་རྒོལ་བྱུང་། དེ་བཞིན་ཨ་མུར་དང་ཁ་བྷ་རོབ་སི་ཀི་ས་གནས་གཉིས་ཀྱི་དམག་སྐུལ་ཁང་། ཨལ་ཐེ་ས་གནས་ཀྱི་སྦྲག་ཁང་བཅས་པ་མེར་སྲེག་བཏང་ནས་གཏོར་རྒོལ་ཕོག ཡུཀ་རེན་གྱི་ཀིབ་ཡིག་ཟམ་ཚགས་པར་ལ་གཟའ་སྤེན་པའི་ཉིན་རྒད་པོ་ཞིག་གིས་ཨུ་རུ་སུའི་ཀན་ཛིཀ་གྲོང་རྡལ་གྱི་དམག་སྐུལ་ཁང་མེར་སྲེག་གཏོང་ཐབས་བྱས་ནས་འཛིན་བཟུང་བྱས་ཡོད་པ་དང་བྷ་བྷ་ཤི་ཀོར་ཏོ་སི་ཐན་གྱི་ཨུ་རུ་སུའི་གཞུང་གི་ལས་ཁུངས་མདུན་དུ་རླངས་འཁོར་གྱི་འཁོར་ལོ་མང་པོ་ཞིག་མེར་སྲེག་བཏང་ནས་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན། གཟའ་ཉི་མའི་ཉིན་སླར་ཡང་ཨུ་རུ་སུའི་ལེ་ནིན་གྷ་ར་ཌེ་དང་མོར་དོ་ཝི་ཡ། ཀ་ལིན་ནིང་གྷ་རེ་ཌི་གྲོང་ཁྱེར་གསུམ་གྱི་དམག་སྐུལ་ཁང་དང་ཝོལ་གྷོག་གྷ་རེ་ཌི་གྲོང་ཁྱེར་གྱི་གཞུང་གི་ལས་ཁུངས། གྲོང་གསེབ་ཀྱི་སྤྱི་ཚོགས་ཕན་བདེའི་ལས་ཁུངས་ཁག་མེ་སྲེག་ཐེབས་ཡོད་པའི་གནས་ཚུལ་ཐོན་འདུག ཁ་སང་གཟའ་ཟླ་བའི་ཉིན་མཚམས་སུའང་ཨུ་རུ་སུ་རྒྱལ་ཡོངས་ཀྱི་གཞུང་གི་ལས་ཁུངས་ཁག་དང་དམག་སྐུལ་ཁང་དེ་དག་ལ་མེ་སྐྱོན་བྱུང་བ་དང་ས་སྣུམ་གྱི་འབར་མདེལ་འཕངས་ནས་གཏོར་རྒོལ་བྱུང་བའི་ལན་ཁག་སུ་ལ་ཡོད་མེད་རྩད་གཅོད་མ་ཐུབ། ཉམས་ཞིབ་པ་ཚོས་ཕུ་ཊིན་གྱི་དམག་སྐུལ་དེར་ཨུ་རུ་སུའི་མི་དམངས་རྣམས་ཡི་མ་རང་པར་གཏོར་རྒོལ་བྱེད་ཀྱི་ཡོད་པའི་རྟགས་མཚན་གསལ་པོ་འདུག་ཅེས་གླེང་།།

ཕུ་ཊིན་གྱི་དམག་སྐུལ་རྗེས་སུ་ཨུ་རུ་སུའི་མཐའ་མཚམས་ཀྱི་ས་གནས་ཁག་གི་གྲངས་ཉུང་མི་རིགས་དང་མི་མང་དབུལ་ཕོངས། ཤེས་ཡོན་སློབ་སྦྱོང་མ་ཐོབ་པ་རྣམས་དམག་ཁོངས་སུ་ཞུགས་ཀྱི་ཡོད་མོད། འོན་ཀྱང་ཨུ་རུ་སུའི་འབྱོར་ལྡན་པ་དང་ཤེས་ཡོན་ཅན། མོ་སི་ཀོ་དང་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་ལྟ་བུའི་ཨུ་རུ་སུའི་དམག་སྐུལ་ལ་ཞུགས་དགོས་པའི་སྐྱེས་པ་རྣམས་ཕྱི་རྒྱལ་ལ་འབྲོ་ཐབས་སུ་བྲེལ། ད་ལྟའི་བར་དུ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་སར་བྷི་ཡ་གཅིག་པུར་ཨུ་རུ་སུའི་དམག་སྐུལ་ལ་ཞུགས་དགོས་པའི་ལོ་ཚད་ལོན་པའི་སྐྱེས་པ་ཁྲི་ཚོ་༥་ལྷག་འབྱོར། ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་འཇོར་ཇཱི་ཡར་དམག་སྐུལ་ལ་ཞུགས་དགོས་པའི་སྐྱེས་པ་ཁྲི་ཚོ་༥་ཡས་མས་ཤིག་བསླེབས། ད་དུང་སོག་ཡུལ་དང་ཁ་ཛཀ་སི་ཐན། ཨུ་ཛི་བྷེ་ཀི་སི་ཐན་དང་ཧྥིན་ལན་ཌི། ཏུར་ཀི་དང་ནོར་ཝེ་བཅས་ལ་གནམ་གྲུ་དང་གྲུ་གཟིངས། མེ་འཁོར་དང་རླངས་འཁོར། ཐ་ན་ལྕགས་རྟ་བཞོན་པ་དང་རྐང་ཐང་དུ་བསྐྱོད་ནས་ཕུ་ཊིན་གྱི་དམག་སྐུལ་ལ་གཡོལ་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ད་སྔ་ཨུ་རུ་སུའི་མང་ཚོགས་ཀྱིས་དམག་འཁྲུག་ལ་ངོ་རྒོལ་ཤུགས་ཆེན་པོ་ཞིག་བྱས་མེད་ཀྱང་ཡུཀ་རེན་ལ་བཙན་འཛུལ་བྱས་པར་དགའ་སྣང་གིས་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད་པའི་རྣམ་པ་མ་ཐོན། ད་ནས་ཨུ་རུ་སུའི་གྲོང་ཁྱེར་ཁག་གི་མི་རིགས་དཀར་པོའི་བུ་ཕྲུག་རྣམས་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་དགོས་པས་འཐབ་འཁྲུག་དེར་འཛིན་པའི་ལྟ་བར་འགྱུར་བ་ཐེབས་སྲིད། སན་ཊི་ཕི་ཊར་སི་བྷག་སྲིད་དོན་ཐེབས་རྩ་ཁང་གི་འགོ་ཁྲིད་ཝི་ནོ་གྷ་རེ་ཌོབ་ཀྱིས་དམག་སྐུལ་དེས་མི་དམངས་ལ་ཉེ་བའི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་དངངས་སྐྲག་བསླངས་སོང་། མིག་སྔར་དངངས་སྐྲག་དེ་འཇམ་རྒྱུ་ཡིན་པའམ། ཡང་ན་ཨུ་རུ་སུའི་མི་དམངས་རྣམས་ཕུ་ཊིན་གྱི་དམག་སྐུལ་སྲིད་ཇུས་ལ་ཡི་མ་རང་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་མིན་བཤད་དཀའ་བ་ཞིག་རེད། ཕུ་ཊིན་གྱི་དམག་སྐུལ་སྲིད་ཇུས་འགོག་ཐུབ་ཀྱི་ཡོད་པའི་རྣམ་པ་མི་འདུག་ཅེས་བསྟན།།

ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཉམས་ཞིབ་པ་ཁག་ཅིག་གིས་ཨུ་རུ་སུའི་དམག་མི་གསར་པ་ཚོར་དུས་ཡུན་བདུན་ཕྲག་གཉིས་ཀྱི་དམག་སྦྱོང་ལས་སྤྲོད་ཀྱི་མེད་པ་དང་འཐབ་འཁྲུག་གི་ཉམས་མྱོང་མེད་པ། ཨུ་རུ་སུའི་དམག་གི་མཚོན་ཆ་རྣམས་གོ་མཛོད་ཁག་ནས་ཕྱི་ལ་བཏོན་པའི་མཚོན་ཆ་རྙིང་པ་ཡིན་པར་མ་ཟད། ཨུ་རུ་སུའི་དམག་མི་གསར་པ་ཁག་ཅིག་ར་བཟི་ནས་དམག་སྐུལ་ཁང་དུ་སྐྱོད་ཀྱི་ཡོད་པ་དང་སྲིད་འཛིན་ཕུ་ཊིན་གྱིས་ཐད་ཀར་མདུན་སའི་དམག་སྤྱི་ཚོར་ཁ་པར་བཏང་ནས་ཐེ་ཇུས། ཡུཀ་རེན་གྱི་དམག་ས་ཁག་གི་ཨུ་རུ་སུའི་དམག་དཔུང་ལ་གཅིག་གྱུར་གྱི་བཀོད་འདོམས་པ་མེད་པ་དང་དམག་མི་རྣམས་དཔའ་ཞུམ་སྟེ་འཐབ་རྒོལ་གྱི་སེམས་ཤུགས་ཆག རྒྱལ་སྤྱིའི་ཁར་ཎི་གྷི་ཞི་བདེ་ཐེབས་རྩ་ཁང་གི་ཉམས་ཞིབ་པ་བྷོ་ནོབ་ཀྱིས་ཨུ་རུ་སུའི་དམག་མི་གསར་པ་ཚོར་ལྟོས་ཤིག ཁོ་ཚོ་རྒན་གཞོན་གཉིས་ཀ་ལོ་ཚད་ཆ་མཉམ་མེད་པ་དང་སྒྲིག་ཁྲིམས་བརྩི་མི་ཤེས་པ། དམག་འཐབ་དང་སྦྱོང་བརྡར་གྱི་ཉམས་མྱོང་ཅི་ཡང་མེད་པ། ཁོ་ཚོ་དམག་སར་བཏང་སྟེ་རྒྱལ་ཁ་ལེན་རྒྱུའི་ཚབ་ཏུ་གཉའ་ཆག་ནས་ཨུ་རུ་སུ་རྦད་དེ་ཕམ་ཉེས་སུ་གཏོང་དུ་འཇུག་རྒྱུའི་ཉེན་ཁ་ཆེ། ཨུ་རུ་སུའི་རྒྱལ་ནང་དུ་ངོ་རྒོལ་འབྱུང་གི་ཡོད་པ་དེ་དག་གིས་ཕུ་ཊིན་གྱི་སྲིད་ཇུས་ལ་འགྱུར་བ་གཏོང་ཐུབ་རྒྱུ་ཁག་པོ་རེད་ཅེས་བཀྲལ། ཡུཀ་རེན་གྱི་དམག་ཁོངས་སུའང་མི་དམངས་དཀྱུས་མ་ཡོད་ཀྱང་དེ་དག་གིས་རང་གི་རྒྱལ་ཁབ་ཀྱི་དོན་དུ་སྙིང་སྟོབས་བསྐྱེད་ནས་འཐབ་འཁྲུག་ལ་ཞུགས། ཁོ་ཚོར་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག ནུབ་ཆིངས་སོགས་ཀྱིས་དཔལ་འབྱོར་དང་མཚོན་ཆ། གསང་བའི་གནས་ཚུལ་མཁོ་སྤྲོད་སོགས་ཀྱི་རྒྱབ་སྐྱོར་བྱས་ནས་ཨུ་རུ་སུའི་བཙན་འཛུལ་བཀག ཉེ་དུས་ཤིག་ནས་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱ་རྒྱུ་འགོ་ཚུགས། ཉམས་ཞིབ་པ་ཁག་ཅིག་གིས་ཨུ་རུ་སུའི་དམག་དཔུང་ལ་ཕམ་ཉེས་དང་ཇུས་ཉེས་མུ་མཐུད་དུ་བྱུང་ན་ཕུ་ཊིན་གྱིས་དམག་མཚམས་འཇོག་དགོས་ཐུག་གི་རེད་ཅེས་ལྟ་ཚུལ་ཐ་དད་ཅིག་བརྗོད་འདུག

དེང་སྐབས་ཨུ་རུ་སུའི་ས་གནས་སྲིད་གཞུང་ཁག་གིས་དམག་སྐུལ་བ་གསར་པ་ཚོར་གླ་ཕོགས་ཀྱི་སྟེང་དུ་རུ་བྷུལ་ཁྲི་ཚོ་༥་སྟེ། ཨ་སྒོར་༨༠༨་རེ་བྱ་དགའ་སྤྲོད་རྒྱུ་དང་དམག་སར་ཤི་བའི་དམག་མི་འདས་པོ་རྣམས་ཀྱི་བཟའ་མི་ཚོར་དངུལ་སྒོར་གྱོང་གསབ་སྤྲོད་རྒྱུས་ཁས་བླངས། ཡིན་ནའང་བདུན་ཕྲག་སྔོན་མར་ཨུ་རུ་སུའི་གྲོས་ཚོགས་ཀྱིས་དམག་ས་ནས་བྲོས་པ་དང་དགྲ་བོར་མགོ་བཏགས་པ། གོང་རིམ་གྱི་བཀོད་འདོམས་ལ་མི་ཉན་མཁན་ཚོར་ལོ་བཅུའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་དང་དེ་དག་གི་བཟའ་མི་ཚོར་དངུལ་སྒོར་གྱོང་གསེབ་མེད་ཅེས་འཁོད་པའི་བཅའ་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་སྟེ་ཕུ་ཊིན་གྱིས་ཁྲིམས་ཡིག་དེར་མཚན་རྟགས་བཀོད། ཁ་སང་གཟའ་ཟླ་བ་ནས་ཨུ་རུ་སུའི་མཐའ་མཚམས་ཁག་ཏུ་དམག་སྐུལ་ལ་ཞུགས་དགོས་པའི་སྐྱེས་པ་རྣམས་ཕྱི་ལ་འགྲོ་རུ་འཇུག་གི་མེད་པ་དང་ཨུ་རུ་སུའི་དམག་དོན་ལས་ཁུངས་ཁག་གི་ཆོག་མཆན་ཐོབ་པའི་ཡིག་ཆ་སྟོན་དགོས་ཞེས་འགོག་གི་ཡོད་པའི་གནས་ཚུལ་ཐོན། རྒྱལ་སྤྱིའི་ཁར་ཎི་གྷི་ཞི་བདེ་ཐེབས་རྩ་ཁང་གི་ཉམས་ཞིབ་པ་བྷོ་ནོབ་ཀྱིས་ཨུ་རུ་སུའི་གཞུང་གིས་དམག་སྐུལ་བ་རྣམས་ཕྱི་ལ་བྲོས་བྱོལ་དུ་འགྲོ་བཞིན་པ་ཚོ་ཉི་མ་འགའ་ཞིག་ལ་འགོག་གི་མ་རེད། དེའི་རྒྱུ་མཚན་ནི་ཕུ་ཊིན་གྱི་སེམས་སུ་དམག་སྐུལ་ལ་ངོ་རྒོལ་བྱས་ནས་ཟིང་འཁྲུག་སློང་མཁན་རྣམས་ཕྱི་ལ་བྲོས་འགྲོ་ཡི་རེད། ཤུལ་དུ་ཨུ་རུ་སུའི་གཞུང་གི་བཀོད་འདོམས་ལ་གྱེན་ལྡོག་མི་བྱེད་པར་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཤ་སྟག་ལུས་ཀྱི་རེད་དྲན་གྱི་ཡོད་ཤས་ཆེ། ཡིན་ནའང་ཨུ་རུ་སུའི་དམག་སྐུལ་གྱི་ལོ་ཚན་ལོན་པ་རྣམས་ཕྱི་ལ་འབྲོ་རྒྱུ་མཚམས་མ་ཆད་ན་ས་མཚམས་འགོག་དགོས་ཐུག་ངེས་རེད། ལྷག་པར་དུ་ཨུ་རུ་སུའི་ན་གཞོན་ཤེས་ཡོན་ཅན་དང་ལག་རྩལ་བ། མི་རྣམ་དཔྱོད་ཅན་དང་ཆེད་ལས་མཁས་པ་རྣམས་ཕྱི་ལ་ཤོར་ན་ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་ཨུ་རུ་སུ་བསྐྱར་དུ་སླར་གསོ་བྱེད་པར་ཤེས་ཡོན་ཅན་མེད་པར་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ངེས་རེད་ཅེས་ཉེན་བཏང་འདུག

XS
SM
MD
LG