ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༢༢

ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་འཕོ་འགྱུར་བཏང་འདུག


ཕུ་ཊིན་གྱིས་བློན་ཆེན་མང་ཆེ་བ་བསྐྱར་དུ་བསྐོ་བཞག་བྱས་ཀྱང་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་འཕོ་འགྱུར་བཏང་
ཕུ་ཊིན་གྱིས་བློན་ཆེན་མང་ཆེ་བ་བསྐྱར་དུ་བསྐོ་བཞག་བྱས་ཀྱང་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་འཕོ་འགྱུར་བཏང་

༄༅།། གཟའ་ཉི་མའི་ཉིན་ཕུ་ཊིན་གྱི་ལས་དུས་ལྔ་པ་འགོ་ཚུགས། ཨུ་རུ་སུའི་ཁྲིམས་ལུགས་ལྟར་སྲིད་འཛིན་གྱི་ལས་དུས་གསར་པ་རེ་འགོ་འཛུགས་པའི་དུས་སུ་བློན་ཆེན་ཚང་མས་རང་རང་གི་ལས་གནས་ནས་དགོངས་པ་ཞུ་དགོས་ཤིང་། ཕྱི་ཟླ་༥་པའི་ཚེས་༡༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱིས་བློན་ཆེན་མང་ཆེ་བ་བསྐྱར་དུ་བསྐོ་བཞག་བྱས་ཀྱང་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་འཕོ་འགྱུར་བཏང་སྟེ་ཨུ་རུ་སུའི་བདེ་འཇགས་ལྷན་ཚོགས་ཀྱི་དྲུང་ཆེར་བསྐོས། ཨན་ཌི་རི་བྷེ་ལོ་སོབ་རྒྱལ་སྲུང་བློན་ཆེན་གསར་པར་བསྐོས་འདུག སར་གྷེ་ཤོ་གུ་འཕོ་འགྱུར་བཏང་བའི་ཉིན་མོ་དེར་ཨུ་རུ་སུའི་མཐའ་མཚམས་ཀྱི་བྷེལ་གྷོ་རོ་ཌ་གྲོང་ཁྱེར་ལ་རྒོལ་རྡུང་ཕོག་ནས་མི་༡༣་བསད་པ་དང་མི་༢༠་ལྷག་རྨས། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱིས་གཏོར་རྒོལ་བྱས་ནས་ཁང་པ་ཐོག་བརྩེགས་༡༠་ཅན་ཞིག་བརྡིབས་སོང་ཟེར།།

ཨན་ཌི་རི་བྷེ་ལོ་སོབ་རྒྱལ་སྲུང་བློན་ཆེན་གསར་པར་བསྐོས་
ཨན་ཌི་རི་བྷེ་ལོ་སོབ་རྒྱལ་སྲུང་བློན་ཆེན་གསར་པར་བསྐོས་

གཟའ་པ་སངས་ཉིན་ཕུ་ཊིན་གྱིས་ཨུ་རུ་སུའི་སྲིད་བློན་མི་ཁལ་མཱི་ཤུ་སི་ཊིན་བསྐྱར་དུ་སྲིད་བློན་ལ་བསྐོས། གཟའ་སྤེན་པའི་ཉིན་སྲིད་བློན་མཱི་ཤུ་སི་ཊིན་གྱིས་བློན་ཆེན་ཚོའི་མིང་ཐོ་བཏོན། གཟའ་ཉིན་མའི་ཉིན་ཕུ་ཊིན་གྱིས་བློན་ཆེན་ཚོའི་མིང་ཐོ་དེ་གྲོས་ཚོགས་གོང་མར་ཆོག་མཆན་འགོད་དུ་ཕུལ་བ་དེའི་ནང་དུ་སར་གྷེ་ཤོ་གུ་གཅིག་པུའི་མིང་ཐོ་མ་འདུས། ཟླ་བ་སྔོན་མར་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཊི་མུར་ཨི་ཝ་ནོབ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱས། ཉམས་ཞིབ་པ་ཚོས་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་སྲིད་འཛིན་ཕུ་ཊིན་ལ་འབྲེལ་བ་དམ་ཟབ་ཡོད་པའི་མི་ཞིག་ཡིན་མོད། འོན་ཀྱང་རྒྱལ་སྲུང་བློན་ཆེན་གཞོན་པ་འཛིན་བཟུང་བྱས་པ་ནི་སར་གྷེ་ཤོ་གུ་གནས་དབྱུང་གཏོང་རྒྱུའི་སྔོན་བརྡ་རེད་ཅེས་གོ་བ་བླངས། ༢༠༢༢་ལོར་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་ཐག་གཅོད་བྱེད་མཁན་ཉུང་ཤས་ཤིག་ཡོད་པ་དེ་དག་གི་གྲས་སུ་སར་གྷེ་ཤོ་གུ་ཡོད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཊི་མུར་ཨི་ཝ་ནོབ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱས།
ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཊི་མུར་ཨི་ཝ་ནོབ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱས།

གཟའ་ཉི་མའི་ཉིན་ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། སྲིད་འཛིན་ཕུ་ཊིན་གྱིས་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་ལ་དམངས་སྲིད་ཀྱི་གོ་གནས་ཤིག་སྤྲད། རྒྱལ་སྲུང་བློན་ཆེན་དེ་གསར་གཏོད་ལ་བློ་ཁ་ཡངས་པ་དང་ཆེས་དེང་རབས་ཀྱི་བསམ་བློན་ལྡན་པ་ཞིག་ཡིན་དགོས་པས་ཐག་གཅོད་དེ་ལྟར་བྱས་པ་རེད། ཨུ་རུ་སུའི་རྒྱལ་སྲུང་འགྲོ་གྲོན་མང་དུ་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ལ་མཐུན་དགོས། བྷེ་ལོ་སོབ་ཀྱིས་སྲིད་བློན་གཞོན་པ་དང་པོའི་གོ་གནས་བཟུང་བ་དང་རྒྱལ་སྲུང་བློན་ཆེན་ལ་འོས་ཤིང་འཚམས་པའི་མི་ཞིག་རེད་ཅེས་བསྒྲགས། ཁར་ཎི་གྷི་ཞིབ་འཇུག་ཁང་གི་ཨུ་རུ་སུའི་ཉམས་ཞིབ་པ་སི་ཊན་ནོ་ཝ་ཡས་སར་གྷེ་ཤོ་གུ་བདེ་འཇགས་ལྷན་ཚོགས་ཀྱི་དྲུང་ཆེར་བསྐོས་པ་ནི་ཕུ་ཊིན་གྱིས་གནད་ཡོད་ལས་སྣེ་ཟུར་པ་ཚོ་མཉམ་དུ་བསྡུས། ཁོ་ཚོར་མིང་ཆེན་པོ་ཞིག་བཏགས་ཏེ་དབང་ཆ་མེད་པར་བཏང་བ་རེད་ཅེས་བཀྲལ།།

ཕྱི་ཟླ་༥་པའི་ཚེས་༡༢་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༦༥་ལ་སོན་པའི་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གསར་པ་བྷེ་ལོ་སོབ་ནི་༡༩༨༡་ལོར་མོ་སི་ཀོ་གཞུང་གཉེར་སློབ་གྲྭ་ཆེན་མོ་ནས་དཔལ་འབྱོར་རིག་པའི་སློབ་སྦྱོང་ཐོན། ༢༠༠༠་ལོར་ཨུ་རུ་སུའི་སྲིད་བློན་གྱི་ལས་བྱེད་པའི་ཁོངས་སུ་མ་ཡིན་པའི་སློབ་སྟོན་པར་བསྐོས། ལོ་༦་གི་རྗེས་སུ་ཨུ་སུ་རུའི་དཔལ་འབྱོར་ལྷན་ཁང་དུ་ཞུགས། ༢༠༠༨་ནས་༢༠༡༢་བར་དུ་ཨུ་རུ་སུའི་དཔལ་འབྱོར་དང་ནོར་སྲིད་ལྷན་ཁང་གི་འགན་འཛིན་གྱི་གོ་གནས་ཁུར། ༢༠༡༢་ལོར་དཔལ་འབྱོར་བློན་ཆེན་ལ་བསྐོས་པ་དང་༢༠༡༢་ནས་༢༠༢༠་བར་དུ་སྲིད་འཛིན་གྱི་སློབ་སྟོན་པར་གྱུར། ༢༠༢༠་ལོར་སྲིད་བློན་མཱི་ཤུ་སི་ཊིན་ལ་ཏོག་དབྱིབས་ནད་དུག་ཕོག་སྟེ་ནད་མནར་གྱི་རིང་སྲིད་བློན་ལས་ཚབ་ཀྱི་སྲིད་ཞུ་བསྒྲུབས། ཕུ་ཊིན་གྱིས་དཔལ་འབྱོར་རིག་པ་བ་ཞིག་རྒྱལ་སྲུང་བློན་ཆེན་ལ་བསྐོས་པའི་དགོས་པ་ཅི་ཡིན་གསལ་བཀྲོལ་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༥་པའི་ཚེས་༡༢་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༢་ནས་སར་གྷེ་ཤོ་གུས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གྱི་གོ་གནས་བཟུང་ཞིང་། ཁོ་པའི་འགོ་ཁྲིད་འོག་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་༣༥༥༠༠༠་ལྷག་བསད་རྨས་བྱུང་། ཨ་རིའི་ཆི་ཁ་གྷོ་སློབ་གྲྭ་ཆེན་མོའི་ཨུ་རུ་སུའི་ཉམས་ཞིབ་པ་དང་དཔལ་འབྱོར་རིག་པའི་སློབ་དཔོན་ཀོན་སི་ཊན་ཊིན་སོ་ནིན་གྱིས་ཨུ་རུ་སུར་རྒྱལ་སྲུང་བློན་ཆེན་འཇོན་པོ་དང་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་རྒྱལ་ཁ་ལེན་ཐུབ་པ་ཞིག་དགོས་ངེས་རེད། ཡིན་ནའང་རྒྱལ་སྲུང་བློན་ཆེན་གསར་པ་བྷེ་ལོ་སོབ་ཀྱང་སར་གྷེ་ཤོ་གུ་ལྟར་ཕུ་ཊན་གྱི་ཨ་ཕྲུག་ཅིག་ཡིན་པས་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་ཨུ་རུ་སུར་རྒྱལ་ཁ་ཐོབ་ཐུབ་མིན་ཐེ་ཚོམ་རེད། ཕུ་ཊིན་གྱིས་རང་ལ་གཞུང་དྲང་བློ་དཀར་ཡིན་པའི་མི་ཉུང་ཤས་ཤིག་ཡོད་པ་དེའི་ནང་དུ་སྦག་དཀྲུག་བརྒྱབ་ནས་དམིགས་ཡུལ་འགྲུབ་མི་ཐུབ་ཅེས་ཨེཀ་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ།།

ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་དུ་གནས་འཁོད་ཕྱི་སྲིད་ཉམས་ཞིབ་པ་ཇཱི་མི་རུ་ཤ་ཊོན་ནས་ཕུ་ཊིན་གྱིས་སར་གྷེ་ཤོ་གུའི་ཚབ་ཏུ་ཉམས་མྱོང་གང་ལ་གང་འཚམ་ཡོད་པའི་མི་ཞིག་རྒྱལ་སྲུང་བློན་ཆེན་ལ་བསྐོས་པར་གཞིགས་ཚེ། ཨུ་རུ་སུའི་དམག་དོན་དང་དཔལ་འབྱོར་གཉིས་ཀར་བསམ་བློ་གཏོང་ཐུབ་པའི་མི་ཞིག་བཙལ་ཡོད་པར་མ་ཟད། ཡུཀ་རེན་གྱི་རྒྱབ་སྐྱོར་བ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལས་ཀྱང་ཨུ་རུ་སུས་ལོ་མང་རིང་དམག་འཁྲུག་ཡུན་བསྲིངས་ཏེ་རྒྱལ་ཁ་ཐོབ་ཏུ་འཇུག་རྒྱུའི་རྩིས་རྒྱག་གི་ཡོད་པ་མཚོན་ཐུབ་ཅེས་བསྟན། ཕྱི་སྲིད་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་རོབ་ལིས་སར་གྷེ་ཤོ་གུ་འཕོ་འགྱུར་བཏང་བ་གོ་གནས་ཕབ་པ་ཞིག་ཡིན་མི་སྲིད། ཁོ་པ་བདེ་འཇགས་ལྷན་ཚོགས་ཀྱི་དྲུང་ཆེར་བསྐོས་ནས་དབང་ཆ་ཆེ་རུ་ཕྱིན་པ་རེད། ཤོ་གུས་ཕྱི་ནང་གི་རྒྱལ་སྲུང་ལས་དོན་ཐོག་ཏུ་རྒྱལ་སྲུང་བློན་ཆེན་ལ་ལྟ་རྟོག་བྱེད་ཆོག་གི་ཡོད་པ་རེད་ཅེས་མཆན་བྲིས། ཨུ་རུ་སུའི་གླས་དམག་ཚོགས་པའི་འགོ་ཁྲིད་འདས་པོ་པ་རི་གྷོ་ཤིན་གྱིས་རྒྱལ་སྲུང་བློན་ཆེན་ཤོ་གུ་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཇཱི་ར་སི་མོབ་གཉིས་ལ་འཇོན་ཐང་མི་འདུག་ཅེས་སྐྱོན་བརྗོད་དྲག་པོ་བྱས་པ་ཡོངས་སུ་གྲགས།།

ཕྱི་ཟླ་༥་པའི་ཚེས་༡༢་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་ཕུ་ཊིན་གྱིས་རྒྱལ་སྲུང་བློན་ཆེན་འཕོ་འགྱུར་བཏང་བ་ནི་རྒྱལ་སྲུང་འགྲོ་གྲོན་ལ་སྟངས་འཛིན་ནན་པོ་བྱ་རྒྱུ་དང་རྒྱལ་སྲུང་ལྷན་ཁང་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་འགོག་རྒྱུའི་ཆེད་དུ་རེད། ཨུ་རུ་སུའི་དམག་དོན་འགྲོ་གྲོན་རྣམས་འབྲེལ་ཡོད་འགོ་ཁྲིད་ཚོས་ལྐོག་ཟ་བྱས་ཏེ་དམག་མི་གསར་པ་ཚོར་མཚོན་ཆ་དང་འཐབ་འཁྲུག་གི་མཐུན་རྐྱེན་མེད། ཕུ་ཊིན་གྱིས་ཡུཀ་རེན་བདེ་བླག་ཏུ་ལེན་ཐུབ་རྒྱུའི་སྔོན་དཔག་བྱས་པ་མ་གྲུབ་པར་ཨུ་རུ་སུར་ཕམ་ཉེས་ཚབས་ཆེན་བྱུང་། ཨུ་རུ་སུའི་གཞུང་གིས་རྒྱལ་སྲུང་བློན་ཆེན་གཞོན་པ་ཨི་ཝ་ནོབ་ལ་དམག་འཁྲུག་གིས་རྩ་གཏོར་བཏང་བའི་ཡུཀ་རེན་གྱི་མ་རི་ཨུ་པུལ་གྲོང་ཁྱེར་བསྐྱར་དུ་འཛུགས་སྐྲུན་བྱ་རྒྱུའི་ལས་འགན་སྤྲད་ཀྱང་འཛུགས་སྐྲུན་འགྲོ་གྲོན་ཁོངས་ནས་ཨ་སྒོར་ས་ཡ་༡༡་ལྐོག་ཟ་བྱས་པའི་ནག་ཉེས་བཙུགས། ད་ནས་ཕུ་ཊིན་གྱིས་དམག་དོན་འགྲོ་གྲོན་ལྐོག་ཟ་བྱེད་མཁན་ཚོར་བཟོད་སྒོམ་བྱ་རྒྱུ་མིན་པ་དང་འགྲོ་གྲོན་རྣམས་དམག་སར་བསླེབས་ཐུབ་པ་ཞིག་བྱ་རྒྱུའི་རྟགས་མཚན་རེད་ཅེས་གནས་ཚུལ་སྤེལ་འདུག

ཨུ་རུ་སུའི་ཉམས་ཞིབ་པ་སར་གྷེ་མར་ཀོབ་
ཨུ་རུ་སུའི་ཉམས་ཞིབ་པ་སར་གྷེ་མར་ཀོབ་

འདས་པའི་ལོ་མང་རིང་ཕུ་ཊིན་གྱི་ཡུན་རིང་གི་གྲོགས་པོ་སྟེ། ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་ཟུར་པ་པཱ་ཊི་རུ་ཤེབ་བདེ་འཇགས་ལྷན་ཚོགས་ཀྱི་དྲུང་ཆེ་ཡིན་ཞིང་། ཁེ་རུམ་ལིན་སྲིད་འཛིན་ལས་ཁུངས་ནས་མ་འོངས་པའི་ཉིན་ཤས་ནང་ཚུད་དུ་པཱ་ཊི་རུ་ཤེབ་ལ་ལས་གནས་གསར་པ་ཞིག་བཀོད་སྒྲིག་བྱས་པའི་གསལ་བསྒྲགས་སྤེལ་འཆར་ཡོད་ཅེས་བཀྲལ། ཉམས་མྱོང་ཅན་གྱི་ཨུ་རུ་སུའི་ཉམས་ཞིབ་པ་སར་གྷེ་མར་ཀོབ་ཀྱིས་པཱ་ཊི་རུ་ཤེབ་ལ་ཅི་ཞིག་བྱུང་བ་ཤེས་ཀྱི་མི་འདུག གཅིག་བྱས་ན་སྲིད་འཛིན་ལས་ཁུངས་ཀྱི་འཛིན་སྐྱོང་འགན་འཛིན་ལ་བསྐོ་བའམ། ཡང་ན་གནས་དབྱུང་བཏང་བ་ཡིན་སྲིད། དེ་མིན་ན་ལོ་ན་༧༢་ལ་སོན་པའི་པཱ་ཊི་རུ་ཤེབ་བདེ་པོ་མེད་པ་ཡིན་སྲིད་ཅེས་ཚོད་དཔག་འགའ་ཞིག་བྱས་འདུག ཧྥ་རན་སིར་གནས་འཁོད་ཨུ་རུ་སུའི་སྲིད་དོན་ཉམས་ཞིབ་པ་སི་ཊ་ནོ་ཝ་ཡས་ཨུ་རུ་སུའི་གཞུང་གིས་པཱ་ཊི་རུ་ཤེབ་ལ་ལས་གནས་ཤིག་གསར་གཏོད་བྱ་སྲིད་ཅེས་དཔྱད་བརྗོད་སྤེལ་འདུག

གླེང་སྟེགས།

XS
SM
MD
LG