ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༢༣

ཨུ་རུ་སུའི་ས་གནས་གྲོས་ཚོགས་འཐུས་མི་ཚོས་ཕུ་ཊིན་དགོངས་པ་ཞུ་དགོས་ཟེར།


Participants at the St. Petersburg International Economic Forum gather near a screen showing Russian President Vladimir Putin
Participants at the St. Petersburg International Economic Forum gather near a screen showing Russian President Vladimir Putin

ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་༡༩་དང་ས་གནས་གཞན་གྱི་གྲོས་ཚོགས་འཐུས་མི་༨༤་བཅས་མི་༡༠༠་ལྷག་གིས་སྲིད་འཛིན་ཕུ་ཊིན་གྱིས་རང་གི་ལས་གནས་ནས་དགོངས་པ་ཞུ་དགོས། ཕུ་ཊིན་གྱི་ཐག་གཅོད་ཁག་ཨུ་རུ་སུ་དང་རྒྱལ་ཁབ་དེའི་སྤྱི་དམངས་ཀྱི་མདུན་ལམ་ལ་འབྲེལ་བ་ཆགས་ཡོད་པའི་སྙན་ཞུ་ཕུལ་འདུག

༄༅།། ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་༡༩་དང་ས་གནས་གཞན་གྱི་གྲོས་ཚོགས་འཐུས་མི་༨༤་བཅས་མི་༡༠༠་ལྷག་གིས་སྲིད་འཛིན་ཕུ་ཊིན་གྱིས་རང་གི་ལས་གནས་ནས་དགོངས་པ་ཞུ་དགོས། སྲིད་འཛིན་ཕུ་ཊིན་གྱི་ཐག་གཅོད་ཁག་ཨུ་རུ་སུ་དང་རྒྱལ་ཁབ་དེའི་སྤྱི་དམངས་ཀྱི་མདུན་ལམ་ལ་འབྲེལ་བ་ཆགས་ཡོད་པའི་སྙན་ཞུ་ཕུལ་འདུག་ཅེས་ཕྱི་རྒྱལ་དུ་དཔར་འགྲེམ་བྱེད་བཞིན་པའི་མོ་སི་ཀོ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་འདུག དེ་བཞིན་ཕྱི་ཟླ་༩་པའི་ཚེས་༡༢་ཉིན་ཨ་རིའི་ཧིལ་གསར་ཁང་གིས་ཨུ་རུ་རུ་སུའི་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ཤ་ནི་ཡ་ཏོར་སི་ཏྲི་རེམ་གྱིས་དྲྭ་ལམ་དུ་སྤེལ་བའི་སྙན་ཞུ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། སྙན་ཞུ་དེར་ང་ཚོ་ཨུ་རུ་སུའི་གྲོང་ཁྱེར་ཁག་གི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཕུ་ཊིན་གྱི་ཐག་གཅོད་ཁག་རྒྱལ་ཁབ་དང་མི་དམངས་ཀྱི་མདུན་ལམ་ལ་གནོད་འཚེ་ཆེ་བར་སེམས། ང་ཚོས་ཝ་ལ་ཌི་མིར་ཕུ་ཊིན་ཨུ་རུ་སུའི་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་འདོན་གྱི་ཡོད་ཅེས་འཁོད། ཐོག་མར་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་དང་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་ས་གནས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཕུ་ཊིན་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་ཞེས་སྙན་ཞུ་ཕུལ་ཞིང་། ད་ལྟ་ས་མ་ར་དང་ཡ་ཀུ་ཛིཀ་གྲོང་ཁྱེར་སོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱང་སྙན་ཞུ་དེར་མིང་རྟགས་འགོད་མཁན་གྲས་སུ་ཞུགས་ཏེ་རིམ་བཞིན་ཨུ་རུ་སུ་རྒྱལ་ཡོངས་སུ་ཁྱབ་སྲིད། ཕུ་ཊིན་གྱིས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཨུ་རུ་སུའི་མི་མང་ཁྲི་ཚོ་འགའ་ཞིག་བཙོན་དུ་བཅུག ལོ་འདིའི་ཕྱི་ཟླ་༢་པར་དམག་འཁྲུག་ལ་ངོ་རྒོལ་བྱེད་པའམ། ཡང་ན་དམག་འཁྲུག་གི་གནས་ཚུལ་ངོ་མ་སྤེལ་མཁན་ཚོར་གསར་འགྱུར་རྫུན་མ་སྤེལ་བའི་ནག་ཉེས་བཙུགས་ནས་ལོ་བཅོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཆོག་ཅེས་ཁྲིམས་ཤིག་གཏན་ལ་ཕབ། དེར་བརྟེན་ཨུ་རུ་སུའི་གྲོང་ཁྱེར་ཁག་གི་གྲོས་ཚོགས་འཐུས་མི་ཚོའི་སྙན་ཞུ་དེ་རྒྱལ་ཡོངས་སུ་ཁྱབ་བསྒྲགས་འགྲོ་ཐུབ་རྒྱུ་ཁག་པོ་ཡིན་རུང་ཕུ་ཊིན་ལ་ངོ་རྒོལ་བྱེད་མཁན་རྩ་མེད་གཏོང་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༡༣་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཟླ་བའི་དགོང་མོར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༢༣༠༠་ལྷག་ཨུ་རུ་སུའི་བཙན་བཟུང་འོག་ནས་ཕྱིར་ལེན་བྱས་ཡོད། ཕྱི་ཟླ་༩་པའི་མགོ་སྟོད་ནས་དེ་རིང་བར་དུ་ང་ཚོའི་དམག་དཔུང་གིས་ལྷོ་ཕྱོགས་དང་ཤར་ཕྱོགས་སུ་ཡུཀ་རེན་གྱི་ས་ཆ་དབྱིན་ལེ་གྲུ་བཞི་མ་༦༠༠༠་ལྷག་བཅིངས་བྱས་ཡོད། ང་ཚོའི་དམག་དཔུང་གི་མདུན་སྐྱོད་ནི་མཚམས་འཇོག་བྱ་འཆར་མེད་ཅེས་གཏམ་བཤད་བྱས་ཤིང་། འདས་པའི་ཉིན་ཤས་ནང་དུ་ཡུཀ་རེན་གྱི་ཨི་ཛུམ་དང་ཀུ་པི་ཡན་སི་ཀི་སོགས་གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་བཅས་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ས་གནས་གནད་འགག་ཅན་མང་དག་ཅིག་ལ་བཅིངས་འགྲོལ་ཐོབ། ཨུ་རུ་སུའི་དམག་དཔུང་རྣམས་ཁར་ཀིབ་ཞིང་ཆེན་ཡོངས་ནས་ཕྱིར་འཐེན་བྱ་དགོས་བྱུང་བར་མ་ཟད། ཨུ་རུ་སུའི་དམག་དཔུང་རྣམས་འབྲོ་ཞོར་དུ་ཁར་ཀིབ་ས་གནས་ཀྱི་གློག་ཁང་ཁག་ལ་གཏོར་རྒོལ་བྱས་ནས་མེར་བསྲེགས། མི་དམངས་ལ་འཐུང་ཆུ་འདྲེན་པའི་ལྕགས་སྦུག་རྣམས་བཅག མང་ཚོགས་ཀྱི་ཁང་པ་ཁག་ལ་མེ་སྒྱོགས་དང་འཕུར་མདེལ་བརྒྱབ་ནས་རྒོལ་ལན་བསློགས། ད་ལྟ་ཁར་ཀིབ་གྲོང་ཁྱེར་དང་ཁར་ཀིབ་ཞིང་ཆེན་ཡོངས་སུ་གློག་ཆད། ས་གནས་ཁག་ཅིག་གི་མི་མང་ལ་འཐུང་ཆུ་བཀག་ཡོད་པའི་གནས་ཚུལ་ཐོན་འདུག

སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཨུ་རུ་སུའི་བཙན་བཟུང་འོག་ནས་ཕྱིར་ལེན་བྱས་པའི་ས་ཆ་དེའི་རྒྱ་ཁྱོན་ནི་ཨ་རིའི་ཌ་ལ་ཝར་མངའ་སྡེའི་ཆེ་ཆུང་ཡོད་ཅེས་བཀྲལ། སྲིད་འཛིན་ཛེ་ལན་སི་ཀིས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་ཨུ་རུ་སུ་འཇིགས་སྐུལ་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱ་དགོས་པའི་འབོད་སྐུལ་ཞུས། ཁོང་གིས་ཁ་སང་དེ་རིང་གཉིས་ཀར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་གློག་སོགས་རྨང་གཞིའི་མཐུན་རྐྱེན་ཁག་ལ་གཏོར་རྒོལ་བྱེད་ཀྱི་འདུག ཡུཀ་རེན་གྱི་མི་མང་འབུམ་ཕྲག་མང་པོར་གློག་མེད་པར་མུན་ནག་ནང་དུ་ལུས་ཡོད། མི་མང་གི་ཁང་པ་དང་སྨན་ཁང་། སློབ་གྲྭ་དང་སྤྱི་ཁང་སོགས་ལ་ཨུ་རུ་སུས་འཕུར་མདེལ་བརྒྱབ་ནས་གཏོར་རྒོལ་བྱེད་ཀྱི་འདུག ཨུ་རུ་སུའི་དམག་གིས་གཏོར་རྒོལ་བྱ་ཡུལ་ཁག་ཡུཀ་རེན་གྱི་དམག་དོན་ལ་འབྲེལ་བ་སྤུ་ཙམ་མེད། དེས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སུ་འཇིགས་སྐུལ་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་ནས་རྒོལ་རྡུང་དེ་རྣམས་འགོག་ཐབས་བྱ་དགོས་ཞེས་འབོད་སྐུལ་ཞུས། ཨུ་རུ་སུར་ཇུས་ཉེས་དང་ཕམ་ཉེས་ཆེན་པོ་འཕོག་གི་ཡོད་ཀྱང་ཞི་བའི་གྲོས་མོལ་བྱ་རྒྱུའི་རྟགས་མཚན་བྲལ། དཔེར་ན་ཕུ་ཊིན་གྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ངས་དམག་འཁྲུག་འདི་མཇུག་བསྒྲིལ་བར་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀྱིས་གྲོས་མོལ་བྱེད་ཐུབ་པའི་གོ་སྐབས་ཤིག་ཡོད་པ་མཐོང་གི་མི་འདུག ང་ཚོའི་ཐོག་མའི་དམིགས་ཡུལ་རྣམས་མ་གྲུབ་བར་དུ་ཨུ་རུ་སུའི་དམིགས་བསལ་དམག་དོན་ལས་འགུལ་རྒྱུན་འཁྱོངས་བྱ་འཆར་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཕྱི་ཟླ་༩་པའི་ཚེས་༡༣་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀ་དང་ནུབ་ཕྱོགས་ཀྱི་གསང་བའི་ལས་ཁུངས་ཁག་གི་ལས་སྣེ་ཚོས་ཡུཀ་རེན་གྱི་རྒྱལ་ཁ་དེ་རྣམས་གཏན་གྱི་རྒྱལ་ཁ་ཞིག་ཡིན་ནམ། ཡང་ན་གནས་སྐབས་ཀྱི་རྒྱལ་ཁ་ཞིག་ཡིན་མིན་ནི་ཨུ་རུ་སུའི་འཐབ་ཇུས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ལ་ཐུག་ཡོད་པ་རེད། ལྷག་པར་དུ་ཕུ་ཊིན་གྱིས་ཨུ་རུ་སུ་རྒྱལ་ཡོངས་སུ་དམག་སྐུལ་བྱས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་དམག་དཔུང་འདང་ངེས་མེད་པར་ཁ་གསབ་བྱ་རྒྱུ་ཡིན་མིན་ལ་ཐུག་འདུག ཡུཀ་རེན་གྱི་དམག་གིས་ཉི་མ་འགའ་ཞིག་གི་ནང་ཚུད་དུ་ཁར་ཀིབ་ས་གནས་ཡོངས་རྫོགས་ཕྱིར་ལེན་བྱས་ཐུབ་པ་དང་ཡུཀ་རེན་གྱི་དམག་གི་དཔའ་སྟོབས། ཨུ་རུ་སུའི་དམག་དཔུང་རྣམས་བྲེལ་མྱུར་གྱིས་ཕྱིར་འཐེན་བྱས་པ་བཅས་ལ་བལྟས་ཚེ། ཕུ་ཊིན་དང་ཨུ་རུ་སུའི་དམག་དཔུང་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ཡོད་པ་ར་འཕྲོད། ཡུཀ་རེན་གྱི་ཚུར་རྒོལ་བྱུང་བ་ཨུ་རུ་སུའི་དམག་དཔོན་ཚོའི་བློ་ཡུལ་དུ་ཤོང་དཀའ་བ་དང་ཨུ་རུ་སུའི་དམག་དཔུང་གི་ཞན་ཆ་རྣམས་ཐེར་འདོན་བྱུང་བ་རེད། ཨུ་རུ་སུར་དམག་མི་མང་བ་ཡོད་པ་དང་མཚོན་ཆ་ཡག་ག་ཡོད་ཀྱང་ཕམ་ཉེས་བྱུང་བ་རྣམས་གསང་ཐབས་མེད་པ་ཞིག་ཏུ་གྱུར་འདུག་ཅེས་བསྟན། ཉམས་ཞིབ་པ་ཚོས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དཔལ་འབྱོར་དང་མཚོན་ཆ། གསང་བའི་གནས་ཚུལ་མཁོ་སྤྲོད་སོགས་ཀྱི་རྒྱབ་སྐྱོར་བྱས་ནས་ཨུ་རུ་སུར་ཕམ་ཉེས་བྱུང་། ཡུཀ་རེན་གྱི་དམག་གིས་སྙིང་སྟོབས་ཞུམ་པ་མེད་པར་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཕར་རྒོལ་བྱེད་ཀྱི་ཡོད་ཀྱང་ཨུ་རུ་སུའི་དམག་ལ་འཐབ་རྒོལ་གྱི་སེམས་ཤུགས་མེད་པར་དཔའ་ཞུམ། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་སྤྲད་པའི་དེང་རབས་ཅན་གྱི་མཚོན་ཆ་དེ་ཚོར་ཁ་གཏད་གཅོག་ཐུབ་པའི་གོ་ལག་མེད། ཨུ་རུ་སུའི་དམག་དཔུང་ལ་བཟའ་བཏུང་དང་སྨན། མཁོ་ངེས་ཀྱི་མཐུན་རྐྱེན་དང་རྒྱབ་གནོན་དམག་དཔུང་སོགས་འབྱོར་ཐུབ་ཀྱི་མེད་པས་དམག་ས་ཁག་ནས་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག

ཉེ་ཆར་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཕར་རྒོལ་བྱ་རྒྱུ་འགོ་བཙུགས་པའི་སྐབས་དེར་སུ་གཅིག་ཀྱང་ཕར་རྒོལ་དེར་གྲུབ་འབྲས་གང་འདྲ་ཞིག་སྨིན་རྒྱུ་ཡིན་པ་ཚོད་དཔག་མ་ཐུབ། འདས་པའི་ཉིན་ཤས་རིང་ཡུཀ་རེན་གྱི་དམག་གིས་རྒྱལ་ཁབ་དེའི་ལྷོ་ཕྱོགས་དང་ཤར་ཕྱོགས་སུ་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཕར་རྒོལ་བྱ་རྒྱུ་མགོ་བརྩམས། ཨུ་རུ་སུའི་དམག་ལ་ཕམ་ཉེས་ཚབས་ཆེན་ཕོག་སྟེ་མཚོན་ཆ་དང་ལྕགས་ཁྲབ་འཁོར་ལོ། འཐབ་འཁོར་དང་འཕུར་མདེལ་སོགས་གང་སར་གཡུགས་ནས་སྲོག་མགོ་ཐོན་ཐབས་སུ་བྲོས། ད་ལོའི་དམག་འཁྲུག་གི་མགོ་སྟོད་དེར་ཨུ་རུ་སུའི་དམག་གིས་བཙན་འཕྲོག་བྱས་པའི་ཡུཀ་རེན་གྱི་གྲོང་ཁྱེར་དང་གྲོང་རྡལ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཤོར། རྒྱལ་སྤྱིའི་ཐོག་ཏུ་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་བྱས་ནས་མི་དམངས་ཀྱི་འཚོ་བར་དཀའ་ངལ་འཕྲད། ཨུ་རུ་སུ་རྒྱལ་སྤྱིའི་སྤྱི་ཚོགས་སུ་གྲོགས་མེད་ཁེར་རྐྱང་དུ་གྱུར་ཡོད་པ་སོགས་ཀྱིས་ས་གནས་གྲོས་ཚོགས་འཐུས་མི་ཉུང་ཤས་ཤིས་གིས་འགོ་ཁྲིད་ནས་ཕུ་ཊིན་ལ་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། གཟའ་འཁོར་འདིར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་རང་གི་དམག་དཔུང་ལ་རྒྱལ་ཁའི་ལམ་བུ་ནི་ཧ་ཅང་གི་བགྲོད་དཀའ་བ་ཞིག་རེད། ཡིན་ནའང་ཁྱེད་ཚོར་རྒྱལ་ཁ་འཐོབ་ངེས་ཡིན་པ་དང་ཁྱེད་ཚོས་རྒྱལ་ཁ་ལེན་ཐུབ། ཁྱེད་ཚོ་ཡུཀ་རེན་གྱི་ས་མཚམས་ཀུན་ལ་སླེབས་ཐུབ་པ་དང་དགྲ་དམག་རྣམས་མཐར་སྐྲོད་གཏོང་ཐུབ། ཁྱེད་ཚོས་ཡུཀ་རེན་མི་དམངས་ཀྱི་སྤྱན་མིག་ནས་སྤྲོ་མདངས་འཕྲོས་པ་དང་དགྲ་དམག་རྣམས་བྲོས་བྱོལ་དུ་ཕྱིན་པ་སོགས་མཐོང་ངེས་རེད། ཁོ་ཚོས་ལྷག་བསམ་གི་སྒོ་ནས་ཕྱིར་འཐེན་བྱས་པ་ཡིན་ཟེར་སྲིད། ང་ཚོས་དེ་ལ་རྒྱལ་ཁ་ཐོབ་པ་རེད་ཟེར་རྒྱུ་ཡིན་ཞེས་རྒྱལ་ཡོངས་མི་དམངས་ལ་གཏམ་བཤད་བྱས་འདུག

XS
SM
MD
LG