ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༢/༠༥/༢༩

ཨུ་རུ་སུས་ཧྥིན་སུད་གཉིས་ལ་རྡུལ་ཕྲན་མཚོན་ཆས་འཇིཊ་སྐུལ།


༄༅།། ཨུ་རུ་སུས་རང་གི་བྱང་ཕྱོགས་སུ་ཆགས་པའི་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་ས་མཚམས་སུ་དམག་དཔུང་མང་དུ་བཏང་སྟེ་རྡུལ་ཕྲན་མཚོན་ཆ་འགྲེམ་འཇོག་བྱ་རྒྱུ་ཡིན་ཞེས་བསྒྲགས། ཕྱི་ཟླ་༤་པའི་ཚེས་༡༤་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་སོགས་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུ་དང་ཧྥི་ལིན་ཌི་གཉིས་སྤྱི་ལེ་༡༣༠༠་ལྷག་གི་ས་མཚམས་འདྲེས། ཧྥིན་ལན་ཌི་༡༠༠་ལྷག་ལ་ཨུ་རུ་སུའི་དབང་སྒྱུར་འོག་ཏུ་ཚུད་པའི་རྗེས་སུ་༡༩༡༧་ལོར་རང་བཙན་ཐོབ། ༡༩༣༩་ལོར་ཨུ་རུ་སུའི་དམར་དམག་གིས་ཧྥིན་ལན་ཌིར་བཙན་འཛུལ་བྱས་ནས་དམག་འཁྲུག་བརྒྱབ། འདས་པའི་ལོ་༨༠་ལྷག་གི་རིང་ཧྥིན་ལན་ཌིས་བར་གནས་ཀྱི་ལངས་ཕྱོགས་བཟུང་། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥིན་ལན་ཌི་གཞུང་དམངས་གཉིས་རང་གི་བདེ་འཇགས་ལ་ཉེན་ཁ་འཕྲད་སྲིད་པའི་དངངས་འཚབ་ལངས། ཁ་སང་གཟའ་ཕུར་བུའི་ཕྱི་དྲོར་ཨུ་རུ་སུའི་བདེ་འཇགས་ལྷན་ཁང་གི་གཙོ་འཛིན་གཞོན་པ་དང་སྲིད་འཛིན་ཟུར་མེ་ཌི་ཝེ་ཌེབ་ཀྱིས་ཧྥི་ལིན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་ཨུ་རུ་སུ་དང་ནུབ་ཆིངས་ཀྱི་ས་མཚམས་ལྡབ་གཉིས་ལྷག་འདྲེས་རྒྱུ་ཡིན་པས་མཐའ་མཚམས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ངེས་རེད། ཨུ་རུ་སུའི་མཐའ་མཚམས་ཁག་ཏུ་ཆགས་ཡོད་པའི་བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་སུ་མཚམས་སུ་རྡུལ་ཕྲན་མཚོན་ཆ་འཛུགས་མི་ཆོག་ཅེས་གྲོས་མོལ་ཡོང་ཐབས་མེད། ཨུ་རུ་སུའི་བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་ས་མཚམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་གི་ཡོད། ད་ནས་ཧྥིན་ལན་ཌི་དང་སུད་ཌེན་གྱི་ས་མཚམས་ཁག་ཀྱང་སྲུང་སྐྱོབ་བྱ་རྒྱུ་དམ་དུ་གཏོང་དགོས་ངེས་རེད་ཅེས་བཤད།།

བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཧྥིན་ལིན་ཌིའི་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་དགེ་སྐྱོན་ཅི་ཡོད་གྲོས་ཚོགས་ལ་སྙན་ཐོ་ཕུལ་ནས་གྲོས་སྡུར་བྱེད་དུ་འཇུག་གི་ཡོད་པའི་གནས་ཚུལ་སྤེལ། ཧྥིན་ལན་ཌིའི་ཕྱི་སྲིད་བློན་ཆེན་གྱིས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ང་ཚོའི་འཕྲལ་ཡུན་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་ཨུ་རུ་སུར་ཡིད་ཆེས་བརླགས་སོང་། ཕུ་ཊིན་གྱིས་དམག་འཁྲུག་བསླངས་ནས་ཡུ་རོབ་གླིང་ལ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཧྥིན་ལན་ཌིའི་སྲིད་བློན་མ་རིན་དང་སུད་ཌེན་གྱི་སྲིད་བློན་ཨན་ཌར་སན་གཉིས་ཀྱིས་ལྷན་དུ་བསྐོངས་བའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཧྥིན་ལན་ཌིས་བདུན་ཕྲག་འགའ་ཞིག་གི་ནང་ཚུད་དུ་ནུབ་ཆིངས་ཁོངས་སུ་ཞུགས་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན། ཡིན་ནའང་ང་ཚོའི་ཐག་གཅོད་དེས་ཧྥིན་ལན་ཌི་གཅིག་པུ་མ་ཡིན་པར་ཁྱིམ་མཚེས་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ཤེས་ཀྱི་ཡོད་ཅེས་ལངས་ཕྱོགས་གསལ་པོར་བསྟན། གཟའ་ཕུར་བུའི་ཕྱི་དྲོར་རྒྱལ་སྲུང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་བློན་མ་རིན་གྱིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་མཉམ་དུ་ཞུགས་དགོས་ཟེར་གྱི་ཡོད་ཀྱང་སྲིད་བློན་ཨན་ཌར་སན་ནས་སུད་ཌེན་གྱིས་ཕྱོགས་ཡོངས་ལ་དཔྱད་ཞིབ་བྱ་དགོས་ཀྱི་འདུག བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་ས་འདྲེས་ཡིན་པའི་རྒྱལ་ཁབ་དེ་ཚོར་ཡུ་རོབ་མཉམ་འབྲེལ་གྱིས་སྲུང་སྐྱོབ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་མིན། ཕུགས་རྒྱང་རིང་པོར་སུད་ཌེན་གྱི་བདེ་འཇགས་ལ་དགེ་སྐྱོན་ཅི་ཡོད་ཐད་བསམ་ཞིབ་ནན་པོ་བྱ་དགོས་ཀྱི་འདུག ང་ཚོའི་དགོས་དོན་ནི་སུད་ཌེན་གྱི་བདེ་འཇགས་ལ་འགན་ལེན་ཡོད་པ་ཞིག་ཡིན་དགོས། ད་ལྟ་དམག་འཁྲུག་གི་ཛ་དྲག་ལངས་ཡོད་པའི་སྐབས་འདིར་ཞི་བདེ་བསྐྲུན་རྒྱུ་གནད་འགག་ཆེན་པོ་རེད་ཅེས་བཤད། ཉམས་ཞིབ་པ་ཚོས་ཕྱི་ཟླ་༥་པའི་ཚེས་༣༡་མི་འགྱངས་པར་སུད་ཌེན་གཞུང་གིས་རྒྱལ་ཡོངས་གྲོས་ཚོགས་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་སྙན་ཐོ་ཕུལ་ནས་གྲོས་སྡུར་བྱེད་དུ་འཇུག་འཆར་འདུག་ཅེས་བསྟན།།

སུད་ཌེན་དང་མ་འདྲ་བར་ཧྥིན་ལན་ཌིའི་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་འཕྲལ་དུ་འབུལ་རྒྱུའི་གྲ་སྒྲིག་ཡོད་པ་སྟེ། སྲིད་བློན་མ་རིན་གྱིས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ང་ཚོས་རང་གི་བདེ་འཇགས་སྲུང་སྐྱོབ་ལ་བསྐྱར་དུ་བསམ་ཞིབ་བྱ་དགོས་བྱུང་སོང་། ངས་དུས་ཚོད་གསལ་པོ་ཞིག་བཤད་མི་ཐུབ་ཀྱང་ཧྥིན་ལན་ཌིས་མྱུར་དུ་ཐག་གཅོད་བྱ་རྒྱུ་ཡིན། ང་ཚོའི་བདེ་འཇགས་ཀྱི་ཁོར་ཡུག་ལ་རྦད་དེ་འགྱུར་བ་ཐེབས་སོང་ཞེས་བཤད། ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱིས་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འབྲེལ་བ་དམ་ཟབ་བཟུང་ཡོད་ཀྱང་ནུབ་ཆིངས་ཀྱི་རྩ་ཚིག་དོན་ཚན་༥་པའི་སྲུང་སྐྱོབ་འཐོབ་དཀའ། ནུབ་ཆིངས་ཀྱི་རྩ་ཚིག་དོན་ཚན་༥་པ་ནི་ཚོགས་འཐུས་རྒྱལ་ཁབ་གཅིག་ལ་བཙན་འཛུལ་བྱུང་ན་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པར་བཙན་འཛུལ་བྱུང་བ་དང་ཁྱད་པར་མེད་ཅེས་འཁོད། ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་མིན་པས་ཨུ་རུ་སུས་བཙན་འཛུལ་བྱུང་ཡང་ནུབ་ཆིངས་ཀྱི་སྲུང་སྐྱོབ་འོག་ཏུ་མ་ཚུད། དེར་བརྟེན་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀས་ཡུཀ་རེན་ལྟར་ཨུ་རུ་སུའི་བཙན་འཛུལ་འབྱུང་སྲིད་པའི་བློ་འཚབ་བྱ་དགོས་པ་ཞིག་ཏུ་གྱུར། ཕྱི་ཟླ་༤་པའི་ཚེས་༡༢་ཉིན་ཧྥིན་ལན་ཌིའི་ཚོང་དོན་སྲིད་ཇུས་ལྟེ་གནས་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། ཧྥིན་ལན་ཌིའི་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༨༤་ཡས་མས་ཤིག་གིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། སུད་ཌེན་བ་བརྒྱ་ཆ་༥༠་ལྷག་གིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་ཕུར་བུའི་ཕྱི་དྲོར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷན་སིས་འཇོར་ཇཱི་ཡའི་འཕྲུལ་རིག་སློབ་ཆེན་དུ་གཏམ་བཤད་བྱས་པ་ལྟར་ན། ཨུ་རུ་སུས་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱེད་ཀྱི་ཡོད་པར་སྣང་ཆུང་བྱེད་མི་ཉན། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཇུས་ཉེས་བྱུང་སྟེ་ཕུ་ཊིན་ངོ་ཚ་ཁ་སྐྱེངས་དང་འུ་ཐུག་གི་གནས་སུ་གྱར་ཡོད་པ་རེད། རྡུལ་ཕྲན་འབར་མདེལ་ཆུང་ཆུང་ཞིག་བརྒྱབ་ཀྱང་ཉེན་ཁ་ཤིན་ཏུ་ཆེ། ཨུ་རུ་སུས་མཚོན་ཆ་དེའི་རིགས་བཀོལ་སྤྱོད་བྱེད་མི་སྲིད་པ་ཞིག་མ་རེད། ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་འགྲེམ་འཇོག་བྱ་རྒྱུ་ཡིན་ཞེས་ཁ་ཤོམ་ཆེན་པོ་འཐེན་ཡང་ད་སྔ་དངོས་སུ་ལག་ལེན་བསྟར་གྱི་ཡོད་པའི་དཔང་རྟགས་རྙེད་མ་སོང་། འོན་ཀྱང་ང་ཚོས་དེ་ལ་གཟབ་ནན་གྱིས་རྟོག་ཞིབ་བྱེད་ཀྱི་ཡོད། དེ་ནི་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་འགན་བླ་ན་མེད་པ་དེ་ཡིན་ཞེས་གཏམ་བཤད་བྱས་འདུག ཨ་རིའི་གཞུང་གིས་ཨུ་རུ་སུས་རྫས་འགྱུར་དང་ནད་འབུ་ཕྲ་མོའི་མཚོན་ཆ་བཀོལ་སྤྱོད་བྱས་ནས་དམག་འཁྲུག་གི་རྒྱལ་ཁ་འཐོབ་ཐབས་བྱེད་སྲིད་པའི་ཉེན་བརྡ་བཏང་ཞིང་། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷན་སིས་ང་ཚོས་གསང་བའི་གནས་ཚུལ་ཁག་ཅིག་ཕྱིར་བསྒྲགས་བྱས་ནས་ཕུ་ཊིན་གྱི་འཆར་གཞི་རྣམས་འཁྲུག་ཏུ་འཇུག་གི་ཡོད། སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀས་ཡུཀ་རེན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ན་འཛམ་གླིང་དམག་ཆེན་གསུམ་པ་ལང་སྲིད་པའི་བློ་འཚབ་བྱེད་ཀྱི་འདུག དེས་ན་ཨ་མི་རི་ཀས་ཡུཀ་རེན་ལ་འཐབ་འཛིང་གནམ་གྲུ་དང་དེང་རབས་ཅན་གྱི་མཚོན་ཆ་ཁག་ཅིག་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པ་རེད་ཅེས་བཀྲལ། སྲིད་འཛིན་ཛེ་ལན་སི་ཀིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུའི་དམག་འཐབ་གནམ་གྲུ་རྣམས་ཡུཀ་རེན་གྱི་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱ་དགོས་ཞེས་འབོད་སྐུལ་ཞུས།།

ཕྱི་ཟླ་༤་པའི་ཚེས་༡༤་ཉིན་ཧྥིན་ལན་ཌིའི་སྲིད་བློན་ཟུར་པ་སི་ཊབ་ཀྱིས་ནང་ཚགས་གསར་ཁང་ལ་བཤད་པ་ལྟར་ན། ང་ཚོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་ཨུ་རུ་སུས་ལན་པ་སློག་རྒྱུ་ཡིན་པ་ཉག་ཅིག་རེད། ཡིན་ནའང་ང་ཚོས་དེར་གྲ་སྒྲིག་ཆ་ཚང་བྱེད་ཡོད། ཧ་ལས་ན་ཕུ་ཊིན་གྱིས་ཧྥིན་ལན་ཌིར་དྲྭ་ལམ་ནས་གཏོར་རྒོལ་བྱེད་སྲིད། ང་ཚོས་དེ་ལ་སྔོན་ནས་བསམ་བློ་བཏང་སྟེ་གྲ་སྒྲིག་གང་ལེགས་བྱས་ཡོད། ཧྥིན་ལན་ཌིའི་ཆེ་ཆུང་ལ་དཔགས་པའི་ཡུ་རོབ་གླིང་གི་དམག་དཔུང་མང་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན། ང་ཚོའི་གནམ་དམག་ནི་ཡུ་རོབ་གླིང་གི་གནམ་དམག་སྟོབས་ཤུགས་ཆེ་ཤོས་གྲས་སུ་ཚུད་ཡོད་ཅེས་ཁ་པར་ནང་དུ་གསར་འགོད་པར་གླེང་མོལ་བྱས་འདུག ཧྥིན་ལན་ཌིར་མི་འབོར་ས་ཡ་༥་དང་ཕྱེད་ཀ་ཙམ་ལས་མེད་ཅིང་། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཧྥིན་ལན་ཌིའི་རྒྱལ་ཡོངས་གྲོས་ཚོགས་ལ་གཏམ་བཤད་བྱས་པའི་སྐབས་སུ་ཧྥིན་ལན་ཌིར་དྲྭ་ལམ་ནས་གཏོར་རྒོལ་ཕོག ཧྥིན་ལན་ཌིའི་གཞུང་གིས་དྲྭ་ལམ་གྱི་གཏོར་རྒོལ་དེའི་རྒྱབ་ལོགས་སུ་ཨུ་རུ་སུ་ཡོད་པའི་དོགས་པ་བྱུང་། སྲིད་བློན་ཟུར་པ་སི་ཊབ་ཀྱིས་ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་བདུན་ཕྲག་གཅིག་གི་རྗེས་སུ་ང་ཚོའི་སྲིད་འཛིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་པ་རེད། དེ་ནི་སྲིད་འཛིན་ལ་ཕྱག་ལས་གལ་ཆེན་མེད་པར་སྲིད་འཛིན་བྷ་ཌན་གྱི་ལྷན་དུ་འཚིག་ཇ་བཞེས་ཀ་ཕེབས་པ་ཞིག་མ་རེད། ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་ངོ་མ་ཞིག་ལ་མ་འགྱུར་བར་དུ་བཙན་འཛུལ་འབྱུང་སྲིད་པར་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་ལེན་འཐོབ་རྒྱུའི་ཆེད་དུ་རེད། ད་ལྟའི་ཧྥིན་ལན་ཌིའི་གཞུང་གི་འགོ་ཁྲིད་ཚོས་བར་བརྒལ་གྱི་དུས་སྐབས་དེར་ཧྥིན་ལན་ཌིའི་བདེ་འཇགས་སྲུང་སྐྱོབ་ལ་འགན་ལེན་ཐོབ་ཐབས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པར་གྲུབ་འབྲས་གང་ལེགས་ཐོན་འདུག་ཅེས་བསྔགས་བརྗོད་ཞུས། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཐབས་བྱེད་ཀྱི་འདུག་ཅེས་དམག་བརྒྱབ། ད་ལྟ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་ཀྱི་ཡོད་པས་ཨུ་རུ་སུའི་མཐའ་མཚམས་སྤྱི་ལེ་སྟོང་ཕྲག་མང་པོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་འདྲེས་རྒྱུ་ཡིན་ཞིང་། ཡུཀ་རེན་གྱི་དམག་འཁྲུག་དེར་ལྡོག་ཕྱོགས་ཀྱི་མཇུག་འབྲས་ཤིག་ཐོན་ནས་ཕུ་ཊིན་རྦད་དེ་རྩིས་ལོག་ཐེབས་པ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG