ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་བ་༩༦༣་དང་ཁེ་ན་ཌའི་མི་༢༦་ཨུ་རུ་སུ་ཡོང་མི་ཆོག་པའི་ཉེས་ཆད།


༄༅།། ཨུ་རུ་སུའི་གཞུང་གིས་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི། ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན། ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མཱི་ལེ། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་དང་སྲིད་འཛིན་བྷ་ཌན་གྱི་བུ་ཧན་ཊར་བྷ་ཌན། ངོ་དེབ་ཀྱི་བདག་པོ་མར་ཁེ་ཛ་ཁར་བྷག་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་མོར་གྷན་ཧྥི་རི་མན། ཨ་རིའི་ཕྱུག་བདག་འཇོར་ཇཱི་སོ་རོ་སི་དང་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན། ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཟུར་པ་ཇཱེན་ས་ཀི ཨ་རིའི་གྲོས་ཚོགས་གོང་འོག་གི་སྤྱི་མཐུན་ཚོགས་པའི་འཐུས་མི་༢༡༡་དང་དམངས་གཙོ་ཚོགས་པའི་འཐུས་མི་༢༢༤་བཅས་ཁྱོན་བསྡོམས་ཨ་རི་བ་༩༦༣་གཏན་དུ་ཨུ་རུ་སུར་ཡོང་མི་ཆོག་ཅེས་བཀག་སྡོམ་གྱི་ཉེས་ཆད་བཅད། ཕྱི་ཟླ་༥་པའི་ཚེས་༢༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་མཐོ་རིམ་གཞུང་འབྲེལ་མི་སྣ་རྣམས་ཨུ་རུ་སུར་ཡོང་མི་ཆོག་པའི་བཀག་སྡོམ་བྱེད་དགོས་དོན་ནི་ཨ་རི་བ་དེ་དག་གིས་ཨུ་རུ་སུ་དགྲར་འཛིན་གྱི་སྲིད་ཇུས་ལག་ལེན་བསྟར་པ་དང་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་རྒོལ་ལན་སློག་པའི་ཆེད་དུ་ཡིན་ཞེས་རྒྱུ་མཚན་བགྲངས། ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཟུར་པ་ཇཱེན་ས་ཀིས་ང་ཚོ་བཟའ་མི་རྣམས་ཕྱི་ཟླ་༨་པར་མོ་སི་ཀོར་གུང་སེང་དུ་འགྲོ་དགོས་བསམས་ཡོད་པ་ཕྱིར་འཐེན་བྱ་དགོས་བྱུང་སོང་ཞེས་རྩེ་མོ་རྩེད་ནས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག ཨུ་རུ་སུས་བཀག་སྡོམ་ཐོ་གཞུང་དེར་༢༠༡༨་ནས་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་འདས་པོ་ཇཱོན་མེ་ཁེན་འཁོད་ཟིན་ཡོད་ཀྱང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་སྲིད་འཛིན་གཞོན་པ་ཟུར་པ་མེཀ་ཕན་སི། སྲིད་འཛིན་ཟུར་པ་བྷ་རཀ་ཨོ་བྷ་མ་སོགས་ཚུད་མེད་པ་རེད།།

གཟའ་མཇུག་དེར་ཁེ་ན་ཌའི་གོ་ལའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ན་ཌའི་སྲིད་བློན་གྱི་ཆུང་མ་སོ་ཧྥི་གྷེ་རི་གྷོ་རི་ཊུ་རུ་དྷོ་དང་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་རྣམས། རྒྱལ་སྲུང་བཟོ་ཚོང་ཁང་གི་འགོ་ཁྲིད་ཚོ་བཅས་མི་༢༦་ཨུ་རུ་སུར་ཡོང་མི་ཆོག་པའི་ཐོ་གཞུང་དེར་གསར་དུ་ཁ་སྣོན་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ། སྲིད་བློན་ཊུ་རུ་དྷོ་དང་ནོར་སྲིད་བློན་ཆེན། གཞན་ཡང་དེ་མིན་གྱི་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་བརྒྱ་ཕྲག་འགའ་ཞིག་སྔོན་ནས་ཨུ་རུ་སུར་ཡོང་མི་ཆོག་པའི་བཀག་སྡོམ་ཐོ་གཞུང་དུ་བཀོད་ཟིན་ཡོད་ཅིང་། ཉི་མ་བཞིའི་སྔོན་དེར་ཁེ་ན་ཌའི་གཞུང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ཚུད་པའི་གཞུང་འབྲེལ་མི་སྣ་༡༠༠༠་ཡས་མས་ཤིག་ཁེ་ན་ཌར་ཡོང་མི་ཆོག་པའི་བཀག་སྡོམ་བྱས་པས་མོ་སི་ཀོས་དེ་ལ་ལན་པ་སློག་པར་གཟའ་མཇུག་དེར་སླར་ཡང་ཁེ་ན་ཌའི་མི་༢༦་ཨུ་རུ་སུར་ཡོང་མི་ཆོག་ཅེས་བཀག་སྡོམ་བྱས་འདུག ཨུ་རུ་སུའི་གཞུང་གིས་ཨ་རི་བ་དང་ཁེ་ན་ཌའི་མི་མང་དེ་དག་ལ་བཀག་སྡོམ་གྱི་ཉེས་ཆད་བཅད་པ་ནི་མཚོན་དོན་ཙམ་དུ་ཟད། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ཁེ་ན་ཌའི་གཞུང་གིས་ཡུཀ་རེན་ལ་མཚོན་ཆ་དང་མདེའུ། ཨ་སྒོར་དུང་ཕྱུར་༢་དང་ཕྱེད་ཀའི་དཔལ་འབྱོར་རོགས་རམ་སྤྲད། ཨུ་རུ་སུར་ཚོང་ལས་དང་དཔལ་འབྱོར། འཕྲུལ་རིག་ལག་རྩལ་དང་འགྲིམ་འགྲུལ་བཀག་སྡོམ་སོགས་ཀྱི་ཉེས་ཆད་སྣ་མང་ཞིག་འགེལ་རྒྱུའི་གསལ་བསྒྲགས་སྤེལ། ཨུ་རུ་སུའི་གཞུང་གིས་གསལ་བསྒྲགས་དེར་ང་ཚོར་འགྲིམ་འགྲུལ་བཀག་སྡོམ་གྱི་ཉེས་ཆད་བཅད་ནས་ཚུར་རྒོལ་བྱས་ན་ང་ཚོས་ཀྱང་རྒོལ་ལན་སློག་ནས་ཉེས་ཆད་གཅོད་རྒྱུ་ཆོས་ཉིད་རེད། ཨ་མི་རི་ཀས་བཙན་དྲག་གིས་མི་སེར་སྤེལ་བའི་རིང་ལུགས་གསར་པའི་སྒྲིག་ཁྲིམས་ཤིག་བཙན་འགེལ་བྱས་ནས་འཛམ་གླིང་ལ་སྒྲིག་སྲོལ་ཞིག་གསར་གཏོད་བྱེད་ཀྱི་འདུག ཨ་རིའི་སྤྱོད་པར་འགྱུར་བ་གཏོང་དགོས་ན་ས་ཁམས་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་གསར་པ་འདི་ངོས་ཟིན་དགོས་ཞེས་བཀོད།།

ད་ལོའི་ཕྱི་ཟླ་༤་པའི་ཚེས་༢༧་ཉིན་ཨུ་རུ་སུའི་གཞུང་གིས་དབྱིན་ཇིའི་གྲོས་ཚོགས་འཐུས་མི་༢༨༧་ཨུ་རུ་སུར་ཡོང་མི་ཆོག དབྱིན་ཇིའི་གྲོས་ཚོགས་འཐུས་མི་དེ་དག་གིས་ཕྱི་ཟླ་༣་པའི་ཚེས་༡༡་ཉིན་ཨུ་རུ་སུའི་གྲོས་ཚོགས་འོག་མའི་འཐུས་མི་༣༨༦་ལ་འགྲིམ་འགྲུལ་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་དང་ཡུཀ་རེན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ནས་ཧུར་བརྩོན་བྱས་པ་རེད་ཅེས་བཀྲལ། ཨུ་རུ་སུའི་ཐོ་གཞུང་དེར་དབྱིན་ཇིའི་གཞུང་འཛིན་རྙིང་ཞེན་ཚོགས་པའི་འཐུས་མི་༢༡༣་དང་ལས་རྩོལ་ཚོགས་པའི་འཐུས་མི་༧༤་འཁོད་ཡོད་པར་མ་ཟད། དབྱིན་ཇིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནི་ཐོ་གཞུང་དེའི་མགོ་དེར་འཁོད། གལ་སྲིད་དབྱིན་ཇིའི་གཞུང་གིས་ཡུཀ་རེན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་པ་དང་ཨུ་རུ་སུར་དགྲར་འཛིན་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཚེ། དབྱིན་ཇི་བ་བཀག་སྡོམ་བྱ་དགོས་པའི་ཐོ་གཞུང་དེར་མིང་ཐོ་ཇེ་མང་དུ་གཏོང་སྲིད་ཅེས་སྡིགས་ར་བསྐུལ། དབྱིན་ཇིའི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་བློན་ཆེན་ཟུར་པ་མར་ཁེ་ཧར་པར་གྱིས་ཁོ་བོ་ཨུ་རུ་སུའི་ཐོ་གཞུང་དུ་ཚུད་པར་སྤོབས་པ་ཡོད། ང་ཚོས་ཨུ་རུ་སུས་ཁྲིམས་འགལ་ཐོག་ཏུ་ཡུཀ་རེན་ལ་བཙན་འཛུལ་བྱས་པ་རེད། དམག་འཁྲུག་དེ་ངོ་ཚ་མེད་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་པར་ཨུ་རུ་སུར་ཕོག་ཐུག་ཆེན་པོ་ཕྱིན་ཡོད་པ་འདྲ། དབྱིན་ཇིའི་གཞུང་དམངས་གཉིས་ཡུཀ་རེན་གྱི་རྒྱབ་རྩར་ལངས་ཡོད་ཅེས་བཤད། ཨ་མི་རི་ཀའི་འཕྲོ་ནས་དབྱིན་ཇིའི་གཞུང་གིས་ཡུཀ་རེན་ལ་དཔལ་འབྱོར་དང་མཚོན་ཆ། དམག་སྦྱོང་དང་གསང་བའི་གནས་ཚུལ་མཁོ་སྤྲོད། ཨ་རི་དང་ཡུ་རོབ་མཉམ་འབྲེལ་གྱིས་སྒྲུབ་མི་བདེ་བ་མང་དག་ཅིག་དབྱིན་གཞུང་གིས་བསྒྲུབས་ནས་ཡུཀ་རེན་ལ་རྒྱབ་སྐྱོར་གང་ལེགས་དང་ཨུ་རུ་སུའི་བཙན་འཛུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༥་པའི་ཚེས་༢༢་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་གསུམ་འགྲོ་གྲབས་ཡོད་ཀྱང་ཕུ་ཊིན་གྱི་དམིགས་ཡུལ་མ་གྲུབ། དེ་ལས་ལྡོག་སྟེ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་ལ་བསད་རྨས་ཚབས་ཆེན་འཕོག་གི་ཡོད་ཀྱང་ཕུ་ཊིན་ལ་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་རྟགས་མཚན་བྲལ། དེས་ན་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་འདི་མགྱོགས་པོར་མཚམས་ཆོད་རྒྱུའི་རེ་བ་མི་འདུག ཡུཀ་རེན་ལ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མཚོན་ཆ་དང་དཔལ་འབྱོར་རོགས་རམ་སྤྲོད་ཀྱི་ཡོད་པས་སྐབས་ཤིག་གི་རིང་དམག་འཁྲུག་རྒྱུན་སྐྱོང་བྱེད་ཐུབ་རྒྱུ་ཡིན་མོད། འོན་ཀྱང་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། དཔལ་འབྱོར་ཉམས་རྒུད་དང་དམག་འཁྲུག་གི་ཇུས་ཉེས་ཆེན་པོ་འབྱུང་གི་ཡོད་པ་སོགས་ཀྱིས་འཐབ་འཁྲུག་རྒྱུན་འཁྱོངས་ཐུབ་རྒྱུ་དཀའ་བར་སྣང་། ཡིན་ནའང་ཕུང་ཊིན་གྱིས་སྦམ་བཟུང་སྟེ་དམག་འཁྲུག་རྒྱུན་སྐྱོང་བྱ་རྒྱུ་དང་ཁོ་པར་ཨུ་རུ་སུ་དམར་ཤོག་གི་བཙན་རྒྱལ་སླར་གསོ་བྱེད་ཐུབ་པའི་འཁྲུལ་སྣང་ཞིག་ཡོད་པ་འདོར་ཐུབ་ཀྱི་མེད་པ་བཅས་ཀྱིས་དམག་འཁྲུག་འདི་ཛ་དྲག་ཆེ་རུ་འགྲོ་སྲིད་པའི་ཉེན་ཁ་འདུག་ཅེས་གནས་ཚུལ་ཐོན། མོ་སི་ཀོ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཎི་ཀོ་ལ་ཡེ་ཊོ་པོར་རིན་གྱིས་ཨུ་རུ་སུར་ཡུཀ་རེན་གྱི་གྲོང་ཁྱེར་ཆེ་ཁག་ལ་དཔུང་འཇུག་བྱེད་ཐུབ་པའི་མིའི་སྟོབས་ཤུགས་འདང་ངེས་ཤིག་ཡོད་རྒྱུ་མ་རེད། གཅིག་བྱས་ན་ཨུ་རུ་སུའི་དམག་གིས་ཀ་ར་མ་ཏོར་སི་ཀི་དང་སེ་ཝེ་རོ་ཌོ་ནེ་ཛིཀ སི་ལོ་ཝི་ཡན་ཛིཀ་ལྟ་བུའི་གྲོང་རྡལ་ཆུང་ཁག་འགའ་རེ་ལེན་ཐུབ་སྲིད། ད་ལྟའི་ཨུ་རུ་སུའི་དམག་གི་སྟོབས་ཤུགས་ལ་བལྟས་ན་ཡུཀ་རེན་གྱི་མངའ་ཁུལ་ཆེན་པོ་ཞིག་བཙན་བཟུང་བྱེད་ཐུབ་རྒྱུ་ནི་ཁག་པོ་རེད་ཅེས་བསྟན། ཁ་སྔོན་གཟའ་པ་སངས་ཉིན་ཨུ་རུ་སུའི་གཞུང་གིས་སྐྱེས་པ་ལོ་ན་༤༠་ཡན་ཆད་རྣམས་དམག་ལ་ཆས་དགོས་ཞེས་དམག་སྐུལ་བྱས་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་ཉི་མར་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་ནང་ཁུལ་དུ་སྲིད་འགྱུར་བྱུང་སྟེ་༢༠༢༣་ཡས་མས་སུ་ཕུ་ཊིན་གྱི་སྲིད་དབང་མགོ་རྟིང་སློག་ཐུབ་རྒྱུའི་རྟགས་མཚན་འདུག་ཅེས་དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་ཟུར་པའི་རྒྱང་སྲིང་གླེང་མོལ་ལུང་འདྲེན་བྱས་འདུག དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་ཟུར་པ་སྐུ་ངོ་རི་ཆར་ཌི་ཌིར་ལོབ་ཀྱིས་ལོ་ན་༦༩་ལ་སོན་པའི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་བདེ་ཐང་མེད་པའི་སྐད་ཆ་མང་དག་ཅིག་གོ་རྒྱུ་འདུག དེར་བརྟེན་ངས་༢༠༢༣་ཡས་མས་སུ་ཕུ་ཊིན་ནད་གསོ་ཁང་ཞིག་ཏུ་སྐྱེལ་ཏེ་ཕྱིར་ཡོང་མེད་པར་འགྱུར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད། ཕུ་ཊིན་སྨན་བཅོས་ཁང་དུ་སྐྱེལ་རྒྱུ་ནི་སྲིད་དབང་བཙན་འཕྲོག་དང་མི་གསོད་ཁྲག་སྦྱོར་བྱེད་མི་དགོས་པར་འགོ་ཁྲིད་འཕོ་འགྱུར་གཏོང་ཐུབ་པའི་ཐབས་ཇུས་མཁས་པོ་ཞིག་རེད། ད་ལྟའི་དུས་འདིར་ཨུ་རུ་སུར་ཕུ་ཊིན་གྱི་རྗེས་འཛིན་པ་ཡག་པོ་ཞིག་གྲ་སྒྲིག་མེད་པ་འདྲ། མི་ཁག་ཅིག་གིས་ཨུ་རུ་སུའི་བདེ་འཇགས་ལྷན་ཚོགས་ཀྱི་དྲུང་ཆེ་ཎི་ཀོ་ལ་ཡེ་པ་ཊི་རུ་ཤེབ་ཀྱིས་སྟངས་འཛིན་བྱ་རྒྱུ་ཡིན་པའི་གླེང་སློང་བྱེད་ཀྱི་འདུག་ཅེས་བཤད། ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་སྟེ་ཕུ་ཊིན་ལ་རྒས་ཉམས་ཆེན་པོ་ཞིག་ཐོན་པར་མ་ཟད། སྐབས་འགར་ལུས་པོས་རང་ཚུགས་མི་ཐུབ་པར་རྩ་འདར་གྱི་ན་ཚ་ཡོད་པ་གསལ་པོ་མཐོང་བ་དང་ངོ་གདོང་སྐྲང་། མཇིང་པ་སྦོས་པ་སོགས་སྐེ་རྨེན་འབྲས་ནད་འཕོག་ཡོད་པའི་རྟགས་མཚན་ཐོན། ཨུ་རུ་སུའི་ཕྱུག་བདག་ཅིག་གིས་ཕུ་ཊིན་ལ་ཁྲག་སྐྲན་ཕོག་ཡོད་པ་རེད་ཅེས་བསྒྲགས་པའི་གནས་ཚུལ་ཞིག་ཁྱབ། ཉམས་ཞིབ་པ་ཁག་ཅིག་གིས་ཕུ་ཊིན་ལ་ཕོ་སྐྲན་བྱུང་སྟེ་སྨན་བཅོས་བྱས་ནས་ལོ་རེ་ཟུང་ཞིག་འགྲོ་བཞིན་ཡོད་པ་རེད། ད་ལྟ་ཕུ་ཊིན་ལ་གཤག་བཅོས་བྱེད་པའི་དུས་ཚོད་བཀོད་སྒྲིག་བྱས་འདུག ཉི་མ་གཉིས་གསུམ་ཞིག་ལ་ཨུ་རུ་སུའི་བདེ་འཇགས་ལྷན་ཚོགས་ཀྱི་དྲུང་ཆེར་སྲིད་དབང་རྩིས་སྤྲོད་བྱ་འཆར་འདུག་ཅེས་བསྒྲགས། གང་ལྟར་ཕུ་ཊིན་བདེ་ཐང་དང་ནད་མནར་ཅི་ཞིག་ཡིན་རུང་ཨུ་རུ་སུ་ཕྱི་ནང་གཉིས་སུ་ཁོ་པ་འཕོ་འགྱུར་གཏོང་དགོས་པའི་ལྟ་སྟངས་འཛིན་གྱི་ཡོད་པའི་རྣམ་པ་ཞིག་ཐོན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG