ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༦/༡༩

ཨུ་རུ་སུར་དམག་མི་འདང་ངེས་མེད་པ་དང་ཡུཀ་རེན་གྱི་ཕ་རྒོལ།


Russia Military
Russia Military

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཞིག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཚུར་རྒོལ་ལ་འགོག་རྒོལ་བྱས་མ་ཐུབ་པར་དམག་དཔུང་གསར་བསྡུ། ཐ་ན་བཙོན་པ་དང་ཨུ་རུ་སུའི་དམག་མི་རྨས་མ་རྣམས་དྲག་སྐྱེད་བྱུང་བའི་རྗེས་སུ་སླར་ཡང་དམག་སར་གཏོང་གི་འདུག

༄༅།། ཡུཀ་རེན་གྱི་དམག་གིས་རྒྱལ་ཁབ་དེའི་ལྷོ་ཕྱོགས་སུ་ཨུ་རུ་སུར་ཕར་རྒོལ་བྱ་རྒྱུ་མགོ་བརྩམས་ནས་ཉིན་ཤས་སོང་། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་མི་༡༣༧༠༠༠་གསར་དུ་བསྡུ་དགོས། དེང་སྐབས་ཨུ་རུ་སུར་དམག་མི་ས་ཡ་༡་དང་འབུམ་༩་ཡོད་པ་རྣམས་དམག་མི་ས་ཡ་༢་དང་ཁྲི་ཚོ་༤་ལོང་ཐུབ་པ་ཞིག་བྱ་དགོས་ཞེས་ཐག་བཅད། ཁ་སང་ཕྱི་ཟླ་༨་པའི་ཚེས་༣༡༌ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཞིག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཚུར་རྒོལ་ལ་འགོག་རྒོལ་བྱས་མ་ཐུབ་པར་དམག་དཔུང་གསར་བསྡུ། ཐ་ན་བཙོན་པ་རྣམས་ཀྱང་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་སྟེ་བཙོན་འཇུག་གི་ཉེས་ཆད་འཁུར་མི་དགོས་པའི་ཐབས་ཇུས་ལག་བསྟར། ཨུ་རུ་སུའི་དམག་མི་རྨས་མ་རྣམས་དྲག་སྐྱེད་བྱུང་བའི་རྗེས་སུ་སླར་ཡང་དམག་སར་གཏོང་གི་འདུག དེ་བཞིན་ཨུ་རུ་སུའི་གཞུང་གིས་ཕྱི་རྒྱལ་ནས་སྒེར་དམག་གླས་ཏེ་ཡུཀ་རེན་གྱི་དམག་ས་ཁག་ཏུ་དམག་དཔུང་འདང་ངེས་མེད་པར་ཁ་གསབ་བྱ་ཐབས་བྱེད་ཀྱི་འདུག སློབ་གྲྭ་ནས་དམག་ཁྲལ་རྒྱུག་མཁན་ཚོར་དངུལ་སྒོར་བྱ་དགའ་སྤྲོད་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་པ་བཅས་ལ་བལྟས་ན་ཨུ་རུ་སུར་དམག་མི་འདང་ངེས་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ར་འཕྲོད་ཅེས་བཤད། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་དམག་མི་ཅི་ཙམ་ལ་སྲོག་སྐྱོན་ཕོག་ཡོད་མེད་ཀྱི་གྲངས་འབོར་གསང་བ་བྱས་ནས་ཕྱིར་བསྒྲགས་བྱེད་ཀྱི་མེད་མོད། འོན་ཀྱང་ཡུཀ་རེན་གྱི་གཞུང་གིས་ཨུ་རུ་སུའི་དམག་མི་ཁྲི་ཚོ་མང་པོར་བསད་རྨས་བྱུང་ཡོད་པ་རེད་ཅེས་གནས་ཚུལ་སྤེལ། ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་འབྱུང་གི་ཡོད་པའི་ཨུ་རུ་སུའི་དམག་མི་ཕོན་ཆེན་ཞིག་མཐོ་འབྲིང་སློབ་གྲྭ་ཐོན་པའམ། ཡང་ན་སློབ་ཆེན་འགྲིམས་མ་ཐུབ་པའི་མཐའ་མཚམས་ཀྱི་དབུལ་ཕོངས་ས་གནས་ཁག་གི་ན་གཞོན་ཚོ་ཡིན་ཞིང་། ཨུ་རུ་སུའི་མི་འབོར་མང་བའི་གྲོང་ཁྱེར་ཁག་གི་འབྱོར་ལྡན་པའི་བུ་ཕྲུག་རྣམས་དམག་ཁོངས་སུ་ཞུགས་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

གཟའ་ལྷག་པའི་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པས་ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཞིག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུས་༢༠༡༤་ལོར་བཙན་འཕྲོག་བྱས་པའི་ཁེ་རེ་མཱི་ཡ་གླིང་ཟུར་ལ་སྲུང་སྐྱོབ་བྱེད་པའི་དམག་དཔུང་གསར་པ་གཏོང་མ་ཐུབ། ས་གནས་དེའི་མི་མང་དཀྱུས་མ་༡༢༠༠་བཙན་གྱིས་བསྡུས་ནས་ཁེ་རེ་མཱི་ཡའི་སྲུང་སྐྱོབ་དམག་ཁོངས་སུ་བཅུག ཨུ་རུ་སུའི་ལྷོ་ཕྱོགས་ཀྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གི་དམག་སྤྱི་ཨ་ལིཀ་སན་ཌར་ཌི་ཝོར་ཎི་ཀོབ་ཀྱིས་རྒྱལ་ས་མོ་སི་ཀོ་དང་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གཉིས་ཀྱི་དམག་བསྡུ་ཁང་ལ་འཕྲལ་དུ་དམག་དཔུང་གསར་པ་བསྡུས་ཏེ་སྡེ་ཤོག་ཁག་ཅིག་ཁེ་རེ་མཱི་ཡ་གླིང་ཟུར་དུ་གཏོང་དགོས་པའི་བཀའ་ཕབ། ད་སྔ་ཁེ་རེ་མཱི་ཡ་གླིང་ཟུར་དུ་འཐབ་འཁྲུག་ལངས་མེད་པས་ཨུ་རུ་སུའི་གཞུང་གིས་འགྲོ་གྲོན་བསྲི་ཚགས་ཆེད་དུ་དམག་མི་དེ་ཚོར་གླ་ཕོགས་མི་སྤྲོད་པ་དང་གན་རྒྱ་ཁག་ལ་མིང་རྟགས་འགོད་དུ་བཅུག་མེད་པར་སྣང་། ཨུ་རུ་སུའི་དམག་ཁྲལ་བ་ཚོར་ཨ་སྒོར་༨༢་ཡས་མས་རེའི་གླ་ཕོགས་ལས་མེད་ཅིང་། ཁོ་ཚོ་ཡུཀ་རེན་གྱི་དམག་དཔུང་དང་ཁེ་རེ་མཱི་ཡའི་ས་ཐོག་གི་ཡུཀ་རེན་གྱི་འཇབ་དམག་གི་ལག་ཏུ་འཆི་རྒྱུ་ཉག་གཅིག་རེད། ཨུ་རུ་སུའི་དམག་ཁྲལ་བ་རྣམས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་ན་དམག་ཁྲལ་བ་འདས་པོ་དེ་དག་གི་བཟའ་ཟླ་བུ་ཕྲུག་སོགས་ལ་ཨུ་རུ་སུའི་གཞུང་གིས་དངུལ་སྒོར་གྱོང་གསབ་མི་སྤྲོད་པར་གླ་ཕོགས་རྣམས་དམག་དོན་ལ་འགྲོ་གྲོན་གཏོང་གི་འདུག་ཅེས་བཀྲལ། ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་བཤད་པའི་སྐད་ཆ་དེ་རྣམས་བདེན་པ་ཡིན་ཚེ། ཡུཀ་རེན་གྱིས་ཕར་རྒོལ་འགོ་བཙུགས་ནས་དམག་འཁྲུག་གཞི་རྒྱ་ཆེ་རུ་གཏོང་གི་ཡོད་པའི་སྐབས་འདིར་ཨུ་རུ་སུའི་དམག་མི་ཚོས་རང་སྲོག་འབེན་དུ་བཙུགས་ནས་འགོག་རྒོལ་བྱ་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༢༩་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ད་ལྟའི་དམག་འཁྲུག་ནི་༢༠༡༤་ལོར་ཨུ་རུ་སུས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་པ་བྱས་པ་དང་ཌོན་བྷ་སི་མངའ་ཁུལ་ལ་བཙན་འཛུལ་རྒྱ་བསྐྱེད་རྒྱུའི་དམིགས་ཡུལ་བཅངས་ནས་བསླངས་པའི་དམག་འཁྲུག་ཅིག་རེད། དེས་ན་ཡུཀ་རེན་གྱི་དམག་གིས་ཁེ་རེ་མཱི་ཡ་གླིང་ཟུར་བཅིངས་འགྲོལ་གཏོང་དགོས་པ་དང་ཌོན་བྷ་སི་མངའ་ཁུལ་ནས་ཨུ་རུ་སུའི་དམག་དཔུང་མཐར་སྐྲོད་བཏང་སྟེ་དམག་འཁྲུག་འདི་མཚམས་འཇོག་དགོས་ཞེས་བསྒྲགས། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་བཙན་འཛུལ་བྱུང་བའི་རྗེས་ཐོགས་དེར་སྲིད་འཛིན་ཛེ་ལན་སི་ཀིས་ཡོངས་གྲགས་སུ་ཁེ་རེ་མཱི་ཡ་གླིང་ཟུར་དང་ཌོན་བྷ་སི་མངའ་ཁུལ་གྱི་བདག་དབང་ལ་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་ཆོག་ཅེས་ཨུ་རུ་སུར་ཞི་བའི་གྲོས་མོལ་བྱ་རྒྱུའི་གྲོས་མགོ་བཏོན། ཟླ་བ་༦་གི་དམག་འཁྲུག་གི་རྗེས་སུ་སྲིད་འཛིན་ཛེ་ལན་སི་ཀིའི་གདེང་སྤོབས་ཆེ་རུ་སོང་སྟེ་ཁར་སན་ས་ཁུལ་གྱི་ཨུ་རུ་སུའི་དམག་དཔུང་ལ་ཕར་རྒོལ། ཌི་ཎི་ཕེར་གཙང་པོའི་ཐོག་གི་ཟམ་ཆེན་ཁག་གཏོར་ཏེ་ཨུ་རུ་སུའི་དམག་ལ་མཚོན་ཆ་དང་མདེའུ། སྨན་དང་བཟའ་བཏུང་། རྒྱབ་གནོན་དམག་དཔུང་རྣམས་གཏོང་མི་ཐུབ་པ་ཞིག་ཏུ་བསྒྱུར། ཁར་སན་གྲོང་ཁྱེར་ནི་ཨུ་རུ་སུའི་བཙན་འཛུལ་དམག་གིས་ཐོག་མར་བླངས་པའི་ཡུཀ་རེན་གྱི་གྲོང་ཁྱེར་ཞིག་ཡིན་ཞིང་། དེར་བརྟེན་ཁར་སན་གྲོང་ཁྱེར་ནས་ཨུ་རུ་སུའི་དམག་དཔུང་མཐར་སྐྲོད་རྒྱུ་དེ་ཡུཀ་རེན་མི་དམངས་དང་དམག་དཔུང་། ལྷག་པར་དུ་སྲིད་འཛིན་ཛེ་ལན་སི་ཀི་བཅས་ལ་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ལྟར་ཨུ་རུ་སུའི་དམག་གིས་ཀྱང་ཁར་སན་ས་ཁུལ་ལ་མུ་མཐུད་དུ་དབང་བསྒྱུར་བྱ་རྒྱུ་དེ་བས་ཀྱང་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༣༠་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁན་སན་ས་ཁུལ་གྱི་ཨུ་རུ་སུའི་དམག་དཔུང་གིས་ཡུཀ་རེན་གྱི་ཚུར་རྒོལ་ལ་འགོག་རྒོལ་གང་ཐུབ་བྱེད་ཀྱི་ཡོད་ཀྱང་དམག་མི་འདང་ངེས་མེད་པ་དང་ཉམས་མྱོང་མེད་པ། མཚོན་ཆ་ཡག་པོ་མེད་པར་རྒོལ་སྣ་རྟེན་ཐུབ་རྒྱུ་ཁག་པོ་རེད། ཌི་ཎི་ཕེར་གཙང་པོའི་ནུབ་ཕྱོགས་ནས་ཨུ་རུ་སུའི་དམག་དཔུང་ལ་རྒྱབ་སྐྱོར་དང་མཁོ་ཆས་སྐྱེལ་འདྲེན་བྱེད་དཀའ། ཨུ་རུ་སུའི་གཞུང་གིས་ཁར་སན་ས་ཁུལ་ལ་དམག་དཔུང་ཁག་ཅིག་གཏོང་ཐུབ་ཡོད་པའི་དབང་དུ་བཏང་རུང་དེ་དག་ལ་དམག་སྦྱོང་མེད་པ་དང་དམག་འཁྲུག་གི་སྙིང་སྟོབས་མེད་པས་རྒྱལ་ཁ་ལེན་ཐུབ་རྒྱུ་ཧ་ཅང་དཀའ་ཞེས་བསྟན། ཡུཀ་རེན་གྱི་རྒྱལ་སྲུང་དམག་སྤྱི་ཁང་གི་ལས་སྣེ་ཚོས་ཕྱི་ཟླ་༢་པའི་ཚེས་༢༤་ནས་ཕྱི་ཟླ་༨་པའི་ཚེས་༣༡་བར་དུ་ཌོ་ནེ་ཛིཀ་དང་ཁར་ཀིབ་ས་གནས་གཉིས་སུ་ཨུ་རུ་སུའི་དམག་མི་༤༧༩༠༠་ཡས་མས་ཤིག་གི་ཚེ་སྲོག་ཤོར་འདུག་ཅེས་གནས་ཚུལ་སྤེལ། ཁར་སན་ས་ཁུལ་དུ་ཨུ་རུ་སུའི་དམག་ལ་ཕྱི་རིམ་ནང་རིམ་བཅས་འཐབ་ར་ཁག་གསུམ་ཡོད་ཀྱང་ཕྱི་རིམ་གྱི་འཐབ་ར་དེ་ཡུཀ་རེན་གྱི་དམག་གིས་གཏོར་ནས་མངའ་ཁུལ་དེའི་གྲོང་གསེབ་འགའ་ཞིག་ལ་བཅིངས་འགྲོལ་ཐོབ། གཟའ་ལྷག་པའི་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་གསང་བའི་གནས་ཚུལ་ཁག་ལ་ཁུངས་གཏུགས་ནས་ཡུཀ་རེན་གྱི་དམག་གིས་རྒྱལ་ཁབ་དེའི་ལྷོ་ཕྱོགས་སུ་ཨུ་རུ་སུར་ཕྱོགས་འགའ་ཞིག་ནས་ཕར་རྒོལ་བྱེད་ཀྱི་འདུག ཨུ་རུ་སུར་འགོག་རྒོལ་གྱི་དམག་དཔུང་འདང་ངེས་མེད་པས་ཡུཀ་རེན་གྱི་ཕར་རྒོལ་དེར་ནུས་པ་ཆེན་པོ་ཞིག་ཐོན་ཡོད་པར་མ་ཟད། གཟའ་འཁོར་འདིར་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱེད་འགོ་ཚུགས་པ་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཅེས་བཤད།།

ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༩་ཉིན་ཨ་རིའི་སི་ཨེན་ཨེན་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གཞུང་གིས་བཙོན་པ་དང་ཉེས་ཅན་ཚོ་དམག་ཁོངས་སུ་ཞུགས་ན་ནག་ཉེས་གུ་ཡངས་གཏོང་རྒྱུ་དང་གླ་ཕོགས་ཆེན་པོ་སྤྲོད་ཆོག་ཅེས་བརྡ་ཐོ་བཀྲམ། བཙོན་པ་དེ་དག་གི་གཉེན་ཉེ་སོགས་ལ་ཁ་པར་བཏང་སྟེ་བཙོན་པ་ཚོ་དམག་ཁོངས་སུ་ཞུགས་དགོས་པའི་ཁ་ཏ་བྱེད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན། བཙོན་པ་ཚོ་དམག་ས་ཁག་ཏུ་བཏང་བའི་རྗེས་སུ་གོ་ཐོས་མེད་པར་འགྱུར་གྱི་འདུག་ཅེས་སྨན་ཁང་དུ་འབྱོར་བའི་རྨས་མ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་ཤིང་། ནག་ཉེས་གུ་ཡངས་དང་རང་དབང་སྤྲོད་རྒྱུ། གླ་ཕོགས་ཆེན་པོ་སོགས་ཀྱིས་ལོ་མང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བཙོན་པ་ཚོ་བློ་འགུགས་ཐུབ་ཀྱི་ཡོད་པ་སྟེ། བཙོན་པ་ཞིག་གིས་ང་དམག་ཁོངས་སུ་ཞུགས་རྒྱུ་ཡིན། འོན་ཀྱང་ཨ་མར་བཤད་མི་དགོས། ཨ་མར་བཤད་ན་རྟག་ཏུ་གསར་འགྱུར་ལ་ལྟ་ཉན་བྱས་ནས་སེམས་ཁྲལ་བྱེད་ཀྱི་རེད་ཅེས་བཤད། བཙོན་པ་དེའི་སྤུན་མཆེད་ཅིག་གིས་དེ་བདེན་པ་རེད། ང་ཚོས་གསར་འགྱུར་ལ་ལྟ་ཉན་བྱས་ནས་སེམས་ཁྲལ་བྱ་རྒྱུ་ཆོས་ཉིད་རེད། གལ་སྲིད་ཁྱོད་གང་དུ་ཡོད་པ་དང་ཅི་ཞིག་སྒྲུབ་ཀྱི་ཡོད་པ་རྣམས་ང་ཚོར་བཤད་ན་བློ་བདེ་བའི་ཁྱད་པར་འབྱུང་གི་རེད་ཅེས་ལན་བཏབ། བཙོན་པ་དེས་ངས་ཀྱང་མི་ཤེས། ཐམས་ཅད་ས་གནས་ས་ཐོག་གི་དངོས་ཡོད་གནས་སྟངས་ཀྱིས་ཐག་གཅོད་ཀྱི་རེད། ང་ཚོ་བཙོན་ཁང་ཨང་༡༢་པའི་ནང་དུ་སྤོར་རྒྱུ་ཡིན་པ་ངས་ཤེས་ཀྱི་ཡོད། དེ་ནས་མི་ཚང་མ་སོ་སི་ཏོབ་ལ་བདུན་ཕྲག་གཉིས་ཀྱི་རིང་གཏོང་རྒྱུ་རེད། དེའི་རྗེས་སུ་དམག་ས་ཁག་ཏུ་གཏོང་རྒྱུ་ཡིན་པ་དང་ང་འགྲོ་འདོད་འདུག མིའི་མི་ཚེ་ནང་དུ་གདམ་ག་མང་དག་ཅིག་ཡོད་ཀྱང་ང་ལ་ནི་གདམ་ཀ་གཅིག་ལས་མི་འདུག རྒྱུ་མཚན་དེའི་ཕྱིར་ན་ང་དམག་ཁོངས་སུ་ཞུགས་རྒྱུའི་མོས་མཐུན་བྱས་པ་ཡིན་ཞེས་བཤད། སྤུན་མཆེད་དེས་ཁྱོད་ཀྱིས་བཙོན་ཁང་དུ་ངལ་རྩོལ་རྒྱུག་པ་དང་དཔེ་དེབ་ཀློག འཕྲུལ་རིག་ལག་རྩལ་ཞིག་དང་སྐད་ཡིག་གཞན་ཞིག་སྦྱང་ཆོག་གི་མ་རེད་དམ་ཞེས་དྲིས། བཙོན་པ་དེས་ང་ལོ་ན་ཆེ་དྲགས་ནས་དེ་ཚོ་འཇོན་གྱི་མ་རེད་ཅེས་ལན་གླན། གོང་དུ་བུ་སྤུན་གཉིས་ཀྱིས་ཁ་བརྡ་བྱས་པ་ལྟར་ཨུ་རུ་སུ་རྒྱལ་ཡོངས་ཀྱི་བཙོན་ཁང་ཁག་ཏུ་བཙོན་པ་དང་གཉེན་ཉེ་ཚོ་སྐད་ཆ་གཅིག་འདི་འདྲ་མཚུངས་ཤིག་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG