ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨུ་རུ་སུ་དང་བྱང་ཀོ་རི་ཡར་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ། 


༄༅།། དེ་རིང་ཕྱི་ཟླ་༦་པའི་ཚེས་༣༠་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་དང་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུ་རྒྱལ་ཡོངས་སུ་གཟའ་ལྷག་པའི་ཉིན་མི་༦༦༩་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་། གཟའ་མིག་དམར་ཉིན་མི་༦༥༢་ལ་སྐྱོན་འཆི་སྐྱོན་བྱུང་། ཁ་སང་དང་དེ་རིང་གཉིས་ཀར་ཁྱོན་བསྡོམས་ཨུ་རུ་སུ་རྒྱལ་ཡོངས་སུ་མི་༡༣༢༡་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་ཡོད་པའི་གནས་ཚུལ་ཐོན། དེ་བཞིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གྱིས་ང་ཚོར་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་འཐུས་ཤོར་ཚབས་ཆེན་ཞིག་ཕྱིན་འདུག་ཅེས་འབྲེལ་ཡོད་ལས་སྣེ་ཁག་ཅིག་གནས་དབྱུང་བཏང་བའི་གནས་ཚུལ་ཐོན། ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ཀས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་ཆུང་དང་མི་ཅི་ཙམ་ལ་ནད་མནར། མི་ཅི་ཙམ་ལ་འཆི་སྐྱོན་བྱུང་ཡོད་མེད་ཀྱི་གྲངས་འབོར་ངོ་མ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་ཅིང་། ཨུ་རུ་སུའི་གཞུང་གིས་ད་ལྟའི་བར་དུ་མི་༡༣༥༢༡༤་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་སོང་། མི་ས་ཡ་༥་དང་ཕྱེད་ཀ་ཡས་མས་ཤིག་ལ་ནད་དུག་འགོས་སོང་ཞེས་ཁྱབ་བསྒྲགས་བྱས་ཀྱང་བྱང་ཀོ་རི་ཡའི་གཞུང་གིས་ནད་པའི་གྲངས་འབོར་དང་འཆི་སྐྱོན་གྱི་གྲངས་འབོར་སོགས་གཏན་ནས་ཕྱི་ལ་མ་བསྒྲགས། ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རོགས་རམ་སྤྲོད་དགོས་ཟེར་གྱི་ཡོད་པ་ཀིམ་ཇོང་ཨུན་གྱིས་ལེན་རྒྱུ་ཡིན་མིན་ལན་མ་སྤྲད། ཨུ་རུ་སུའི་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཨང་དང་པོར་བཟོས་པ་ཡིན་ཞེས་རྒྱལ་སྤྱིའི་ཐོག་ཏུ་ཟིན་ཐོ་བཀོད། ཡིན་ནའང་ད་དུང་ཡང་ཨུ་རུ་སུར་ནད་ཡམས་ཁྱབ་གདལ་འགོག་ཐུབ་ཀྱི་མེད་པ་དེ་ལ་བལྟས་ཚེ། ཨུ་རུ་སུའི་སྨན་ཁབ་ལ་ནད་འགོག་གི་ནུས་པ་མེད་པ་དང་སྨན་ཁབ་མ་བརྒྱབ་པ་རྣམས་བཟོ་གྲྭ་ཁག་ནས་ཕྱིར་འབུད་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་ལྷག་པའི་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་ཨུ་རུ་སུར་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་ནི་ཉེ་ཆར་རྒྱ་གར་ལ་ཁྱབ་པའི་ངོ་བོ་ཉིས་འགྱུར་རམ། ཡང་ན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཌེལ་ཊ་ཞེས་མིང་བཏགས་པའི་ཏོག་དབྱིབས་ནད་དུག་ཡིན་ཞིང་། ཨུ་རུ་སུ་རྒྱལ་ཡོངས་སུ་ནད་དུག་ཁྱབ་ཡུལ་གཙོ་བོ་ནི་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་ཡིན་འདུག འདས་པའི་གཟའ་འཁོར་འགའ་ཞིག་གི་རིང་དུ་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་དང་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གཉིས་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་སོང་། ཨུ་རུ་སུའི་འཕྲོད་བསྟེན་ལྷན་ཁང་གིས་སླར་ཡང་འགྲོ་འོང་བཀག་སྡོམ་དང་མི་དམངས་ལ་སྨན་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་སྟེ། རྒྱལ་ས་མོ་སི་ཀོ་གྲོང་ཁྱེར་གྱི་སྤྱི་ཁྱབ་སར་གྷེ་སོ་བྷི་ཡན་གྱིས་གྲོང་ཁྱེར་དེར་ཁྱབ་ཀྱི་ཡོད་པའི་ནད་དུག་བརྒྱ་ཆ་༩༠་ལྷག་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་རེད་ཅེས་བཤད། ཁོང་གིས་ནད་ཡམས་སྔོན་འགོག་ཆེད་དུ་འགོག་ཁབ་བརྒྱབ་མེད་པའི་བཟོ་ཚོང་ལས་ཁང་ཁག་དང་ཟ་ཁང་། ཚོང་ཁང་སོགས་ཀྱི་ལས་བྱེད་བརྒྱ་ཆ་༣༠་ལྷག་རང་ཁྱིམ་དུ་ཕྱིར་སློག་བྱེད་དགོས། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཟིན་པ་ཚོར་བཟོ་ཚོང་ལས་ཁང་དང་ཟ་ཁང་། ཚོང་ཁང་སོགས་སྒོ་ཕྱེ་ནས་ཚོང་ལས་གཉེར་དུ་འཇུག་རྒྱུའི་ཐག་བཅད། མོ་སི་ཀོ་གྲོང་ཁྱེར་གཞུང་གིས་གྲོང་མི་ཚོས་ངེས་པར་དུ་འགོག་ཁབ་རྒྱག་དགོས་ཞེས་ཁྲིམས་བཅས་པ་དང་ཕྱི་ཟླ་༨་པའི་ཟླ་དཀྱིལ་བར་དུ་གྲོང་མི་བརྒྱ་ཆ་༦༠་ལྷག་ལ་འགོག་ཁབ་རྒྱག་ཐུབ་རྒྱུའི་དམིགས་ཚད་བཟུང་འདུག གཟའ་ལྷག་པའི་ཕྱི་དྲོར་སྲིད་འཛིན་ཕུ་ཊིན་གྱིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་དང་ནད་ཡམས་ཀྱི་ཛ་དྲག་ཆེ་ཆུང་ཅི་ཡིན་གཏམ་བཤད་བྱ་རྒྱུའི་གནས་ཚུལ་ཐོན་འདུག

ཨུ་རུ་སུས་བཟོས་པའི་ཏོག་ནས་འགོག་ཁབ།
ཨུ་རུ་སུས་བཟོས་པའི་ཏོག་ནས་འགོག་ཁབ།

གཟའ་ལྷག་པའི་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གྱིས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཅིག་གནས་དབྱུང་བཏང་ཞིང་། ཁོ་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་འགན་འཐུས་ཤོར་བཏང་འདུག་ཅེས་སྐྱོན་འཛུགས་བྱས་ཀྱང་བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཅི་ཙམ་གནས་དབྱུང་བཏང་ཡོད་མེད། བྱང་ཀོ་རི་ཡ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་ཆུང་ཅི་ཙམ་ཡོད་མེད་རྣམས་གསལ་པོ་ཞིག་མ་བཤད། བྱང་ཀོ་རི་ཡའི་དབུས་གསར་འགྱུར་ལས་ཁང་གིས་རྒྱལ་ཁབ་དེའི་དབང་འཛིན་ངལ་རྩོལ་ཚོགས་པའི་མཐོ་རིམ་ལས་སྣེ་ཁག་ཅིག་འཕོ་འགྱུར་བཏང་བའི་གནས་ཚུལ་སྤེལ། ད་ལྟའི་བར་དུ་བྱང་ཀོ་རི་ཡའི་གཞུང་གིས་མི་ཅི་ཙམ་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་དང་འཆི་སྐྱོན་སོགས་ཀྱི་གྲངས་འབོར་ཞིག་ཕྱིར་བསྒྲགས་མ་བྱས་མོད། འོན་ཀྱང་འཛམ་གླིང་གི་འཕྲོད་བསྟེན་མཁས་པ་ཚོས་བྱང་ཀོ་རི་ཡའི་འཕྲོད་བསྟེན་མ་ལག་ཡག་པོ་མེད་པ་དང་མི་དམངས་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཐུབ་ཀྱི་མེད་པ། འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པས་བྱང་ཀོ་རི་ཡར་མི་འབོར་ས་ཡ་༢༥་ཡོད་པ་དེ་དག་ལ་ཏོག་དབྱིབས་ནད་དུག་མ་འགོས་པར་ཐར་དཀའ་བའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། སྔ་ལོ་བྱང་ཀོ་རི་ཡའི་མི་གཉིས་ཀྱིས་རྒྱ་ནག་ནས་ནད་ཡམས་སྔོན་འགོག་གི་ཁྲིམས་ལ་འགལ་ནས་དངོས་ཟོག་ནང་འདྲེན་བྱས་པར་ཀིམ་ཇོང་ཨུན་གྱིས་མི་དེ་དག་ལ་སྲོག་ཁྲིམས་བཅད་ནས་གསོད་དུ་བཅུག་པའི་གནས་ཚུལ་ཐོན། ༢༠༢༠་ལོའི་ཕྱི་ཟླ་དང་པོ་ནས་བྱང་ཀོ་རི་ཡས་རྒྱ་ནག་ལ་ས་མཚམས་བཀག་སྟེ་ཚོང་ལས་ཉམས། ད་དུང་དེའི་ཁར་བྱང་ཀོ་རི་ཡར་ཐན་པ་དང་ཆུ་ལོག་གི་དཀའ་ངལ་ཕྲད་ནས་མི་དམངས་ལ་འབྲུ་རིགས་ཟ་རྒྱུ་མེད་པར་མུ་གེ་བསླེབས། བྱང་ཀོ་རི་ཡ་རྒྱལ་ཡོངས་སུ་ཟས་སོང་གི་རིན་གོང་འཕར་ནས་ཇ་ནག་བག་ཆུང་ཞིག་ལ་ཨ་སྒོར་༧༠་ཡས་མས་རེ་སྤྲོད་དགོས་པ་དང་འཚིག་ཇ་ཤོག་ཁུག་གང་ལ་ཨ་སྒོར་༡༠༠་ལྷག་སྤྲོད་དགོས་ཀྱི་འདུག་ཅེས་གླེང་སློང་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག

བྱང་ཀོ་རི་ཡར་གླ་འཁོར་སོགས་ལ་དུག་སེལ་བྱེད་བཞིན་པ།
བྱང་ཀོ་རི་ཡར་གླ་འཁོར་སོགས་ལ་དུག་སེལ་བྱེད་བཞིན་པ།

བྱང་ཀོ་རི་ཡའི་གཞུང་གིས་ཟླ་བ་རྗེས་མར་ཉི་ཧོང་ལ་འཚོགས་ཀྱི་ཡོད་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་མཉམ་ཞུགས་བྱ་རྒྱུ་མིན་ཞེས་ཨོ་ལིམ་ཕིཀ་རྩེད་འགྲན་ལྷན་ཚོགས་ལ་བརྡ་བརྒྱབ། ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡའི་གཞུང་གིས་རང་གི་རྩེད་འགྲན་པ་རྣམས་ཉི་ཧོང་ལ་འགྲན་སྡུར་བྱེད་དུ་བཏང་ན་ནད་དུག་འགོ་སྲིད། ཁོ་ཚོ་བྱང་ཀོ་རི་ཡར་ཕྱིར་ལོག་བྱས་པའི་རྗེས་སུ་རྒྱལ་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྲིད་པའི་སྐྲག་སྣང་བྱེད་ཀྱི་ཡོད་པ་རེད། བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་ཁྱབ་ན་རྒྱལ་ཁབ་དེའི་འཕྲོད་བསྟེན་ལམ་ལུགས་རྦད་དེ་སྦོ་ལུག་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད་ཅེས་བཤད། ལྷོ་ཀོ་རི་ཡར་མགོ་བཅོལ་ཞུ་མཁན་ཚོས་བྱང་ཀོ་རི་ཡའི་སྨན་ཁང་ཁག་ལ་རྟག་ཏུ་སྨན་བཅོས་ཀྱི་མཐུན་རྐྱེན་དང་ཡོ་བྱད། སྨན་དང་འགོག་ཁབ་མེད་པར་རྐང་ལག་གཅོད་དགོས་པའི་ནད་པ་ཚོར་སྦྲིད་སྨན་རྒྱག་རྒྱུ་མེད་པར་རྐང་ལག་གཅོད་ཀྱི་འདུག་ཅེས་བཀྲལ། ད་སྔ་བྱང་ཀོ་རི་ཡར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་བརྒྱུད་ནས་ཀྱང་འགོག་ཁབ་བགོ་འགྲེམ་མ་ཐོབ། ཟླ་བ་སྔོན་མར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བགོ་འགྲེམ་བྱེད་ཕྱོགས་ལ་གྲོས་མོལ་བྱེད་ཆོག་ཅེས་བཤད། འོན་ཀྱང་ཀིམ་ཇོང་ཨུན་གྱི་དམར་ཤོག་སྲིད་གཞུང་གིས་ཨ་མི་རི་ཀའི་འགོག་ཁབ་རོགས་རམ་སྤྲོད་ཀྱི་ཡོད་པ་ལེན་རྒྱུ་ཡིན་མིན་ངེས་གཏན་བྲལ། གལ་སྲིད་བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་མེད་ཚེ། ཁོ་ཚོས་ཕྱི་ལ་ས་མཚམས་བཀག་པ་དང་རྒྱལ་ནང་དུ་མི་དམངས་རྣམས་ས་གནས་གཅིག་ནས་ས་གནས་གཞན་ལ་འགྲོ་འོང་བྱེད་མི་ཆོག་པའི་བཀག་སྡོམ་དམ་པོ་བྱས་པ་འབའ་ཞིག་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་འགོག་ཐུབ་ཡོད་སྲིད་ཅེས་བཤད།།

བྱང་ཀོ་རི་ཡ་དང་མ་འདྲ་བར་ཨུ་རུ་སུར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་ཡོད་ཀྱང་མི་དམངས་རྣམས་འགོག་ཁབ་ལ་དོགས་པ་ཡོད་པ་སེལ་མ་ཐུབ། ན་ནིང་ཕྱི་ཟླ་༨་པ་ནས་སྲིད་འཛིན་ཕུ་ཊིན་གྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཟོས་པ་ཡིན། ངའི་བུ་མོ་ལའང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པ་ཡིན་ཞེས་བསྒྲགས། འདས་པའི་ལོ་གཅིག་ཡས་མས་ཤིག་གི་རིང་དེར་ཨུ་རུ་སུར་མི་འབོར་དུང་ཕྱུར་གཅིག་དང་ཕྱེད་ཀ་མ་ཟིན་ཙམ་ཞིག་ཡོད་པ་དེ་དག་གྲས་ཀྱི་མི་གྲངས་བརྒྱ་ཆ་༡༤་ལ་མ་གཏོགས་འགོག་ཁབ་རྒྱག་མ་ཐུབ། ཨུ་རུ་སུའི་གཞུང་གིས་ཕྱི་ཟླ་༦་པ་བར་དུ་མི་གྲངས་ས་ཡ་༣༠་ལ་འགོག་ཁབ་རྒྱག་རྒྱུ་ཡིན་ཞེས་རླངས་འཁོར་གྱི་རྒྱན་ཤོག་གཡུགས་ནས་སྤྲོད་པ་དང་ཚོང་ཁང་གི་ཟས་རིགས་སོགས་རིན་མེད་དུ་སྤྲད་ཀྱང་དམིགས་ཚད་བཟུང་བའི་མི་གྲངས་དེར་འགོག་ཁབ་རྒྱག་མ་ཐུབ། ལོ་ན་༢༩་ལ་སོན་པའི་ཨོ་ཡེ་ནུ་ཤེབ་ཟེར་བའི་སྒྱུ་རྩལ་བ་ཞིག་གིས་ང་ལ་ཨུ་རུ་སུའི་སྨན་ཁབ་རྒྱག་འདོད་མེད། ང་ལ་གདམ་ཀ་ཞིག་ཡོད་ན་ཨུ་རུ་སུའི་འགོག་ཁབ་མ་ཡིན་པ་ཞིག་རྒྱག་འདོད་ཡོད། ཨུ་རུ་སུའི་མི་དམངས་ཀྱི་གྲས་སུ་འགོག་ཁབ་རྒྱག་མཁན་ཧ་ཅང་ཉུང་ཉུང་ཡིན་པ་ནི་མི་རྣམས་སྲིད་གཞུང་ལ་ཡིད་ཆེས་མེད་པ་དང་སྲིད་གཞུང་གིས་ཡག་པོ་ཡོད་ཟེར་བའི་སྨན་ཁབ་དེར་ཡིད་ཆེས་མི་འདུག་ཅེས་གསར་འགོད་པར་བཤད། ཨུ་རུ་སུའི་ནད་རིགས་བརྟག་དཔྱད་པ་ཝྭ་སི་ལི་ཝྭ་ལ་སོབ་ཟེར་བ་ཞིག་གིས་ཀྱང་ང་ཚོས་འཇར་མན་ཎིའི་རླངས་འཁོར་རྣམས་ཨུ་རུ་སུའི་རླངས་འཁོར་ལས་ཀྱང་ཡག་ག་ཡོད་པ་ཤེས་ཀྱི་ཡོད། དེས་ན་ཨུ་རུ་སུའི་གཞུང་གིས་རང་གི་སྨན་ཁབ་དེ་ཕྱི་རྒྱལ་གྱི་སྨན་ཁབ་ལས་ཡག་ག་ཡོད་ཅེས་བཤད་ཀྱང་དེ་ལ་ཡིད་ཆེས་འཕེར་རྒྱུ་ཁག་པོ་རེད་ཅེས་བཤད་འདུག

XS
SM
MD
LG