ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

ཡུག་ཀེ་རན་གྱི་ཤར་ཕྱོགས་སུ་ཨུ་རུ་སུའི་དམག་དཔུང་ཁ་སྣོན་འབྱོར། 


ཨུ་རུ་སུའི་དམག་གིས་ཡུག་ཀེ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཨབ་དཱིབ་ཀ་
ཨུ་རུ་སུའི་དམག་གིས་ཡུག་ཀེ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཨབ་དཱིབ་ཀ་

༄༅།། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུག་ཀེ་རེན་ལ་བཙན་འཛུལ་བྱས་ནས་ཉི་མ་༦༠༡་འགྲོ་བཞིན་ཡོད་ཅིང་། ཕྱི་ཟླ་༡༠་པའི་ཚེས་༡༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་ཨུ་རུ་སུའི་དམག་གིས་ཡུག་ཀེ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཨབ་དཱིབ་ཀ་གྲོང་ཁྱེར་ལེན་པར་དམག་དཔུང་ཁ་སྔོན་བཏང་སྟེ་འཐབ་འཁྲུག་དྲག་པོ་རྒྱག་གི་འདུག ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་བཙན་འཛུལ་དམག་འཁྲུག་བསླངས་ནས་བཟུང་། ད་ལྟའི་བར་དུ་ཨུ་རུ་སུའི་དམག་གིས་ཡུག་ཀེ་རེན་གྱི་གྲོང་ཁྱེར་ཞིག་ལེན་པར་དཔུང་འཇུག་ཤུགས་ཆེན་འདི་འདྲ་ཞིག་བརྒྱབ་པ་མཐོང་ཐོས་དཀོན། ཡིན་ནའང་ཡུག་ཀེ་རན་གྱི་དམག་གིས་འགོག་རྒོལ་དྲག་པོ་བྱས་ནས་ཨུ་རུ་སུའི་དམག་མི་བསད་རྨས་དང་ལྕགས་ཁྲབ་འཁོར་ལོ་རྩ་གཏོར། ཨུ་རུ་སུའི་འཐབ་འཁོར་རྣམས་ཐལ་བའི་རྡུལ་དུ་བཏང་སྟེ་ཇུས་ཉེས་བྱུང་། ཡུག་ཀེ་རེན་གྱི་ཨབ་དཱིབ་ཀ་གྲོང་ཁྱེར་ཨུ་རུ་སུའི་དམག་གིས་འཕྲལ་དུ་ལེན་ཐུབ་རྒྱུ་ཁག་པོ་རེད་ཅེས་བཀྲལ།།

ཡུག་ཀེ་རེན་གྱི་རྒྱལ་སྲུང་ལྷན་ཁང་གིས་འདས་པའི་ཉིན་ཞག་གཅིག་གི་རིང་དེར་ཨུ་རུ་སུའི་དམག་མིས་ཚུར་རྒོལ་ཐེངས་༡༠་བྱས་ཏེ་ཨབ་དཱིབ་ཀ་གྲོང་ཁྱེར་མཐའ་སྐོར་ཐབས་བྱས་སོང་ཟེར། རྒྱལ་སྤྱིའི་དམག་འཁྲུག་ཞིབ་འཇུག་ཁང་གིས་ཡུག་ཀེ་རན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གིས་གནས་ཚུལ་སྤེལ་བ་ལུང་འདྲེན་བྱས་པ་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་དམག་གིས་ཨབ་དཱིབ་ཀ་གྲོང་ཁྱེར་ལ་གཏོར་རྒོལ་ཐེངས་༢༢་བྱས་དང་གཟའ་ཉི་མའི་ཉིན་གཏོར་རྒོལ་ཐེངས་༣༠་བྱས་ཤིང་། བདུན་ཕྲག་སྔོན་མའི་དཀྱིལ་ནས་ཨུ་རུ་སུའི་དམག་གིས་ཁྱོན་བསྡོམས་ཡུག་ཀེ་རེན་གྱི་ཨབ་དཱིབ་ཀ་གྲོང་ཁྱེར་ལ་དཔུང་རྒོལ་ཐེངས་༦༠་ཡས་མས་ཤིག་བྱས་འདུག་ཅེས་སྙན་ཐོ་བཏོན། ཡུག་ཀེ་རན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་ཛིཀ་ས་གནས་ཡོངས་རྫོགས་ལ་དབང་བསྒྱུར་བྱ་དགོས་ན་ཨབ་དཱིབ་ཀ་གྲོང་ཁྱེར་ནི་དམག་དོན་འཐབ་ཇུས་ལ་གནད་འགག་ཤིན་ཏུ་ཆེ། ཨུ་རུ་སུ་དང་ཡུག་ཀེ་རེན་གཉིས་ཀས་དགུན་ཁ་མ་བསླེབས་སྔོན་འདིར་ཨིབ་དཱིབ་ཀ་གྲོང་ཁྱེར་བཟུང་ནས་འཐབ་འཁྲུག་རྒྱག་རྒྱུའི་གྲབས་བཤམས།།

ཕྱི་ཟླ་༡༠་པའི་ཚེས་༡༧་ཉིན་ཡུག་ཀེ་རེན་གྱིས་པ་ར་ཝ་ཌ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཉིན་ཡུག་ཀེ་རེན་གྱི་དམག་གིས་འགོག་རྒོལ་བྱས་ནས་ཨུ་རུ་སུའི་དམག་མི་༨༠༠་ཡས་མས་ཤིག་བསད། ཨུ་རུ་སུའི་མེ་སྒྱོགས་མ་ལག་༢༦་དང་ལྕགས་ཁྲབ་འཁོར་ལོ་༡༤་གཏོར། སྔ་ལོ་ཡུག་ཀེ་རེན་ལ་བཙན་འཛུལ་བྱུང་ནས་བཟུང་སྟེ་ཨུ་རུ་སུའི་དམག་མི་༢༩༠༠༠༠་ལྷག་ལ་སྲོག་སྐྱོན་ཕོག་འདུག་ཅེས་གནས་ཚུལ་སྤེལ། ཡུག་ཀེ་རེན་གྱི་པ་ར་ཝ་ཌ་གསར་ཁང་གིས་སྤེལ་བའི་གནས་ཚུལ་དེ་བདེན་པ་ཡིན་མིན་རང་བཙན་གྱི་གསར་འགྱུར་ལས ཁང་ཁག་གིས་ངེས་གཏན་བྱེད་དཀའ། ཉེ་ཆར་ཨུ་རུ་སུའི་མི་རིགས་རིང་ལུགས་པ་དང་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་མཁན་གསར་འགྱུར་དཔྱད་ཞིབ་པ་ཞིག་གིས་ང་ཚོའི་གསར་ཤོག་ཁག་ཏུ་དམག་མི་༢༦༠༠༠༠་ལྷག་ཡུག་ཀེ་རེན་གྱི་དམག་ས་ཁག་ཏུ་བསད་པའི་གཤིན་པོའི་ལོ་རྒྱུས་འཁོད་འདུག གསར་ཤོག་ཁག་ཏུ་བཀོད་པའི་དམག་མི་འདས་པོ་རྣམས་ཀྱི་ལོ་རྒྱུས་ཁག་ཅིག་ལྡབ་སྐྱོར་བྱུང་ཡོད་ངེས་ཀྱང་དམག་མི་འབུམ་༢་ལྷག་བསད་པ་ནི་ཧ་ཅང་གི་གྲངས་འབོར་མང་པོ་རེད་ཅེས་བརྙན་འཕྲིན་ལས་རིམ་ཐོག་ཏུ་བསྒྲགས།།

ཕྱི་ཟླ་༡༠་པའི་ཚེས་༡༦་ཉིན་ཕྱི་ལོགས་སུ་དཔར་འགྲེམ་བྱེད་ཀྱི་ཡོད་པའི་མོ་སི་ཀོ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུས་སྲིད་འཛིན་ཕུ་ཊིན་ལ་དྲྭ་ལམ་དུ་ཡུག་ཀེ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་གི་སྟོབས་ཤུགས་ཆེ་རུ་བཏང་ཡོད། ཡུག་ཀེ་རེན་གྱིས་ཚུར་རྒོལ་བྱས་པར་གྲུབ་འབྲས་ཅི་ཡང་ཐོན་མ་སོང་། ལོ་འདིའི་ཕྱི་ཟླ་༦་པ་ནས་ཡུག་ཀེ་རེན་གྱི་དམག་གིས་ཚུར་རྒོལ་བྱས་པ་རེད། ཁོ་ཚོའི་འཐབ་འཁོར་༡༥༠༠་ལྷག་རྩ་གཏོར་བཏང་སྟེ་ཇུས་ཉེས་ཆེན་པོ་བྱུང་ཡོད་པར་མ་ཟད། ཡུག་ཀེ་རེན་གྱི་དམག་མི་བསད་རྨས་བསམ་ཡུལ་ལས་འདས་པ་ཞིག་འབྱུང་འདུག ཨུ་རུ་སུའི་དམག་གིས་འགོག་ར་བཙན་པོ་ཕྱི་རིམ་ནང་རིམ་བྱས་ནས་བརྒྱབ་ཡོད་པས་ཡུག་ཀེ་རེན་གྱི་དམག་དཔུང་མདུན་སྐྱོད་བྱེད་མི་ཐུབ། ཨུ་རུ་སུའི་དམག་མི་རྣམས་ཆེད་ལས་པ་དང་དཔའ་སྟོབས་ཞུམ་པ་མེད་པ། ཨུ་རུ་སུའི་དམག་གིས་རང་ས་བསྲུངས་ནས་ཕར་རྒོལ་བྱེད་ཐུབ་རྒྱུའི་གདེང་ཚོད་ཡོད་ཅེས་སྙན་སེང་ཞུས། ད་དུང་ཡང་ཡུག་ཀེ་རེན་གྱི་ས་ཆ་བརྒྱ་ཆ་༡༧་ཙམ་ཨུ་རུ་སུའི་དམག་གིས་བཟུང་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༠་པའི་ཚེས་༡༦་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་ཊ་ཊར་སི་ཐན་ས་གནས་སུ་ཨུ་རུ་སུའི་དམག་མིའི་བཟའ་མི་ཚོས་དྲྭ་ལམ་དུ་བརྙན་ཐུང་ཞིག་བཀྲམ། ཁོ་ཚོས་སྲིད་འཛིན་ཕུ་ཊིན་ལ་ཡུག་ཀེ་རེན་གྱི་དམག་ས་ཁག་ཏུ་འཐབ་འཁྲུག་རྒྱག་གི་ཡོད་པའི་ཊ་ཊར་སི་ཐན་གྱི་དམག་མི་རྣམས་རང་ཡུལ་དུ་ཕྱིར་འཐེན་བྱ་དགོས། ཊ་ཊར་སི་ཐན་ནས་དམག་མི་བསྡུས་ཏེ་ཡུག་ཀེ་རེན་ལ་བཏང་བ་ཕལ་ཆེ་བ་བསད་རྨས་བྱུང་ཞིང་། ང་ཚོའི་སྐྱེས་པ་རྣམས་དམག་འཁྲུག་ནང་དུ་བསད་པའི་གྱོད་གུད་དེ་ནམ་ཡང་གསབ་ཐབས་བྲལ། ང་ཚོ་ནི་ཨུ་རུ་སུའི་དམག་ཤོག་༡༢༣༤་པའི་དཔུང་ཁག་༢་པའི་དམག་མི་རྣམས་ཀྱི་གཉེན་ཚན་ཡིན། ང་ཚོས་སྲིད་འཛིན་ཕུ་ཊིན་ལ་ཊ་ཊར་སི་ཐན་གྱི་དམག་མིའི་རུ་ཤོག་དེ་སྐྱོབ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། འདས་པའི་ལོ་གཉིས་ཀྱི་རིང་དེར་ང་ཚོའི་རུ་ཤོག་དེ་ས་ཝ་ཊོ་ཝེ་ཕྱོགས་ཀྱི་མཐའ་མཚམས་སུ་དམག་འཁྲུག་ལ་ཞུགས། ཊ་ཊར་སི་ཐན་གྱི་དམག་མི་མང་ཆེ་བ་བསད་ཚར་སོང་། ད་ལྟ་དམག་མི་ལྷག་ལུས་རྣམས་ཀྱང་གསོད་རྒྱུ་ཉག་གཅིག་རེད། ང་ཚོར་ཉིན་ལྟར་དམག་མི་བསད་རྨས་བྱུང་བའི་གནས་ཚུལ་འབྱོར་གྱི་འདུག་ཅེས་སྡུག་སྐད་བརྒྱབ་པ་དྲྭ་ལམ་དུ་ཁྱབ།།

ཕྱི་ཟླ་༡༠་པའི་༡༤་ཉིན་ཨུ་རུ་སུའི་ཁཱན་ཊི་མ་སི་སི་ཀི་ས་གནས་ཀྱི་སྤྱི་ཁྱབ་ནཱ་ཊ་ལི་ཡ་ཀོ་མ་རོ་ཝས་ཨུ་རུ་སུར་གྲ་སྒྲིག་མེད་པར་ཁྱིམ་མཚེས་རྒྱལ་ཁབ་ཡུག་ཀེ་རེན་ལ་བཙན་འཛུལ་བྱས་པ་རེད། ང་ཚོས་དམག་འཁྲུག་དེ་རྒྱུན་འཁྱོངས་བྱ་དགོས་དོན་མེད། ཁྱེད་ཚོས་རང་གི་ཁྱོ་ག་ཚོར་མཚོན་ཆ་དང་འཐབ་འཁྲུག་གི་ཉེར་མཁོའི་ཡོ་བྱད་མེད་དོན་ཅི་རེད་ཅེས་ང་ལ་སྐད་ཆ་དྲིས་པ་རེད། ང་ནི་ས་གནས་ཀྱི་སྤྱི་ཁྱབ་ཡིན་པ་ལས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་མིན་ཞེས་ལན་བཏབ། ཨུ་རུ་སུའི་དམག་ཁོངས་སུ་བསྡུས་པའི་ཁཱན་ཊི་མ་སི་སི་ཀི་ས་གནས་ཀྱི་དམག་མིའི་ཆུང་མ་ཚོས་ས་གནས་ཀྱི་སྤྱི་ཁྱབ་ལ་འདྲི་རྩད་བྱས་པ་དང་ཁྱ་གོ་རྣམས་དམག་ས་ནས་ཕྱིར་འཐེན་བྱ་དགོས་ཞེས་གནོན་ཤུགས་སྤྲད། རྒྱལ་སྤྱིའི་དམག་འཁྲུག་ཞིབ་འཇུག་ཁང་གིས་ཊ་ཊར་སི་ཐན་གྱི་དམག་མིའི་གཉེན་ཚན་ཚོས་དྲྭ་ལམ་དུ་བརྙན་ཐུང་བཀྲམ་ནས་དམག་འཁྲུག་ལ་ངོ་རྒོལ་བྱས་པ་དང་ཨུ་རུ་སུའི་དམག་མིའི་ཆུང་མ་ཚོས་ཕུ་ཊིན་ལ་དམག་འཁྲུག་མཚམས་ཞོག་ཅེས་ཡིག་བྱང་ཁྱེར་ནས་ངོ་རྒོལ་བྱས་འདུག་ཅེས་སྙན་ཐོ་བཏོན།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་སོགས་ཡུག་ཀེ་རན་གྱི་རྒྱབ་སྐྱོར་བ་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དམག་འཁྲུག་མཇུག་མ་བསྒྲིལ་བར་དུ་ཡུག་ཀེ་རེན་ལ་མཚོན་ཆ་དང་འགྲོ་གྲོན་རོགས་རམ་སྤྲོད་རྒྱུའི་ཁས་ལེན་ཐོབ་མོད། འོན་ཀྱང་བདུན་ཕྲག་སྔོན་མ་ནས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་དམག་འཁྲུག་ལངས་པའི་རྗེས་སུ་ཡུག་ཀེ་རེན་གྱི་དམག་འཁྲུག་ལ་དོ་སྣང་ཆུང་དུ་སོང་། ཟླ་བ་འདིའི་མགོ་སྟོད་ནས་ཨི་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་རྙིང་ཞེན་མཁྲེགས་འཛིན་པ་ཚོས་གྲོས་ཚོགས་ཀྱི་ཚོགས་གཙོ་ལས་གནས་ནས་ཕྱུང་། ཉི་མ་༤༥་རིང་ཨ་རིའི་གཞུང་གི་འགྲོ་གྲོན་ཆོག་མཆན་བཀོད་པ་དེའི་ཁོངས་སུ་ཡུག་ཀེ་རེན་གྱི་དམག་དོན་རོགས་དངུལ་ཚུད་མེད་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཡུག་ཀེ་རེན་ལ་དམག་དོན་རོགས་དངུལ་ཆད་སྲིད་པའི་རྣམ་པ་ཞིག་ཐོན། གཟའ་ཉི་མའི་ཉིན་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་སུ་ལི་ཝན་གྱིས་ཡུག་ཀེ་རེན་ལ་རོགས་དངུལ་ཨ་སྒོར་དུང་ཕྱུར་༢༠་སྤྲོད་དགོས་ཞེས་གྲོས་ཚོགས་ལ་སྙན་སེང་ཞུ་འཆར་ཡོད་པའི་གླེང་མོལ་བྱས་འདུག

ཕྱི་ཟླ་༡༠་པའི་ཚེས་༡༤་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཡུག་ཀེ་རེན་ལ་དམག་དོན་རོགས་དངུལ་བཀག་པ་དང་དཀྱིལ་ཤར་ས་ཁུལ་དུ་དམག་འཁྲུག་ལངས་ཡོད་པ་ནི་ཡུག་ཀེ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་བློ་འཚབ་བྱ་དགོས་པ་ཞིག་རེད། བདུན་ཕྲག་འདིར་སྲིད་འཛིན་ཛེ་ལན་སི་ཀི་ནུབ་ཆིངས་ཀྱི་སྤྱི་ཁྱབ་བཀོད་འདོམས་ཁང་དུ་དངོས་སུ་བཅར་ནས་རྒྱལ་སྲུང་བློན་ཆེན་རྣམས་ལ་ཐུག་འཕྲད་གྲོས་མོལ་བྱས་པ་ནི་འཛམ་གླིང་ཧྲིལ་པོ་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་དམག་འཁྲུག་ལ་མགོ་འཁོར་ནས་ཡུག་ཀེ་རེན་གྱི་དམག་འཁྲུག་བརྗེད་སྲིད་པའི་ཉེན་ཁ་ཡོད་པའི་མཚོན་རྟགས་རེད། ཨ་རི་དང་ནུབ་ཆིངས་ཀྱི་འགོ་ཁྲིད་ཚོས་ཡུག་ཀེ་རེན་ལ་འཕྲལ་དུ་ཨ་སྒོར་དུང་ཕྱུར་༢༠་ཐམ་པ་དམག་དོན་རོགས་དངུལ་སྤྲོད་རྒྱུ་དང་ཡུག་ཀེ་རེན་གྱི་དམག་འཁྲུག་དེ་བརྗེད་མི་སྲིད་ཅེས་ཁག་ཐེག་བྱ་དགོས་པར་གྱུར། ལོ་རྗེས་མའི་ཨ་རིའི་སྲིད་འཛིན་འོས་འདེམས་སྐབས་སུ་ཇཱོ་བྷ་ཌན་ལ་བསྐྱར་དུ་འོས་བསྡུའི་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་སླར་ཡང་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་འབྱུང་རྒྱུ་ཡིན་མིན་རྣམས་ནི་ཡུག་ཀེ་རེན་ལ་དམག་དོན་རོགས་དངུལ་མཚམས་མ་ཆད་པར་འཐོབ་རྒྱུ་ཡིན་མིན་བཅས་ལ་འབྲེལ་བ་དམ་ཟབ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG