ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་དང་ཨུ་རུ་སུའི་ས་མཚམས་སུ་ཏོག་དབྱིབས་ནད་དུག་བསྐྱར་ལོག


༄༅།། རྒྱ་ནག་གི་བྱང་ཤར་ཕྱོགས་སུ་ཆགས་པའི་ཧེ་ལུང་ཅང་ཞིང་ཆེན་ལ་ཏོག་དབྱིབས་རིམས་ནད་བསྐྱར་ལོག་བརྒྱབ་སྟེ་རུ་སུ་དང་རྒྱ་ནག་གི་ས་མཚམས་ནི་ཏོག་དབྱིབས་རིམས་ནད་བཀག་སྡོམ་གྱི་དམག་ས་གསར་པ་ཞིག་ཏུ་གྱུར། ཁ་སང་གཟའ་ཉི་མའི་ཉིན་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༠༨་བྱུང་བ་དང་དེའི་སྔ་ཉིན་དེར་ནད་པ་གསར་པ་༩༩་བྱུང་སོང་། འདི་ནི་ཕྱི་ཟླ་༣་པའི་ཚེས་༥་ནས་བཟུང་སྟེ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གི་ནད་པ་གསར་པ་བྱུང་བ་ཆེས་མང་ཤོས་ཡིན། དུས་ཡུན་བདུན་ཕྲག་༦་གི་རིང་དུ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་བརྒྱ་ཆ་༩༠་ལྷག་ཕྱི་ལོགས་ནས་ནང་ཁྱབ་བྱུང་བ་སྟེ། མི་རྣམས་ཕྱི་རྒྱལ་ནས་ཡོང་གི་ཡོད་པ་དེ་དག་བརྒྱུད་ནས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགྲོ་བཞིན་འདུག་ཅེས་བསྒྲགས། རྒྱ་ནག་གཞུང་གིས་རྒྱལ་ནང་གི་ཏོག་དབྱིབས་རིམས་ནད་བཀག་སྡོམ་བྱས་པའི་རྗེས་སུ་དཔལ་འབྱོར་སླར་གསོ་འབྱུང་ཐབས་ལརྒྱལ་ནང་གི་འགྲིམ་འགྲུལ་དང་ཚོང་ལས་སྒོ་འབྱེད། རྒྱལ་མཚམས་ཀྱི་དམ་དྲག་ཁག་ཀྱང་རིམ་བཞིན་ལྷུག་ཡངས་གཏོང་གྲབས་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་ལ་ཕྱི་ལོགས་ཀྱི་ཏོག་དབྱིབས་ནད་དུག་ནང་ཁྱབ་བྱུང་སྟེ་རིམས་ནད་ཁྱབ་གདལ་གྱི་རྦ་རླབས་གཉིས་པ་ཞིག་འཕྱུར་སྲིད་པའི་འཇིགས་སྣང་ཡོང་གི་ཡོད་པ་རེད།།

ཧེ་ལུང་ཅང་ཞིང་ཆེན་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་བརྒྱ་ཆ་༩༨་རྒྱ་ནག་གི་སྤྱི་དམངས་རྣམས་ཨུ་སུ་རུའི་རྒྱང་ཤར་ཕྱོགས་སུ་ཡུལ་སྐོར་སྤྲོ་འཆམ་ལ་སོང་སྟེ་རང་ཡུལ་དུ་ཕྱིར་ལོག་བྱས་པའི་རྗེས་སུ་རིམས་ནད་བགོ་ཁྱབ་གཏོང་གི་ཡོད་ཅིང་། སུའི་ཧྥེན་ཧེ་གྲོང་ཁྱེར་གྱི་ཡུལ་མི་རུས་མིང་ཀྲུའུ་ཞེས་པ་ཞིག་གིས་ང་ཚོས་རང་གི་གྲོང་རྡལ་ཆུང་ཆུང་འདི་བདེ་འཚམས་ཆེ་ཤོས་དང་ནད་ཡམས་ཁྱབ་འགོས་འབྱུང་མི་ཐུབ་ས་དེ་ཡིན་བསམས་མྱོང་། རྒྱ་ནག་གི་སྤྱི་དམངས་ཁག་ཅིག་རང་ཡུལ་ལ་ཕྱིར་ལོག་བྱེད་ཀྱི་ཡོད་པ་བསམ་ཤེས་མ་ཐུབ་པ་ཞིག་རེད། ཁོ་ཚོ་འདིར་ཡོང་ནས་ཅི་ཞིག་བྱ་རྩིས་ཡོད་དམ་ཞེས་གསར་འགོད་པར་བཤད། ཨུ་རུ་སུའི་གཞུང་གིས་རྒྱ་ནག་གི་སྤྱི་དམངས་རྣམས་སྐྱོབ་ལེན་བྱེད་པའི་གནམ་གྲུ་ཁག་མ་གཏོགས་རྒྱ་ནག་ལ་མཁའ་ལམ་བཀག དེར་བརྟེན་ཨུ་རུ་སུ་ལ་སྤྲོ་འཆམ་དུ་སོང་བའི་རྒྱ་ནག་གི་སྤྱི་དམངས་ཕོན་ཆེ་ཞིག་ཧེ་ལུང་ཅང་ཞིང་ཆེན་བརྒྱུད་ནས་རང་ཡུལ་ལ་ཕྱིར་ལོག་བྱེད་ཀྱི་ཡོད་པར་བརྟེན། སུའི་ཧྥེང་ཧེ་གྲོང་ཁྱེར་ལ་འགྲིམ་འགྲུལ་བཀག་པའི་སྟབས་ཀྱིས་གཟའ་ཉི་མའི་ཉིན་གྲོང་ཁྱེར་དེའི་རྒྱ་ལམ་དང་སྲང་ལམ་ཁག་སྟོང་ལྷང་ངེར་གྱུར་། གཟའ་འཁོར་སྔོན་མ་ནས་གྲོང་ཁྱེར་དེར་ཝུ་ཧན་ལ་ལག་ལེན་བསྟར་པ་ཇི་བཞིན་མི་ཚོགས་འདུ་འཛོམས་བྱེད་མི་ཆོག་པའི་བཀག་རྒྱ་བསྡམས། ་སང་གཟའ་ཉི་མ་བར་དུ་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༨༢༡༦༠་བྱུང་སོང་། ཕྱི་ཟླ་༢་པའི་ཚེས་༡༢་ཏེ། རིམས་ནད་ཁྱབ་གདལ་གྱི་ངར་སྒང་དེར་ཉི་མ་གཅིག་ལ་ནད་པ་གསར་པ་༡༥༠༠༠་བྱུང་མྱོང་། དེ་ནས་བཟུང་སྟེ་རྒྱ་ནག་ལ་རིམས་ནད་ཁྱབ་གདལ་གྱི་ངར་ཤུགས་ཆག་འགོ་བརྩམས་སོང་། ཕྱི་ཟླ་༣་པའི་ཚེས་༡༢་ནས་རྒྱ་ནག་ལ་ཕྱི་ལོགས་ཀྱི་ནད་དུག་ནང་ཁྱབ་འབྱུང་རྒྱུ་ཇེ་མང་དུ་ཕྱིན་སོང་ཞེས་ཁྱབ་བསྒྲགས་བྱས་འདུག


ད་ལྟ་ཨུ་རུ་སུའི་རྒྱལ་ཡོངས་སུ་མི་༡༨༣༢༨ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༡༣༠་ལྷག་ཤི་སྟེ་ནད་ཡམས་བཀག་སྡོམ་གྱི་དམ་དྲག་ཤུགས་ཆེ་རུ་བཏང་འདུག དེ་རིང་གཟའ་ཟླ་བའི་ཉིན་ཨུ་རུ་སུར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསརཔ་༢༥༥༨་བྱུང་ཡོད་པས་རྒྱལ་ས་མོ་སི་ཀོའི་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་ཕྱི་ཟླ་༤་པའི་ཚེས་༡༣་ནས་ཚེས་༡༩་བར་དུ་འགྲོ་འོང་བཀག་སྡོམ་བྱ་རྒྱུའི་བཀའ་བསྒྲགས་ཡོད་པར་མ་ཟད། ཡེ་ཤུའི་ཆོས་སྡེ་ཁག་གི་མཁན་བླ་རྣམ་པ་ཚོས་ཀྱང་སྟོན་པ་ཡེ་ཤུའི་འདས་ལོག་དུས་ཆེན་གྱི་བྱེད་སྒོ་མཐའ་དག་མཚམས་འཇོག་བྱ་དགོས་ཞེས་གདམས། དེས་ན་ཨུ་རུ་སུའི་ས་མཚམས་སུ་ཁེལ་བའི་རྒྱ་ནག་གི་གྲོང་ཁྱེར་དང་གྲོལ་རྡལ་ཁག་གིས་ཀྱང་ས་མཚམས་ཀྱི་འགྲིམ་འགྲུལ་དམ་དུ་བཏང་སྟེ་ནད་རྟགས་ཐོན་པ་རྣམས་ཟུར་འགོག་བྱ་རྒྱུ་འགོ་ཚུགས། ཧེ་ལུང་ཅང་ཞིང་ཆེན་གྱི་རྒྱལ་ས་ཧར་བྷིན་དང་སུའི་ཧྥེན་ཧེ་གྲོང་ཁྱེར་སོགས་ཀྱིས་ཕྱི་རྒྱལ་ནས་ཡོང་བའི་མི་ལ་བརྟག་དཔྱད་བྱས་ནས་ནད་རྟགས་ཐོན་མཁན་རྣམས་ཉུང་མཐར་ཡང་ཉི་མ་༢༨་ལ་ཟུར་འགོག་བྱ་རྒྱུའི་ཐག་བཅད། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གྱི་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པ་ཀྲེང་ཅིན་ཞེས་པ་ཞིག་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཕྱི་ཟླ་༤་པའི་ཚེས་༡༠་ཉིན་མོ་སི་ཀོ་ནས་ཨུ་རུ་སུའི་མཁའ་ལམ་གནམ་གྲུ་ཨང་རྟགས་སཱུ་༢༠༨་རྟགས་ཅན་ཞིག་ཧྲང་ཧེ་གྲོང་ཁྱེར་ལ་འབྱོར་བ་དེའི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༦༠་འདུག་ཅེས་བཤད། པེ་ཅིང་གྲོང་ཁྱེར་གྱི་ནད་རིགས་སྔོན་འགོག་ཁང་གི་འགན་འཛིན་གཞོན་པ་པཱང་ཞཱིང་ཧུག་གིས་ཀྱང་པེ་ཅིང་ལ་རྒྱལ་ནང་ནས་ནད་དུག་འགོས་ཁྱབ་བྱུང་བའི་ནད་པ་མང་པོ་མི་འདུག ཕྱི་ཟླ་༤་པའི་མར་ངོའི་རིང་དུ་པེ་ཅིང་ལ་ཕྱི་ལོགས་ཀྱི་ནད་དུག་ནང་ཁྱབ་འབྱུང་རྒྱུའི་ཉེན་ཁ་ཆེན་པོ་འདུག ཕྱི་ཟླ་༤་པའི་ཚེས་༡་ནས་པེ་ཅིང་གྲོང་ཁྱེར་གཞུང་གིས་མི་༤༠༠༠༠་ཡས་མས་ཤིག་ལ་རྟག་དཔྱད་བྱས་པའི་བརྒྱ་ཆ་༨་མ་ཟིན་ཙམ་ཞིག་ཕྱི་རྒྱལ་ནས་ཡོང་བ་རྣམས་རེད་ཅེས་བཤད་འདུག

རྒྱ་ནག་གི་འགག་སྒོའི་ལས་སྣེ་ལིའུ་ཧེ་ཐའོ་ཞེས་པ་ཞིག་གིས་ང་ཚོས་ས་མཚམས་བརྒལ་ནས་དགོས་ངེས་མིན་པའི་འགྲུལ་བཞུད་བྱ་རྒྱུ་བརྒྱ་ཆ་༩༠་ལྷག་བཀག་ཡོད། ང་ཚོའི་རྒྱལ་མཚམས་ནི་ཧ་ཅང་གི་རིང་པོ་ཞིག་ཡིན་པས་ས་མཚམས་ཀྱི་འགག་སྒོ་ཁག་མིན་པའི་རི་ལུང་གི་རྐང་ལམ་དང་གྲུ་ཁ། རྒྱ་ལམ་ཆུང་ཁག་མང་པོ་ཞིག་ཡོད་པས་མགོ་ཉོག་ཆེན་པོ་ཞིག་འདུག་ཅེས་བཤད། སུའི་ཧྥེན་ཧེ་གྲོང་ཁྱེར་གྱི་ཡུལ་མི་ཁག་ཅིག་རིམས་ནད་ལ་གཡོལ་བར་བྲོས་བྱོལ་དུ་སོང་། ཡུལ་མི་འགའ་ཤས་ཀྱིས་ས་གནས་གཞུང་གིས་རིམས་ནད་བཀག་སྡོམ་བྱེད་ཐུབ་པའི་རེ་བ་འཆང་ནས་རང་གནས་སུ་བསྡད། ཀྲའོ་ཝེ་ཞེས་པའི་ཡུལ་མི་ཞིག་གིས་ངས་སེམས་ཁྲལ་བྱེད་དགོས་དོན་མེད། གལ་སྲིད་གྲོང་ཁྱེར་འདིར་ས་གནས་སུ་འགོས་ཁྱབ་བྱུང་བའི་ནད་པ་ཡོད་ན་འཛེམ་ཟོན་བྱ་དགོས། ད་སྔ་ས་གནས་ནས་ནད་དུག་འགོས་ཁྱབ་བྱུང་བའི་ནད་པ་གཅིག་ཀྱང་མི་འདུག ནད་པ་ཚང་མ་ཕྱི་རྒྱལ་ལ་ཕྱིན་ནས་ནད་དུག་འགོས་པ་ཤ་སྟག་རེདཁོ་ཚོ་ཚང་མ་ཟུར་འགོག་བྱས་འདུག་ཅེས་བཤདསྔ་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཅིག་ཁྱབ་གདལ་ཕྱིན་ནས་བཟུང་། ཕྱི་ཟླ་༤་པའི་ཚེས་༡༣་གྱི་སྔ་དྲོ་བར་དུ་ཨ་མི་རི་ཀ་གཅིག་པུར་ཏོག་དབྱིབས་ནད་དུག་གིས་མི་༢༢༡༡༦་ལ་འཆི་སྐྱོན་དང་མི་༥༥༧༦༦༣ལ་ནད་མནར་བྱུང་། འཛམ་གླིང་ཡོངས་སུ་མི་༡༨༦༤༦༢༩་ལ་ནད་དུག་འགོས་པ་དང་མི་༡༡༥༢༨༦་ལ་འཆི་སྐྱོན་བྱུང་འདུག

འདི་ཙམ་ན་རྒྱ་ནག་གི་སློབ་ཆེན་གཉིས་ཀྱི་དྲྭ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཉམས་ཞིབ་མཁས་པ་ཚོར་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཞིབ་འཇུག་བྱེད་མི་ཆོག་ཅེས་བཀོད་ཁྱབ་བཏང་མོད། འོན་ཀྱང་ད་ལྟ་རྒྱ་ནག་གི་སློབ་ཆེན་དེ་དག་གི་དྲྭ་ཚུགས་སུ་བཀོད་པའི་གཞུང་གི་བཀོད་ཁྱབ་ནག་སུབ་བཏང་འདུག རྒྱ་གཞུང་གི་བཀོད་ཁྱབ་སྲིད་ཇུས་དེར་སློབ་ཆེན་དང་ཉམ་ཞིབ་པ་ཚོས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་དེ་ཚོར་ངེས་པར་དུ་སྲིད་གཞུང་གིས་ཞིབ་འཇུག་བྱས་ནས་ཆོག་མཆན་མ་བཀོད་པར་འགྲེམ་སྤེལ་བྱེད་མི་ཆོག་ཅེས་བཀོད། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་རྩོད་གླེང་ཆེན་པོ་འབྱུང་བཞིན་པ་དང་རྒྱ་ནག་གཞུང་གིས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་ཞིག་ཕྱིར་བསྒྲགས་བྱས་པར་དོགས་སློང་ཆེན་པོ་བྱེད་ཀྱི་ཡོད་པའི་སྐབས་སུ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་ཕྱོགས་དེར་དམ་དྲག་བྱེད་ཀྱི་ཡོད་པ་ཅིང་། ཨ་མི་རི་ཀའི་གསང་བའི་ལས་ཁང་གིས་ཤེས་རྟོགས་བྱུང་བ་དང་རྒྱ་ནག་གི་མཁས་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པར་གཞིགས་ན། ད་ཐེངས་ཀྱི་ཏོག་དབྱིབས་ནད་དུག་གིས་རྒྱ་ནག་གཅིག་པུར་མི་༢༡༠༠༠༠༠༠་ཡས་མས་ཤིག་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་སྤེལ་འདུག

XS
SM
MD
LG