ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༥/༢༣

ཡུཀ་རེན་གྱི་དམག་འཁྲུག་གི་ཨུ་རུ་སུའི་སྤྱི་ཁྱབ་བཀོད་འདོམས་པ་གསར་པ། 


༄༅།། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་བཟུང་། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་དང་དམག་སྤྱི་བཅས་དམག་དཔོན་༩་ཡི་ཚེ་སྲོག་ཤོར། ཨུ་རུ་སུའི་དམག་མི་༡༩༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་བྱུང་སྟེ་ཕམ་ཉེས་ཆེན་པོ་བྱུང་། གཟའ་མཇུག་དེར་ཕུ་ཊིན་གྱིས་ཡུཀ་རེན་གྱི་དམག་འཁྲུག་གི་སྤྱི་ཁྱབ་བཀོད་འདོམས་པ་དེར་དམག་སྤྱི་གསར་པ་ཞིག་བསྐོ་བཞག་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༡༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༦༠་ཐམ་པར་སོན་པའི་དམག་སྤྱི་ཨ་ལིཀ་ཛན་ཌར་ཌོ་ཝོར་ཎི་ཀོབ་སྟེ། ཨུ་རུ་སུའི་དམག་སྤྱི་ཆེས་གདུག་རྩུབ་ཅན་དང་དམག་འཁྲུག་གི་ཉམས་མྱོང་གང་ལེགས་ཡོད་པ་ཞིག་ཡུཀ་རེན་གྱི་དམག་འཁྲུག་གི་སྤྱི་ཁྱབ་བཀོད་འདོམས་པ་གསར་པར་བསྐོ་བཞག་བྱས་ཡོད་ཅིང་། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་དམག་སྤྱི་ཌོ་ཝོར་ཎི་ཀོབ་ལ་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སི་རི་ཡའི་ཞི་བའི་མི་མང་དམར་གསོད་བྱས་པའི་ནག་ཉེས་ཆེན་པོ་ཡོད་པ་རེད་ཅེས་བཤད། ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་གྱིས་དམག་སྤྱི་གསར་པ་གང་འདྲ་ཞིག་བསྐོ་བཞག་བྱས་ཀྱང་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་སུས་ཀྱང་བསྙོན་ཐབས་མེད། དམག་སྤྱི་འདི་ཡང་ཡུཀ་རེན་མི་དམངས་ཀྱི་སྟེང་དུ་གདུག་རྩུབ་ཅན་དང་ནག་ཉེས་ཅན་ཞིག་ལ་འགྱུར་ཤས་ཆེ། ངས་སྔོན་ནས་བཤད་པ་ལྟར་ཨ་མི་རི་ཀས་གང་ཐུབ་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱས་ནས་དམག་སྤྱི་དེའི་བཀོད་འདོམས་འོག་གི་དམག་དཔུང་ལ་འཐབ་རྒོལ་བྱེད་དུ་འཇུག་རྒྱུའི་སེམས་ཐག་བཅད་ཡོད་ཅེས་བསྒྲགས།།

སི་རི་ཡའི་ནང་འཁྲུག་སྐབས་སུ་ཨུ་རུ་སུའི་དམག་གིས་སྲིད་འཛིན་ཨ་ས་ཐེའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཤིང་། དམག་སྤྱི་ཌོ་ཝོར་ཎི་ཀོབ་ཀྱིས་ཨུ་རུ་སུའི་དམག་དཔུང་ཁྲིད་ནས་སི་རི་ཡའི་ནང་འཁྲུག་ལ་ཞུགས་ཏེ་གོ་གནས་འཕར། ཁོ་པ་༡༩༨༢་ལོར་ཨུ་རུ་སུའི་རྐང་དམག་རུ་ཁག་ཅིག་གི་བརྒྱ་དཔོན་དུ་བསྐོས་པ་དང་ཆེ་ཆི་ཎི་ཡའི་དམག་འཁྲུག་ཐེངས་གཉིས་པར་ཞུགས། ༢༠༡༥་ལོར་སི་རི་ཡར་འགྲེམ་འཇོག་བྱས་པའི་ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པར་བསྐོ་བཞག་མ་བྱུང་བར་དུ་གོ་གནས་ཐེངས་འགའ་ཞིག་འཕར། དམག་དཔོན་ཌོ་ཝོར་ཎི་ཀོབ་ཀྱི་བཀོད་འདོམས་འོག་ཏུ་སི་རི་ཡའི་གྱེན་ལོག་འཐབ་མོ་བ་རྣམས་དང་མི་མང་དཀྱུས་མར་དབྱེ་བ་མེད་པར་གཏོར་རྒོལ་བྱས་ནས་སི་རི་ཡའི་གྲོང་དང་གྲོང་རྡལ་མང་པོ་ཐལ་བའི་རྡུལ་དུ་བརླགས། ཁོ་པས་སྐབས་འགར་མི་ཚོགས་ཁྲོད་དུ་ལྕགས་ཟོན་འབར་མདེལ་གཡུགས་དགོས་པའི་བཀའ་ཕབ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་བཅུའི་སི་རི་ཡའི་ནང་འཁྲུག་སྐབས་སུ་ཞི་བའི་མི་མང་འབུམ་༣་དང་ཕྱེད་ཀ་ལྷག་བསད་འདུག་ཅེས་གྲངས་ཐོ་བཏོན། ༢༠༡༦་ལོར་སྲིད་འཛིན་ཕུ་ཊིན་གྱིས་དམག་སྤྱི་ཌོ་ཝོར་ཎི་ཀོབ་ལ་ཨུ་རུ་སུའི་དཔའ་བོའི་རྟགས་མ་སྤྲད། ཏུར་ཀི་རྒྱལ་ཁབ་ལ་མགོ་བཏགས་ཞུས་པའི་སི་རི་ཡའི་མདའ་དཔོན་ཨལ་བྷ་ཡོ་ཤཱི་ཟེར་བ་ཞིག་གིས་མཉམ་འབྲེལ་གསར་ཁང་ལ་བཤད་པ་ལྟར་ན། དམག་སྤྱིའི་ཌོ་ཝོར་ཎི་ཀོབ་ཡུཀ་རེན་གྱི་དམག་འཁྲུག་གི་སྤྱི་ཁྱབ་བཀོད་འདོམས་པར་བསྐོ་བཞག་བྱས་པ་ནི་ཨུ་རུ་སུའི་དམག་གིས་ཕྱོགས་ཡོངས་ནས་འཐབ་འཁྲུག་ཤུགས་ཆེ་རུ་གཏོང་རྒྱུ། ཡུཀ་རེན་གྱི་ཞི་བའི་མི་དམངས་དང་དམག་ལ་ཁྱད་པར་མེད་པར་གཏོར་རྒོལ་བྱ་རྒྱུའི་རྟགས་མཚན་རེད། ཁོ་པས་སི་རི་ཡའི་ས་ཐོག་ཏུ་ལག་ལེན་བསྟར་པའི་འཐབ་ཇུས་དེ་ཡུཀ་རེན་ལ་ལག་ལེན་བསྟར་ནས་གྲོང་དང་གྲོང་རྡལ་རྣམས་ཐལ་བའི་རྡུལ་དུ་གཏོང་རྒྱུའི་ཉེན་ཁ་ཆེ། ཁོ་པར་དེའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་དམག་དཔུང་བཀོད་འདོམས་པ་འདི་དམག་འཁྲུག་གི་ནག་ཉེས་བསགས་ཡོད་པ་ཞིག་རེད་ཅེས་ཁ་པར་བརྒྱུད་ནས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཇཱེན་ས་ཀིས་ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པར་འཕོ་འགྱུར་བཏང་བ་དང་། སི་རི་ཡའི་དམག་ས་ཁག་ཏུ་གདུག་རྩུབ་དྲག་པོ་བཀོལ་མྱོང་བའི་དམག་སྤྱི་ཞིག་ཡུཀ་རེན་གྱི་དམག་འཁྲུག་གི་སྤྱི་ཁྱབ་བཀོད་འདོམས་པར་བསྐོ་བཞག་བྱས་པ་ནི་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ས་ཐོག་ཏུ་མི་གསོད་ཁྲག་སྦྱོར་ཚབས་ཆེན་ཞིག་བྱེད་ཀྱི་ཡོད་པ་རྒྱུན་འཁྱོངས་བྱ་རྒྱུའི་རྟགས་མཚན་རེད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་ལེན་མ་ཐུབ་པའི་རྗེས་སུ་རྒྱལ་ཁབ་དེའི་ཤར་ཕྱོགས་སུ་ཆགས་པའི་ཁ་བྲལ་གྱེན་ལོག་པའི་ཌོན་བྷ་སི་མངའ་ཁུལ་ལ་དམག་དཔུང་བཀྲམ། ཤར་ཕྱོགས་གྱེན་ལོག་པའི་མངའ་ཁུལ་དུ་ཡུཀ་རེན་གྱི་དམག་དཔུང་མཐའ་བསྐོར་ནས་འཐབ་འཁྲུག་རྒྱག་རྒྱུའི་དམག་གྲ་སྒྲིག་གི་ཡོད་མོད། འོན་ཀྱང་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་དྲག་པོ་བྱས་ནས་རྒྱལ་ཁ་ཐོབ། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་རྒྱབ་སྐྱོར་སྤྲོད་ནས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། ཨུ་རུ་སུའི་དམག་དཔུང་རྣམས་དཔའ་ཞུམ་སྟེ་གཉའ་ཆག་ཡོད་པ་བཅས་ཀྱིས་ཕུ་ཊིན་ལ་ཡུཀ་རེན་གྱི་ཤར་ཕྱོགས་སུའང་རྒྱལ་ཁ་འཐོབ་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། མཉམ་འབྲེལ་གསར་ཁང་གི་བཅར་འདྲིའི་སྐབས་སུ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཞི་བའི་གྲོས་མོལ་བྱས་ནས་དམག་འཁྲུག་མཇུག་བསྡུ་ཐུབ་རྒྱུའི་རེ་བ་འཆང་གི་ཡོད། ཡིན་ནའང་དོན་དངོས་སུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་གྲོས་མོལ་བྱེད་མ་ཐུབ་པར་ཡུཀ་རེན་དང་ཨུ་རུ་སུའི་དམའ་རིམ་ལས་སྣེ་ཚོས་གྲོས་མོལ་བྱེད་ཀྱི་ཡོད་པ་དེར་འཕྲལ་དུ་གྲུབ་འབྲས་ཤིག་ཐོན་རྒྱུ་ཁག་པོ་འདུག ཡུཀ་རེན་ཤར་ཕྱོགས་སུ་དམག་འཁྲུག་མ་ལངས་གོང་དེར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་གང་མང་ཞིག་མགྱོགས་ནས་མྱུར་དུ་རོགས་རམ་སྤྲོད་དགོས་ཞེས་བསྐྱར་དུ་འབོད་སྐུལ་ཞུས།།

ཡུཀ་རེན་གྱི་དམག་འཁྲུག་ལངས་པའི་རྗེས་སུ་ཨུ་རུ་སུའི་ན་གཞོན་ཆེད་ལས་པ་དང་ཤེས་ཡོན་ཅན། ཚོང་པ་སོགས་རྒྱལ་ཁབ་གཞན་ལ་གནས་སྤོར་བྱས་ནས་ཨུ་རུ་སུར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད་པ་དེའི་ཐོག་ཏུ་རྒྱལ་ནང་གི་ལག་རྩལ་བ་རྣམས་ཕྱི་ལ་ཤོར་ཏེ་ཡུན་རིང་གི་དཀའ་ངལ་ཞིག་འཕྲད་རྒྱུའི་རྟགས་མཚན་མངོན། ཕྱི་ཟླ་༤་པའི་ཚེས་༡༡་ཉིན་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འཇོར་ཇཱི་ཡ་དང་ཨར་མཱི་ཎི་ཡ། ཏུར་ཀི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྤོར་བྱེད་བཞིན་པའི་ཨུ་རུ་སུའི་ཤེས་ཡོན་ཅན་དེ་དག་གི་གྲས་སུ་ཚན་རིག་པ་དང་འཕྲུལ་རིག་ལག་རྩལ་བ། དངུལ་ཁང་གི་བདག་པོ་དང་སྨན་པ། དཔལ་འབྱོར་རིག་པ་བ་སོགས་འདུས། ཕྱི་ཟླ་༣་པའི་ཟླ་དཀྱིལ་དེར་ཨུ་རུ་སུའི་ཁེ་ལས་མིན་པའི་རོགས་ཕན་ཚོགས་པ་ཞིག་གིས་ཕྱི་ཟླ་༢་པའི་ཟླ་མཇུག་ནས་ཨུ་རུ་སུའི་ཆེད་ལས་པ་འབུམ་༣་ལྷག་རྒྱལ་ཁབ་གཞན་ལ་ཕྱིན་ཚར་འདུག་ཅེས་གཞི་གྲངས་བཀོད་ཡོད་པར་མ་ཟད། ཉམས་ཞིབ་པ་ཁག་ཅིག་གིས་༢༠༢༠་ལོ་གཅིག་པུར་ཨུ་རུ་སུ་བ་འབུམ་༥་ལྷག་ཕྱི་རྒྱལ་ལ་ཕྱིན་འདུག ཧྥ་རན་སིའི་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཨེ་ལི་ན་རི་བྷ་ཀོ་ཝས་ཨུ་རུ་སུ་ནས་ཕྱི་ལ་འགྲོ་མཁན་དང་འགྲོ་འཆར་ཡོད་པ་རྣམས་ན་གཞོན་ཤེས་ཡོན་ཅན་ཚོ་རེད། ཁོ་ཚོ་མེད་པར་གྱུར་ན་ཨུ་རུ་སུའི་ཤེས་ཡོན་ཅན་གྱི་ངལ་རྩོལ་བ་རྣམས་མེད་པར་གྱུར་པ་རེད་ཅེས་བསྟན། ཡུ་རོབ་ཀྱི་འཛུགས་སྐྲུན་དང་ཡར་རྒྱས་དངུལ་ཁང་གིས་ལོ་འདིར་ཨུ་རུ་སུའི་དཔལ་འབྱོར་བརྒྱ་ཆ་༡༠་ལྷག་ཉམས་རྒུད་འགྲོ་རྒྱུའི་སྔོན་དཔག་བྱས་འདུག དེས་ན་ཟླ་བ་སྔོན་མར་ཕུ་ཊིན་གྱིས་ན་གཞོན་པ་འཕྲུལ་རིག་ལག་རྩལ་བ་རྣམས་རྒྱལ་ནང་དུ་འགོག་ཐབས་སུ་དམག་ཁྲལ་རྒྱུག་མི་དགོས་ཞེས་བཀའ་རྒྱ་ཞིག་ལ་མིང་རྟགས་བཀོད།།

ས་ཤ་ཁ་ཛི་ལོ་ཞེས་པའི་ཁེ་ལས་པ་ཞིག་གིས་དམག་འཁྲུག་མ་ལངས་སྔོན་དེར་ངས་ཨུ་རུ་སུར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་ངེས་རེད། ང་ཚོའི་བཟོ་ཚོང་ཁང་ཨུ་རུ་སུ་བཙུགས་ནས་ཚོང་ལས་གཉེར་ཐུབ་རྒྱུ་རེད་སྙམ་པའི་འཁྲུལ་སྣང་ཞིག་ཤར་མྱོང་། ད་ནས་ཨུ་རུ་སུར་ཚོང་ལས་གཉེར་ཐུབ་རྒྱུའི་རེ་ཐག་ཆད་སོང་ཞེས་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་གནས་སྤོས་བྱས་འདུག དེ་བཞིན་ཨན་ཌི་རེ་པ་ནོབ་ཞེས་པའི་ཨུ་རུ་སུའི་མཁའ་ལམ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པའང་ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་ཉིན་བཅུའི་རྗེས་སུ་རང་ཡུལ་དང་བྲལ་ཏེ་ཨི་སི་རལ་ལ་སྤོས། ཁོ་པས་ཨུ་རུ་སུའི་གཞུང་གཉེར་མཁའ་ལམ་ལས་ཁུངས་སུ་མདུན་ལམ་མི་འདུག ཨུ་རུ་སུ་བདུན་ཕྲག་གཅིག་གི་ནང་དུ་རྦད་དེ་འགྱུར་ལྟོག་ཐེབས་སོང་ཞེས་རྒྱུ་མཚན་བགྲངས། ཨུ་རུ་སུའི་འཕྲུལ་རིག་ལག་རྩལ་ཁང་གི་སྤྱི་ཁྱབ་འགན་འཛིན་ཨེ་ལི་ན་བྷུ་ཎི་ན་ཞེས་པ་ཞིག་གིས་ང་ནི་རང་གི་ཁྱིམ་མཚེས་རྒྱལ་ཁབ་ལ་བཙན་འཛུལ་བྱེད་མཁན་རྒྱལ་ཁབ་ཅིག་ཏུ་ནམ་ཡང་འཚོ་གནས་བྱེད་ཐུབ་ས་མ་རེད་ཅེས་ཨི་སི་རལ་ལ་སྤོས། ཨ་རིའི་ཆི་ཁ་གྷོ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཀོན་སི་ཊན་ཊིན་ན་ནིན་གྱིས་དེང་སྐབས་ཨུ་རུ་སུའི་ཤེས་ཡོན་ཅན་རྣམས་ཕྱི་ལ་གནས་སྤོར་གྱི་ཡོད་པའི་གྲངས་འབོར་ནི་ལོ་༡༠༠་ལྷག་གི་ནང་དུ་བྱུང་མྱོང་མེད་པ་ཞིག་རེད་ཅེས་བཀྲལ། ཨུ་རུ་སུས་ཡུཀ་རེན་ལ་དམག་བརྒྱབ་ནས་ཟླ་བ་གཅིག་གི་ནང་ཚུད་དུ་ཨུ་རུ་སུའི་ཤེས་ཡོན་ཅན་དང་ལག་རྩལ་བ་ཁྲི་ཚོ་༥་ཨར་མཱི་ཎི་ཡར་སོང་བ་དང་བཟོ་ཚོང་ལས་ཁུངས་༢༥༠་རྒྱལ་ཁབ་དེར་བཙུགས། ཕྱི་ཟླ་༣་པའི་ཚེས་༢༦་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཨུ་རུ་སུའི་ཤེས་ཡོན་ལག་རྩལ་ཅན་རྣམས་ཕྱི་ལ་ཤོར་བའི་གྲངས་འབོར་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བཤད། ཨུ་རུ་སུ་བ་༢༣༠༠༠༠་ལྷག་གིས་ངོ་དེབ་ནང་དུ་ཕྱི་ལ་འགྲོ་རན་རེད་ཅེས་ཚོགས་པ་ཞིག་བཙུགས་ནས་ཕྱི་རྒྱལ་ལ་མཁའ་ལམ་བརྒྱུད་ནས་ཐར་ཐབས་དང་ཐོངས་མཆན་རག་ཐབས། དངུལ་སྒོར་ཕྱི་ལ་གཏོང་ཐབས་བཅས་པར་གྲོས་སྡུར་བྱས་ནས་ཨུ་རུ་སུར་འདུག་རྩིས་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG